Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཡ་མ་རཱ་ཙའི་སྒོ་ནས་དགྲ་བགེགས་བསྒྲལ་བའི་ལས་མཐའ་བསྒྲལ་ལས་མཚོན་ཆའི་བུ་ཡུག
   
   
   


 
previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཡ་མ་རཱ་ཙའི་སྒོ་ནས་དགྲ་བགེགས་བསྒྲལ་བའི་ལས་མཐའ་བསྒྲལ་ལས་མཚོན་ཆའི་བུ་ཡུགnext

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཡ་མ་རཱ་ཙའི་སྒོ་ནས་དགྲ་བགེགས་བསྒྲལ་བའི་ལས་མཐའ་བསྒྲལ་ལས་མཚོན་ཆའི་བུ་ཡུག


CMR013_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཡ་མ་རཱ་ཙའི་སྒོ་ནས་དགྲ་བགེགས་བསྒྲལ་བའི་ལས་མཐའ་བསྒྲལ་ལས་མཚོན་ཆའི་བུ་ཡུག་བཞུགས་སོ།།


CMR013_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྲུབ་ཁུང་ཡོད་ན་ཁ་ཕྱིས། ཟན་ལིང་ཐུན་དང་མཚོན་ཆ་མདུན་དུ་བཤམས་ལ། རང་ཉིད་ཆེ་བའི་ང་རྒྱལ་བསྐྱེད་དེ། བསྐྱེད་རིམ་བརྟན་པོའི་ངང་ནས། ཧཱུྃ། ང་ནི་སངས་རྒྱས་ཀུན་གྱི་སྐུ། །ང་ནི་སངས་རྒྱས་ཀུན་གྱི་གསུང་། །ང་ནི་སངས་རྒྱས་ཀུན་གྱི་ཐུགས། །ང་ནི་ཡོན་ཏན་ཕྲིན་ལས་ཀུན་གྱི་བདག། །ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། །ང་ནི་སེམས་ཅན་ཀུན་གྱི་མགོན། །ང་ནི་དགྲ་བགེགས་ཀུན་གྱི་གཤེད། །ང་ལས་ཆེ་བ་སུ་ཡང་མེད། །ང་ཡི་སྤྲུལ་པ་ཡང་སྤྲུལ་ནི། །མི་ཟད་ཁྲོ་གཏུམ་འབར་བའི་ཚོགས། །ནམ་མཁའ་ཁྱབ་པར་སྐར་ལྟར་འཁྲུགས། །སྐུ་ནི་རབ་འཇིགས་སྲིན་པོའི་


CMR013_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །གསུང་ནི་ང་རོ་འབྲུག་སྟོང་ལྡིར། །ཐུགས་ནི་ཉོན་མོངས་གདུག་པ་འདུལ། །ཕྱག་མཚན་བསྐལ་པའི་མེ་དཔུང་འབར། །མཚོན་ཆའི་འཕྲུལ་འཁོར་ཆར་ལྟར་འབེབས། །བ་སྤུའི་བུ་ག་རེ་རེ་ནས། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །ཞབས་ཀྱི་གར་སྟབས་རོལ་པ་ཡིས། །ཁམས་གསུམ་སྲིད་གསུམ་གཡོ་ཞིང་འདར། །ཕྱག་མཚན་དྲག་པོའི་མཚོན་ཆ་ནི། །གདེངས་པ་ཙམ་གྱིས་བདུད་དཔུང་འཇོམས། །རྣོ་ངར་མཆེ་བ་གཙིགས་པའི་ཞལ། །རྟག་ཏུ་གདུག་པའི་སྙིང་ཁྲག་གསོལ། །ལྗགས་འདྲིལ་རྡོ་རྗེའི་རྐན་སྒྲ་ཡིས། །རྡོ་རྗེའི་ཐོག་


CMR013_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སེར་དྲག་ཏུ་འབེབས།། །ཤངས་ནས་སྐལ་པའི་རླུང་དམར་གྱིས། །སྟོང་གསུམ་རྡུལ་ཕྲན་བཞིན་དུ་ཁྱེར། །རབ་འཇིགས་ཉི་ཟླ་འབར་བའི་སྤྱན། །དགྲ་དང་བགེགས་ལ་སྡང་མིག་བལྟ། །སྐུ་སྟོད་གཟུགས་མེད་ཁམས་ནས་བརྗིད། །སྐུ་སྐེད་གཟུགས་ཀྱི་ཁམས་ན་འགྱིངས། །སྐུ་སྨད་འདོད་པའི་ཁམས་ན་རོལ། །སྲིད་པའི་རྩེ་མོ་མན་ཆད་ནས། །ན་རཀ་དམྱལ་ཁམས་ཡན་ཆད་དུ། །ང་ཡིས་མི་ཐུབ་གཅིག་ཀྱང་མེད། །ཐམས་ཅད་ཐམས་ཅད་ང་ཡི་བྲན། །ཁྲོ་རྒྱལ་ང་ཡི་གཟི་བརྗིད་ཀྱིས། །ཉི་མ་འབུམ་ཡང་མུན་པར་བཅུག །ང་ཡི་ཁྲོ་གཉེར་མཐོང་བའི་ཚེ། །ཁྲོ་ཆེན་རྡོ་རྗེ་གཞོན་ནུ་ཡང་། །ལག་ཆ་བསྐྱུར་ནས་ཕྱོགས་བཅུར་འབྲོས། །ལག་ན་རྡོ་རྗེའི་སྒལ་ཚིགས་གཅོག །ཁྲོ་བོ་གཞན་རྣམས་བརྒྱལ་ཞིང་སྔངས། །ང་ཡི་སྤྲུལ་པའི་ཁྲོ་ཚོགས་ནི། །ལ་ལས་རི་རབ་ཟོར་དུ་འཕེན། །ལ་ལས་རྒྱ་མཚོ་ཧུབ་ཀྱིས་འདེབས། །ལ་ལས་ཉི་ཟླ་ཆ་ལང་རྡེབ། །ལ་ལས་གནམ་ས་བླ་འོག་བསྒྱུར། །མཐུ་སྟོབས་རྫུ་འཕྲུལ་བསམ་ལས་འདས། །ཚངས་དང་བརྒྱ་བྱིན་ལ་སོགས་ཀྱང་། །རྡུལ་ཕྲན་བཞིན་དུ་བརླག་ནུས་པས། །དགྲ་བགེགས་རྣམས་


CMR013_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨོས་ཅི་དགོས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། །སྲོག་དང་སྙིང་རྩ་ང་ལ་ཡོད། །དེ་ཕྱིར་བཀའ་ལ་མ་འདའ་ཞིག །གུམ་གུམ་ཆུམ་ཆུམ་དམ་ལ་འདུས་།་།ཨོཾ་ཨཱཀྲོ་ཏེ་ཡ་མཱནྟ་ཀ་ཧ་ན་མ་ཐཱ་བྷཉྫ་ཧཱུྃ་ཕཊ། ༈ དེ་ནས་ལིངྒ་དུག་ཁྲག་གིས་བྲན་ལ། ཨེ། གནོད་བྱེད་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་། །དུག་གསུམ་ལས་ལ་གྲུབ་པའི་བཙོན་ཁང་ནི། གྲུ་གསུམ་དམར་ནག་རི་རབ་བང་རིམ་ཅན། །འོག་ཕྱོགས་འདོད་ཆགས་ཁྲག་མཚོ་ཁོལ་མའི་གཞི། །ནང་དམར་ཞེ་སྡང་རང་བཞིན་མེ་དཔུང་འབར། །ཕྱི་ནང་གཏི་མུག་བྱིང་བའི་མུན་པ་འཐིབས། །ཁ་དོག་མཐིལ་ཡངས་ཟིན་ནས་ཐར་མེད་གནས། །བདུད་ཀྱི་བཙོན་ཁང་གཤིན་རྗེའི་ཕོ་བྲང་ཆེ། །ཤན་པའི་གྲོང་ཁྱེར་གསོད་དང་གཅོད་ལ་རྔམས། །ཤ་ཁྲག་ཟས་ལ་རབ་དགའ་དེ་ཡི་མཐར། །འཁོར་ཡུག་ལྕགས་སྲེག་ས་གཞི་གྲུ་བཞིའི་སྟེང་། །ཅུང་དམར་འཇིག་རྟེན་ལས་གྲུབ་ཤན་པའི་ཚོགས། །ཉི་ཤུ་རྩ་གཅིག་དང་བཅས་གསལ་བར་གྱུར། །ནི་ཏྲི་ནང་བཀོད་ལིངྒ་བསྒྲལ་བའི་ཞིང་། །བསྟན་པ་སྤྱི་དང་རྣལ་འབྱོར་སྒོས་ཀྱི་དགྲ། །དམ་ཉས་གནོད་བྱེད་དགྲ་བོ་


CMR013_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མུ་ཀ །གཟུགས་བརྙན་རི་མོར་བྲིས་ལ་མིང་བྱང་ལྟབ། །རྣམ་ཤེས་རྟེན་དང་བཅས་ལ་ཟག་རྫས་བླུག །ཉམ་ཐག་མྱ་ངན་འདུག་སྟངས་རྐང་ལག་བཅིངས། །མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །ཛ་ཛཿ བདག་དང་མདུན་བསྐྱེད་ཐུགས་ལས་ཕོ་ཉའི་ཚོགས། །སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་འཕྲོས་པས། །དམ་ཉམས་དགྲ་བོའི་རྣམ་པར་ཤེས་པ་ནི། །སྐྱོབ་བྱེད་ལྷ་དང་བན་བོན་སྲུང་མའི་ཚོགས། །མདོར་ན་གར་ཡོད་གར་གནས་དེ་དག་ནི། །མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་བ་ན་རཀ་དམྱལ་ཁམས་ཡན་ཆད་དུ། །བྲོས་ཤིང་བསྡད་པའི་རང་དབང་མེད་པ་ན། །འགུགས་བྱེད་ལྕགས་ཀྱུས་སྙིང་གི་གནས་ནས་ཟུངས། །ལས་ཀྱི་རླུང་དམར་ཞགས་པས་སྐེ་ནས་ཁྲིད། །འཇོམས་བྱེད་ཐོ་བས་སྤྱི་བོའི་གཙུག་ནས་བརྡུངས། །འཇིགས་པའི་མུན་པ་ནག་པོས་རྒྱབ་ནས་དེད། །ལས་བྱེད་ཕོ་ཉས་ཧབ་སྒྲ་དི་རི་རི། །རང་དབང་མེད་པར་བཙོན་བཞིན་ཁྲིད་ནས་ཀྱང་།། །ཕོ་རྣམས་གཡས་དང་མོ་རྣམས་གཡོན་དུ་འཁོར། །བདག་མདུན་བྲུབ་ཁུང་མཐར་སླེབས་འཁོར་རྣམས་ཀྱིས། །ཀླད་ལ་གཡུག་ཅིང་ལྕགས་སྲེག་ས་གཞིར་


CMR013_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བརྡབ། །ཁོ་ཡི་ཁོག་པའི་ནང་གི་ཚེ་དང་བཅུད། །ཐམས་ཅད་ཡར་སྐྱུགས་བདག་ལ་ཚུར་ཐིམ་པས། །དངོས་གྲུབ་ཐོབ་གྱུར་བཀྲག་དང་གཟི་བརྗིད་རྒྱས། །།བཅུད་བྲལ་སྐྱེ་སྟོང་བཞིན་གྱུར་དགྲ་བོ་ནི། །འགོ་བའི་ལྷ་ལྔ་སྐྱོབ་བྱེད་དང་བྲལ་ནས། །ལུས་རིད་ནག་པོ་སྐེམ་སྐེམ་སོང་བ་ཡི། །རྣམ་ཤེས་མར་མེ་འཆི་ཁའི་འོད་ཙམ་དང་། བཅས་ཏེ་བྲུབ་ཁུང་ནང་གི་ལིང་གར་ཐིམ།། ༈ ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས། །ཕྲིན་ལས་འཇམ་དཔལ་ཤོར་སང་ཉི་མ་ཁྲོས། །གཤིན་རྗེའི་གཤེད་པོ་ཀིང་ཀང་དམར་ནག་དང་། །ལས་ཀྱི་མཐའ་སྡུད་ནག་པོ་ཏི་པ་ཙ། །མ་ལུས་འཁོར་དང་བཅས་པ་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད། །ཁྱད་པར་བདག་ཅག་དཔོན་སློབ་བསྲུང་བྱ་ལ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །ཁ་འཇམ་སྙིང་རྩུབ་ཞེ་ནག་སྨོད་པ་དང་། །དོ་བསྡོ་


CMR013_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་གཤེར། །དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་། །བྱད་ཁ་སྟོན་ཅིང་གཏད་སེལ་དུག་སྦྱོར་སོགས་། །ཚེ་འདིར་གནོད་པར་གྱུར་པའི་ལས་ངན་རྣམས། །བར་ཆད་བྱེད་པའི་བདུད་དང་དམ་སྲི་སོགས། །དམིགས་ཡུལ་གཟུགས་ལིང་བཀོད་པ་འདི་རྣམས་ཀྱི། །རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་ན་གནས་ཀྱང་ལིངྒ་འདི་ཉིད་ལ། །ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །ཡན་ལག་སྡོམས་ཤིག་བཛྲ་སྤོ་ཊ་ཐཾ། །མྱོས་པར་གྱིས་ཤིག་བཛྲ་གྷནྡྷེ་ཧོ། །ཕྱེས་ཤིག་བཛྲ་པྲ་ཝེ་ཤ་ཡ་ཕཊ། །དབྱེར་མེད་སྙིམས་ཤིག་བཛྲ་ཨ་བེ་ཡ་ཨཱཿ ཧཱུྃ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ལོག་རྟོག་གདུག་རྩུབ་ཚར་གཅོད་རྗེས་འཛིན་ཕྱིར། །རབ་འཇིགས་ཁྲོ་གཏུམ་འབར་བའི་སྐུར་སྟོན་པ། །མཐུ་སྟོབས་ཐོགས་མེད་ཐམས་ཅད་སྐུར་བཞེངས་ཤིག །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་


CMR013_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཚོགས། །མ་གཡེལ་འགྲོ་བའི་དོན་ལ་སྐུར་བཞེངས་ཤིག །མཁྱེན་བརྩེ་ནུས་པའི་སྟོབས་རྩལ་མྱུར་དུ་བསྐྱེད། །མི་མངོན་དབྱིངས་ནས་ཐུགས་དམ་བདག་སྐུལ་གྱིས། །ཐུགས་རྗེས་བརྩེར་དགོངས་བདག་ལ་བྱིན་གྱིས་རློབས། །ནམ་མཁའ་གང་བའི་ཁྲོ་ཚོགས་རབ་བསྐྱེད་ནས། །གནོད་བྱེད་རང་དབང་མེད་པར་ད་ལྟ་ཉིད་དུ་ཁུག །དུས་ལ་བབ་བོ་བཛྲ་ས་མ་ཡཱ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་མ་གཟིགས་སམ། །རྟོག་མེད་ཀུན་བཟང་སྙན་གྱིས་མ་གསན་ནམ། །ཐོགས་མེད་མཁྱེན་པའི་ཐུགས་ཀྱིས་མ་དགོངས་སམ། །ད་ནི་ཞིང་བཅུ་ལྡན་པའི་དགྲ་བགེགས་འདི། །རང་དབང་མེད་པར་འགུགས་པའི་དུས་ལ་བབ། །ད་ལྟ་ཁུག་ཅིག་མཐུ་སྟོབས་རྫུ་འཕྲུལ་ཅན། །རིངས་པར་ཁུག་ཅིག་ཁྲོ་ཆེན་འབར་བའི་ཚོགས། །མྱུར་དུ་ཁུག་ཅིག་ལས་མཁན་སྤྲུལ་པའི་ཚོགས། །དམ་ཉམས་ལས་ངན་བསྟན་བཤིག་དགྲ་བོ་འདི། །རི་བོའི་རྩེ་དང་རྒྱ་མཚོའི་གཏིང་ལ་སོགས། །གང་ན་གནས་ཀྱང་ཁྱི་བཞིན་ཁྲིད་ནས་ཀྱང་། །ཕྱོགས་མཚམས་སྟེང་འོག་གཞན་དུ་མ་ཤོར་ལ། །མགོན་སྐྱབས་དཔུང་གཉེན་སུ་ཡིས་བྱེད་གྱུར་ཀྱང་། །ཕྱོགས་


CMR013_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྟེང་འོག་མེད་པར་ད་ལྟ་ཉིད་དུ་ཁུག །མིང་བྱང་གཟུགས་བྱང་འདི་ལ་མྱུར་དུ་ཕོབ། །ཧཱུྃ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས། །ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས། །ལྕགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འཁྱུགས། །དྲིལ་བུ་ལྗང་གུའི་ཚོགས་ནི་འབྲུག་ལྟར་ལྡིར། །རྡོ་རྗེ་ཕུར་པའི་ཚོགས་ནི་ཐོག་ལྟར་འབེབས། །རྡོ་རྗེ་རལ་གྲི་དགྲ་སྟ་མེ་ལྟར་འབར། །རྡོ་རྗེ་ཐོ་ལུམ་བེ་ཅོན་ཆར་ལྟར་འབེབས། །རྡོ་རྗེ་འཁོར་ལོ་གཏུན་ཤིང་ཟབ་ལྟར་འགྲིལ། །རྡོ་རྗེ་ཁ་ཊཱ་མདུང་ཐུང་རླུང་ལྟར་འཚུབ། །རྡོ་རྗེ་མེ་དཔུང་འབར་བའི་ཚྭ་ཚྭ་འཕྲོ། །དུག་མཚོན་ནད་ཀྱི་ན་བུན་མུན་ལྟར་གཏིབས། །གནམ་ལྕགས་ཐུན་གྱི་སེར་བ་བུ་ཡུག་འཚུབས། །ཤ་ཁྲག་ཀླད་པའི་ཚོགས་ནི་མཚོ་ལྟར་འཁྱིལ། །ལས་མཁན་ཁྲོ་བོ་ཁྲོ་མོ་ཁྲ་ལྟར་འཛུམ། །འཆི་བདག་གཤིན་རྗེའི་དམག་ཚོགས་རི་ལྟར་ཉིལ། །གཤེད་མ་ལས་ཀྱི་ཤན་པ་སྤྲིན་ལྟར་གཏིབས། །ཤ་ཟ་ཁྲག་འཐུང་སྲིན་པོ་མདའ་ལྟར་རྒྱུག །ཁྱེད་རྣམས་དཔལ་ཆེན་ཉིད་ཀྱི་སྤྲུལ་པ་སྟེ། །གང་ལ་བྱ་བའི་དམིགས་བྱ་ཁྱོད་ཀྱིས་ཤེས། །


CMR013_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོགས་ད་ལྟ་ཉིད་དུ་ཁུག་ལ་ཤོག །ཅེས་དང་། འགུགས་གཞུག་དྲག་ཏུ་བྱ་གསུངས་པ་ནི། ༈ ཧཱུྃ། འགུགས་བྱེད་ཕོ་ཉ་ཆེན་པོའི་དུས་ལ་བབ། །དགྲ་བགེགས་བླ་ཚེ་མི་རུ་བརྫུ་བ་ན། །ཕོ་ཉ་གནོད་བྱེད་སྲིན་པོར་སྐུ་སྤྲུལ་ནས། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བགེགས་བླ་ཚེ་ཤ་བར་བརྫུ་བ་ན། །ཕོ་ཉ་གསེར་གྱི་སྟག་མོར་སྐུ་སྤྲུལ་ནས། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བགེགས་བླ་ཚེ་དགོ་བར་བརྫུ་བ་ན། །ཕོ་ཉ་ལྕགས་ཀྱི་དོམ་ནག་སྐུ་སྤྲུལ་ནས། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བགེགས་བླ་ཚེ་ལུག་ཏུ་བརྫུ་བ་ནི། །ཕོ་ཉ་ལྕགས་ཀྱི་སྤྱང་ཀིར་སྐུ་སྤྲུལ་ནས། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བགེགས་བླ་ཚེ་བྱ་རུ་བརྫུ་བ་ན། །ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུ་སྤྲུལ་ནས། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བགེགས་བླ་ཚེ་ར་རུ་བརྫུ་བ་ན། །ཕོ་ཉ་བྱི་རུའི་ཁྱི་མོར་སྐུ་སྤྲུལ་ནས། རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བགེགས་བླ་ཚེ་བོང་བུར་བརྫུ་བ་ན། །ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུ་སྤྲུལ་ནས། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །


CMR013_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་བླ་ཚེ་བ་རུ་བརྫུ་བ་ན། །ཕོ་ཉ་གསེར་གྱི་འཕར་བར་སྐུ་སྤྲུལ་ནས། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ། །ཕོ་ཉི་བརྒྱད་ཀྱང་མཉམ་པོར་སྐུ་སྤྲུལ་ནས། །མྱུར་ཤིང་རིངས་བའི་ཚུལ་གྱིས་བཀུག་ནས་ཀྱང་། །མཚན་མའི་ལིངྒའི་རྟེན་ལ་བླ་སྲོག་ཁུག །ཨོཾ་མཎྜཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ། དགྲ་བགེགས་ཛཧཱུྃ་བཾ་ཧོཿ དགྲ་བགེགས་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་དུ་ཏི་ཐུལ་ཐུལ། མྱོག་མྱོག །ཡེད་ཡེད་། ཤ་མ་དུན་ཏི་ཁུག་ལིང་། མྱོག་ལིང་། ཤག་ལིང་ཐུམ། ཙ་མུན་ཏི་ཛཧཱུྃ་བཾ་ཧོཿ ནི་ཏྲི་ཝ་ཤང་ཀུ་རུ། ཁ་སོ་ཝ་ཏི་ཡཾ། ཀུ་ཏ་ཡཾ་ཡཾ། སེན་སེན། སྙིང་ཚལ་པ་རྦད། ཡཾ་རིལ་རྦད། བོ་རིལ་རྦད། གནོད་བྱེད་ཡོད་པ་ཐམས་ཅད་ཁུག་ཅིག །དེ་ནས་གཟུ་དཔང་ནི། མི་མངོན་དབྱིངས་བཞུགས་སོགས་བྱ་གསུངས་པ་ནི། ༈ ཧཱུྃ། མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་


CMR013_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ། །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས། །སྐུ་མཆོག་ཡོངས་རྫོགས་ལྷ་ཚོགས་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ། །དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས་སུ་གསོལ། །གཉིས་སུ་མེད་པར་ཕྱག་བགྱི་བཞུགས་སུ་གསོལ། །དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །དབང་དང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ། ༈ ། བཀའ་དྲིན་འཁོར་མེད་རྡོ་རྗེ་སློབ་དཔོན་དང་། །ཆོས་རྣམས་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །བརྩེ་བས་རྗེས་སུ་འཛིན་པའི་ཐུགས་རྗེ་ཅན། །ཕྲིན་ལས་ཐོགས་པ་མེད་པའི་ཡི་དམ་ལྷ། །སྒྲུབ་ལ་བུ་བཞིན་སྐྱོང་བའི་མཁའ་འགྲོ་མ། །མཐུ་སྟོབས་རྫུ་འཕྲུལ་མངའ་བདག་ཆོས་སྐྱོང་དང་། །བདེན་རྫུན་ཤན་འབྱེད་འཇིག་རྟེན་དྲེགས་པའི་ཚོགས། །སྒྲིབ་མེད་ཐུགས་ཀྱིས་བདག་ལ་དགོངས་སུ་གསོལ། །བདག་ནི་ཟོལ་མེད་ངེས་པའི་རྣལ་འབྱོར་པ། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས། །ཚེ་གཅིག་སངས་རྒྱས་གོ་


CMR013_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་བསྒྲུབ་པ་ལ། །དགྲ་དང་བགེགས་ཀྱིས་བསྒྲུབ་ཏུ་མ་སྟེར་བས། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་པོ་མཛོད། །བདེ་གཤེགས་རྒྱལ་བ་སྲས་བཅས་ར་མདའ་ཟློག་།བཀའ་སྲུང་དྲེགས་པའི་ཚོགས་རྣམས་ལས་ལ་ཆོས། །ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་ཁྱེད་རྣམས་ལ། །མི་བདེན་རྫུན་གྱིས་མགོ་སྐོར་སུ་ཡིས་ནུས། །བདག་ནི་མ་ཉེས་མ་ལན་རྣལ་འབྱོར་པ། །ཟོལ་མེད་སྙིང་གི་དཀྱིལ་ནས་ར་མདའ་འབོད། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་པོ་མཛོད། །བདེ་གཤེགས་རྒྱལ་བ་སྲས་བཅས་ར་མདའ་ཟློག །བཀའ་སྲུང་དྲེགས་པའི་ཚོགས་རྣམས་ལས་ལ་ཆོས། །མཁྱེན་བརྩེ་ནུས་པའི་བདག་ཉིད་ཁྱེད་རྣམས་ལ། །བདག་གི་ལུས་ངག་ཡིད་ཀྱིས་རེ་ལྟོས་བཅའ། །བདག་ལ་མགོན་སྐྱབས་དཔུང་གཉེན་གཞན་ན་མེད། །ཉེས་མེད་བདག་ལ་དགྲ་དང་བགེགས་བྱུང་བས། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་པོ་མཛོད། །བདེ་གཤེགས་རྒྱལ་བ་སྲས་བཅས་ར་མདའ་ཟློག །བཀའ་སྲུང་དྲེགས་པའི་ཚོགས་རྣམས་ལས་ལ་ཆོས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཕ་རོལ་ཕྱིན་དྲུག་ལམ་ལ་རབ་ཞུགས་


CMR013_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྩེ་གཅིག་དམ་པའི་ལྷ་ཆོས་བསྒྲུབ་པ་ལ། །དགྲ་བགེགས་རྣམས་ཀྱིས་འདི་ལ་བར་དུ་གཅོད། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་པོ་མཛོད། །བདེ་གཤེགས་རྒྱལ་བ་སྲས་བཅས་ར་མདའ་ཟློག །བཀའ་སྲུང་དྲེགས་པའི་ཚོགས་རྣམས་ལས་ལ་ཆོས། །ཡིད་ལ་དམིགས་པའི་དགྲ་བགེགས་ལས་ངན་འདི། །འགྲོ་ལ་ཕན་བདེ་མ་ལུས་འབྱུང་བའི་གཞི། །སངས་རྒྱས་བསྟན་པའི་རྩ་ལག་འདི་ཡིས་བཤིགས། །དཀོན་མཆོག་དབུ་འཕང་གཉེན་པོ་འདི་ཡིས་སྨད། །དཔལ་ལྡན་བླ་མ་དམ་པའི་སྐུ་ལ་བསྡོས། །བསྟན་རྩ་དགེ་འདུན་སྡེ་རྣམས་འདི་ཡིས་བཅོམ། །གཙུག་ལག་ཁང་དང་ཆོས་འཁོར་མ་ལུས་བཤིགས། །འགྲོ་དྲུག་སེམས་ཅན་ཀུན་ལ་འདི་ཡིས་འཚེ། །ལམ་བཟང་དགེ་བ་བཅུ་པོ་ཆད་དུ་བསད། །མི་དགེ་ལས་ངན་བཅུ་པོ་དང་དུ་ལེན། །མཚམས་མེད་ལྔ་ལ་དགའ་ཞིང་སྤྱོད་པ་འདི། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར་ནས་སྨད། །སྲུང་མ་ཁྱེད་ལ་མཐུ་མེད་ཟེར་ནས་བརྙས། །ཡེ་ཤེས་སྤྱན་ལྡན་ཁྱེད་རྣམས་དཔང་པོ་མཛོད། །བདེ་གཤེགས་རྒྱལ་བ་སྲས་བཅས་ར་མདའ་ཟློག །བཀའ་སྲུང་དྲེགས་པའི་ཚོགས་


CMR013_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་ལ་ཆོས། །འདི་ལ་མཐུ་དང་ནུས་པས་མི་ཐུལ་ན། །བཀའ་སྲུང་གཉེན་པོའི་མཚོན་གྱིས་ཅི་ཞིག་བྱ། །འདི་ལྟར་ཀུན་ལ་གནོད་པའི་དགྲ་བགེགས་ལ། །མངོན་སྤྱོད་དྲག་པོའི་མཐུ་རྩ་ལ་མྱུར་དུ་ཕྱུང་། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ། །དེ་ནས་དགྲ་བླའི་གླུད་ཕུད་རྒོད་དམ་རྫས། གཏོར་ཆུང་བཤམས་ལ། ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་སོགས། དགྲ་བགེགས་སྐྱོབ་པའི་ལྷ་ལྔ་བསྟེན་པའི་ལྷ་དགུ་རྣམས་ཀྱི་ཞལ་དུ་བྷ་ལིང་ཁ་ཁ་ཁཱ་ཧི། སརྦ་པཱུ་ཙ་ལ་ཁཱ་ཧི། ཧཱུྃ། ཐོགས་མེད་མཁྱེན་པའི་ཡེ་ཤེས་སྤྱན་ལྡན་པའི། །ལྷ་དང་སྲུང་མ་ཐུགས་དམ་ཅན། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །དམ་ཉམས་སྐྱོབ་པའི་ལྷ་དང་ཕྲོལ། །ཞིང་བཅུ་ལྡན་པའི་དགྲ་བོ་ལ། །སྐྱོབ་ཅིང་སྲུང་བ་སུ་ཞིག་ཡོད། །གལ་ཏེ་འདི་ལ་སྐྱོབ་བྱེད་པའི། །ལྷ་འདྲེ་ཡོད་ན་བདག་ལ་གསོན། །ཁྱེད་ལ་གང་དང་གང་དགོས་པའི། །དགྱེས་མཆོད་ཐམས་ཅད་བདག་གིས་འབུལ། །བཟང་ལན་ངན་གྱིས་འཇལ་བ་ཡི། །དམ་ཉམས་འདི་ལ་མ་སྐྱོབ་ཅིག །གཉིས་མེད་ཡེ་ཤེས་དོན་རྟོགས་ནས། །མ་རྟོགས་སེམས་ཅན་འདི་ཉིད་ནི། །ཆོས་ཀྱི་དབྱིངས་སུ་རབ་བསྒྲལ་ནས། །འདི་ལ་ཕན་


CMR013_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ཆེན་པོར་འགྱུར། །གསལ་གསུམ་ལྡན་པའི་རྣལ་འབྱོར་བདག །སྙིང་རྗེ་ཆེན་པོས་འདི་ཉིད་བསྒྲལ། །ད་ལན་བདག་གིས་མ་བསྒྲལ་ན། །དུས་རྣམས་རྟག་ཏུ་ཁོས་ཕུང་ངོ་། །དེ་བས་འདི་ལ་སྐྱོབ་བྱེད་པའི། །ཡེ་ཤེས་ལྷ་ནི་ཡོད་གྱུར་ན། །སླར་ཡང་འདི་ཡི་གཤེད་མ་མཛོད། །ཆོས་ཀྱི་དབྱིངས་སུ་འདི་སོང་ལ། །རང་བཞིན་གནས་སུ་བཛྲ་མུ། །ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང་། །མ་ལྷ་ཞིང་ལྷ་ཡུལ་ལྷ་སྟེ། །འགོ་བའི་ལྷ་སྲུང་ཁྱེད་རྣམས་ཀྱིས། །འདི་ཡི་མགོན་སྐྱབས་མ་བྱེད་པར། །བདུད་དུ་ཕོབ་ལ་ད་ལྟ་སོད། །ལེགས་ཉེས་གཉིས་ཀྱི་དཔང་པོ་དང་། །བདེན་རྫུན་གཉིས་ཀྱི་ཤན་འབྱེད་འཚལ། །གལ་ཏེ་ད་རུང་འདི་སྲུང་ན། །དཔལ་ཆེན་འབར་བ་ཐུགས་ཁྲོས་ནས། །བསྲུང་བྱ་སྲུང་བྱེད་གཉིས་ཀ་འཇོམས། །དེ་བས་དམ་ཉམས་ལས་ངན་འདི། །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མར་མ་འཇོགས་པར། །གནམ་གྱི་འཇུ་ཐག་སྟེང་ནས་ཆོད། །ས་ཡི་བརྟན་ཕུར་འོག་ནས་ཕུད། །སྙིང་ཁྲག་དམར་པོ་ཐང་ལ་ཕོས། །སྒལ་ཚིགས་སྐྱ་མོ་ས་ལ་གཏོར། །ཚེ་མཇུག་བསྡུས་ལ་དུས་མཐར་ལྟུང་། །


CMR013_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་བསམ་སྦྱོར་རྒྱུན་ཆོད་ཅིག །ཅེས་དམོད་ཚིག་དང་བཅས་གསུངས་པ་ནི། སྒྲོ་གཉིས་རྫས་དུག་སོགས་སྐབས་དང་བསྟུན་ཏེ། བྷྱོ་བཀའ་ཉན་ཆེན་མོ་ཕྲ་མེན་མཁན། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས། །འགོ་བའི་ལྷ་དང་ཕྲིལ་བར་གྱིས། ་།དམ་ཉམས་དགྲ་བགེགས་ལས་ངན་འདིའི། །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །བན་བོན་ལ་སོགས་འགོ་བའི་ལྷ། །རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ། །བྷྱོ། ཁ་ཁ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་དབུ། །ཉིན་གྱི་ལས་མཛད་ཁ་ཁ་མ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ༈ །བྷྱོ༔ ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་དབུ། །།མཚན་གྱི་ལས་མཛད་ཧུ་ལུ་མ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་གཉིས་ཉིན་མཚན་མེད་པར་རྒྱུག །དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག །གཉེན་དང་ཉེ་དུ་ཕྲོལ་ལ་ཤོག་།བུ་དང་བུ་མོ་ཕྲོལ་ལ་


CMR013_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག །མངོན་སྤྱོད་དྲག་པོས་རྡུལ་དུ་རློགས། །མ་མ་ཏྲག་རུ་དྲ་མཱ་ར་ཡ་ཕྱེ་ཕྱེ། ཨ་ཀྲྀ་ཏྲག་རཀྵ་མཱ་ར་ཡ་ཕྱེ་ཕྱེ། དབྱེ་བའི་ཕྱག་རྒྱ་བྱས། དེ་ནས་ལས་ཀྱི་གཉེར་གཏད་ནི། ༈ ཧཱུྃ། ཞི་བས་མི་ཐུལ་བདུད་དང་དགྲ་བགེགས་རྣམས། །དྲག་པོའི་ལས་ཀྱི་ཚར་གཅོད་རྗེས་འཛིན་ཕྱིར། །རབ་འཇིགས་ཁྲོ་གཏུམ་འབར་བ་རྔམས་པའི་སྐུ། །གཤིན་རྗེའི་གཤེད་པོ་འཁོར་བཅས་དགོངས་སུ་གསོལ། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །འབུལ་ལོ་གཏད་དོ་སྲོག་དབུགས་རྔམ་ཟས་གྱིས། །འཁོར་སོད་ནོར་ཁྱེར་ཡུལ་མཁར་རྨིང་ནས་སྐྱེལ། །བསོད་ནམས་ཟ་ཆུང་ཁ་རྗེ་ཟད་དུ་ཆུག །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །སྲུང་སྐྱོབ་བྱེད་པའི་ལྷ་དང་ད་ལྟ་ཕྲོལ། །སྲུང་སྐྱོབ་མཁན་གྱི་བན་བོན་རྡུལ་དུ་རློགས། །སྣང་སྲིད་ལྷ་འདྲེ་དྲེགས་པའི་དལ་ཁ་ཕོབ། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །རུས་ནས་ཉེ་བའི་ཕ་སྤྱན་ནང་ནས་ཤིག །ཤ་ནས་ཉེ་བའི་ཞང་པོ་གྲི་རུ་སོད། །མནའ་ཐོ་སྦྲེལ་པའི་གྲོགས་པོ་བདུད་དུ་ཕོབ། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །ཕ་ལིང་མ་ལིང་བྱམས་


CMR013_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མགོ་བོ་ཆོད། །བུ་ཚ་རིགས་རྒྱུད་འཛིན་པའི་སྙིང་ཁྲག་འཐུང་། །སྲིད་སྡེ་ཁྱིམ་ཚང་དགོས་མཛའ་དགྲ་རུ་སློངས། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །ཕོ་རབས་རབས་ཆད་སྒྲོག་ཚལ་ཧུར་ཐུམ་སོད། མོ་རབས་མགོ་ལ་ཡུགས་རལ་རྒྱུན་མ་བཅད། །གཏམ་ངན་གོད་ཁ་བྱུར་སྣ་མ་ལུས་ཐོངས། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །ཞིང་གི་ལོ་ཐོག་སད་སེར་ཐན་འབུས་ཁྱེར། །རྐང་བཞི་ནོར་ཕྱུགས་ལྷོག་རྒོད་ཇག་པས་གཏོར། །བང་མཛོད་སྲིས་ལ་ཐེའུ་རང་རྐུན་མ་འགྱེད། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །མགྱོགས་པའི་རྟ་སོད་སྲ་བའི་གོ་ཆ་བཤུས། །རྣོ་བའི་མཚོན་ཕྲོག་དཔའ་བའི་དོན་སྙིང་ཕྱུངས། །མཛེས་པའི་རྒྱན་དང་ནོར་དབྱིག་རླུང་ལ་བསྐུར། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །རྒྱུ་བའི་སྦྲ་གཏིབ་ཐུ་བའི་སྒོ་ཁྱི་སོད། །སྡུག་བསྔལ་དྲག་པོ་ཆར་བཞིན་གྲངས་མེད་ཕོབ། །བདེ་སྐྱིད་རྩྭ་རྡུལ་ཤིང་ལྟར་འཕེལ་མ་བཅུག །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །རྐྱེན་ངན་ཆུ་རྒྱུན་བཞིན་དུ་བར་མ་ཆོད། །མྱ་ངན་མེ་ལྕེ་བཞིན་དུ་འབར་དུ་ཆུག །བསམ་པའི་དོན་རྣམས་འགྲུབ་པའི་


CMR013_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་མ་གཏད། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་དང་། །རྒས་སྲི་གཞོན་སྲི་དར་སྲི་གོད་སྲི་ཐོངས། །དགྲ་སྲི་མཚོན་སྲི་ནད་སྲི་མ་ལུས་ཕོབ། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །མོ་ངན་རྩིས་ངན་རྨིས་ངན་ལ་ཉེ་དང་། །ལྟས་དང་བགེགས་དང་ནད་གདོན་གློ་བུར་དང་། །ཡེ་འདྲོགས་དུས་མིན་འཆི་བ་ཐམས་ཅད་ཕོབ། །ཞིང་བཅུ་ལྡན་པའི་དགྲ་བོ་དམ་ཉམས་འདི། །བཀྲ་མི་ཤིས་དང་མི་རུང་སྣ་ཚོགས་ཀྱིས། །ལོ་ཟླ་ཞག་དང་ཟ་མར་མ་འགྱང་བར། །མྱུར་སྒྲོལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །ཛཿ ལིང་གར་བླ་སྲོག་ཁུག་པས་དགྲ་བོ་དངོས། །ཕྱིན་ཆད་འཁྱོར་བ་མེད་པ་དེའི་ལུས་ལ། །སྐད་ཅིག་ཉིད་ལ་གཡས་སུ་སྦྲུལ་དཀར་པོ། །ལྷན་ཅིག་སྐྱེས་པ་དགྲ་བོའི་ལྷ་ཡིན་ཏེ། །དམ་ཚིག་ཉམས་པས་ཁོ་ཡི་བདུད་དུ་བབ། །སྤྱི་བོར་ཚངས་བའི་བུ་ག་ནས་མར་འཇིབས། །སྙིང་ཁ་ཡན་ཆད་ཁོང་ཁྲག་ཐམས་ཅད་དྲོངས། །དེ་བཞིན་གཡོན་དུ་དུག་སྦྲུལ་ནག་པོ་གཅིག །བྱུང་བའང་མཉམ་པོར་འོང་བའི་འཆི་བདག་བདུད། །ཡིན་ཏེ་ཁོ་ཡི་དམ་ཉམས་རང་གཤེད་


CMR013_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །གསང་བའི་གནས་ནས་མར་ལ་ཁོང་ཁྲག་རྣམས། །དྲོངས་ཏེ་མཆིན་དྲི་མན་ཆད་འཇིབས་ཤིང་ཟོས། །སྦྲུལ་དཀར་གཡས་དང་གཡོན་གྱི་སྦྲུལ་ནག་གཉིས། །འཛིངས་ཤིང་འཐོབ་བཞིན་དགྲ་བོའི་སྙིང་ཁྲག་ལ། །ཟ་ཁ་མ་མཐུན་ལུས་ཀྱི་གཡས་གཡོན་དུ། །འཁྲིལ་ཞིང་མཇུག་གཉིས་གསང་བའི་གནས་སུ་མདུད། །མགོ་གཉིས་སྤྱི་བོར་མགུལ་པ་མདུད་བྱས་ནས། །ལུས་ལ་འཁྱུད་ཅིང་ཀླད་ཁུང་གཡས་གཡོན་གྱི། །རྣ་བར་ཁ་གདངས་ལྕེས་ལྡག་སོ་ཡིས་འགྲད། །དེ་ཚེ་སྤྱི་བོའི་སྣ་ཚོགས་རྡོ་རྗེ་ནི། །ལས་ཀྱི་རླུང་གིས་བསྐོར་བས་ཤུགས་དྲག་འཁོར། །གསོར་ལྟར་བསྣུན་པས་ཀླད་ཁྲག་སྙིང་ཁྲག་རྣམས། །ཞོ་ལྟར་དཀྲུགས་པས་སྦྲུལ་ཆེན་གཉིས་ཀྱིས་འཇིབས། །དཀར་ནག་སྦྲུལ་གཉིས་ཇེ་ཆེར་སྟོབས་དང་ལྡན། །ཨོཾ་མཉྫུ་ཤི་ཡ་མཱནྟ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཨོཾ་ཀིང་ཀང་ཁ་ཏུཾ་ནི་མྱོག་དགྲ་བགེགས་ཝཱཀ་སྟམྦྷ་ཡ་ནན། བྷིགན། ཏྲི་ཧཱུྃ་ཏེ། ཏི་ཤན་ཏི་ཤན། སྤུར་ཐུ་བྱུར་བྲུབ་། བྷི་ཤ་ཙཀྲ་ཧ་ལ། ས་མ་ཡཱ། དགྲ་བགེགས་སྟམྦྷ་ཡ་རཀྟ་ནན། ཧཱུཾ་ཧཱུཾ་ལཾ་ལཾ་སྟམྦྷ་ཡ་ནན། ཨོཾ་ཁ་ཐུ་ཁ་ཐུན། ཡ་མ་ཡ་མ། དུན་ཏྲ་དུན་ཏྲི། པྲ་ལེ་ཛཱ་ལ།་པྲ་


CMR013_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཛྭ་ལ་ནན། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ནན། ཟློག་ཅིག །ཆིངས་ཤིག །ཅེས་གང་མང་དང་། རྔ་མ་ནག་པོས་གཡབ་པའམ། ཐལ་མོ་བརྡབ་ཅིང་འདི་སྐད་དོ། །ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ཁྲོད་ནན་ཟློག །ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ཟད་ནན་ཟློག །དགྲ་བགེགས་མགོ་ཐོག་ཏུ་བབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །སྔ་དགྲ་ལག་གིས་བདར་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །ཕྱི་དགྲ་ཡིད་ལ་བསམ་པ་ཐམས་ཅད་མཱ་ར་ཡ་ཆད་ནན་ཟློག །ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་ཆད་ནན་ཟློག །མགོ་ལ་ཏིལ་བརྡུང་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །ལུས་ལ་ན་ཚ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །སྲོག་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །ཟས་ནོར་ལ་གོད་ཁ་གཏང་བ་ཐམས་ཅད་མཱ་ར་ཡ་ཆད་ནན་ཟློག །རྒྱབ་ནས་དེད་ཤོམ་བྱས་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །མདུན་


CMR013_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྩང་བཞིན་འཛུགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །ཟུར་ནས་གཅོད་དགོས་ཟེར་བ་ཐམས་ཅད་ཅད་མཱ་ར་ཡ་རྦད་ནན་ཟློག་།ཟ་ལམ་དུ་དུག་གཡོ་བར་བྱེད་པ་ཐམས་ཅད་ཅད་མཱ་ར་ཡ་ཆད་ནན་ཟློག །འགྲོ་ལམ་དུ་རྩང་འཛུགས་པ་ཐམས་ཅད་ཅད་མཱ་ར་ཡ་རྦད་ནན་ཟློག་།བྱམས་པ་གཉེན་གྱིས་འགྱོད་དུ་མ་བཅུག་ཅིག་མཱ་ར་ཡ་ཁྲོད་ནན་ཟློག །སྡང་བ་དགྲའི་སྒྲོག་ཏུ་མ་བཅུག་ཅིག་མཱ་ར་ཡ་ཆད་ནན་ཟློག །མཉན་པས་གྲུ་ཚུགས་སུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན་ཟློག །མགར་གྱི་སོལ་ལམ་དུ་མི་ཁ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་ཆད་ནན་ཟློག །དགེ་འདུན་གྱི་འཚོགས་གྲལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་ཆད་ནན་ཟློག །སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་ཆད་ནན་ཟློག༔ བརྒྱ་ཁ་མང་གིས་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་ཆད་ནན་ཟློག །སྟོང་མིག་མང་གིས་སྨྲ་མཆུ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །གཙོ་བོའི་མདུན་ཁང་དུ་མི་ཁ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་ཆད་ནན་ཟློག །གསོད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་ཆད་ནན་ཟློག །རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །འཕྲོག་ཤོམ་བྱེད་པ་


CMR013_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །ལྐོགས་ནས་འབུ་བཞིན་འབུགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །སྐག་བདུད་གཤེད་གསུམ་ལ་བབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །བྱད་ཁ་ཕུར་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་ཆད་ནན་ཟློག །རྦད་འདྲེ་དྲོད་གཏོང་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་པ་ཐམས་ཅད་མཱ་ར་ཡ་ཆད་ནན་ཟློག ། །ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག ། བསྟན་དགྲའི་ལུས་ངག་ཡིད་གསུམ་ཐམས་ཅད་མཱ་ར་ཡ་སྲིད་ནན་ཟློག །གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་ཟ་ཁ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཟློག །ཆིངས་ཤིག །མཱ་ར་ཡ་སྲིད་ནན། སོད་ཅིག་བསྐལ་པ་སྟོང་གི་བར་དུ་མ་བཏང་ཞིག །མཱ་ར་ཡ་ཆེད་ནན་སོད། ཨོཾ་ལཾ་ཧཱུཾ་ལཾ་སྟམྦྷ་ཡ་ནན། དགྲ་བགེགས་སརྦ་ཤ་ཏྲོ་མཱ་ར་ཡ་ནིན། །


CMR013_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ནན། ཕུར་པ་བཏབ།། ༈ ཧཱུྃ། འཛབ་བཟླས་སྔགས་པ་ཐུན་རྫས་རྣམ་པ་ལྔ། །ཕུར་བུ་ལ་སོགས་མཚོན་ཆ་སྣ་ཚོགས་དང་། །རྣོ་བའི་ངར་དང་དུག་གི་ནུས་པར་ལྡན། །གནམ་ལྕགས་རབ་ཏུ་འབར་བའི་ཐོག་ལྟར་གྱུར། །ཅེས་པས་ཐུན་བྱིན་གྱིས་བརླབས། དེ་ནས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བ་ནི་འདིའོ།། ༈ ཧཱུྃ། ཀུན་གྱི་གཞི་རྩར་གྱུར་པ་ནི། །གདོད་ནས་མ་བཅོས་གཉུག་མའི་སེམས། །བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ། །བུམ་ནང་མར་མེའི་ཚུལ་བཞིན་དུ། །འགྲོ་བ་ཀུན་གྱི་སྙིང་ལ་གནས། །དེ་རིང་སྒྲིབ་གཡོགས་རབ་བསལ་ནས། །སངས་རྒྱས་ཀུན་གྱི་ཐུགས་དང་ནི། །དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ། །ཡང་དག་དགོངས་པས་གནས་སྤར་ཏེ། །འོག་མིན་གནས་སུ་བསྐྱལ་བར་བྱ། །ཕཊ་ཕཊ་ཅེས་བརྗོད་དོ། །དེ་ནས་སྙིགས་མ་གདོས་བཅས་ཀྱི་ཕུང་པོས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་། རྣམ་རྟོག་མ་རིག་བདག་འཛིན་ཉོན་མོངས་པ་ཐམས་ཅད་བསྟིམས་ལ་བསྒྲལ་བ་ནི། ༈ ཧཱུྃ། ཐོག་མ་མེད་ནས་ད་ལྟའི་བར། །རང་གི་ཡེ་ཤེས་རང་བསྒྲིབས་ནས། །མ་རིག་འཁོར་བར་འཕེན་བྱེད་པའི། །བདུད་དང་དགྲ་བགེགས་


CMR013_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུངས་པ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་དུག་ལྔ་པོ། །འདི་ལས་གཞན་པའི་དགྲ་མེད་ཅིང་། །བགེགས་དང་བར་ཆད་གཞན་མེད་པས། །དེ་ཕྱིར་གནོད་བྱེད་ཆེན་པོ་འདི། །རང་ཞི་རང་དག་རང་ཡལ་ནས། །རང་གྲོལ་ཆེན་པོའི་ངང་ཉིད་དུ། །རྟག་ཏུ་བདག་གིས་བསྒྲལ་བར་བྱ། །རུ་ཏྲ་སརྦ་མཱ་ར་ཡ་ཧཱུྃ། གཉིས་མེད་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས། །འགྲོ་དོན་མ་ལུས་རང་བྱུང་ལྷུན་གྲུབ་ལྷ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས། །ཁྱད་པར་ལྷག་པའི་ལྷ་མཆོག་གཤིན་རྗེའི་གཤེད། །མི་བཟོད་རབ་འཇིགས་ཁྲོ་གཏུམ་འབར་བའི་སྐུ། །འཁོར་དང་བཅས་པ་འགྲོ་བའི་དོན་ལ་བསྐུལ། །ཁྱེད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབ། །ཡིད་ལ་མནག་པའི་དམ་ཉམས་དགྲ་དང་བགེགས། །མྱུར་སྒྲོལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། ༈ ཛཿ ལྷན་སྐྱེས་དགྲ་བོ་སྦྲུལ་མེད་དགྲ་བགེགས་ཀྱི། །ལུས་ཀྱི་སྟེང་དུ་དྲག་པོའི་ཐུན་གྱི་རྫས། །བརྒྱབས་པས་ཐམས་ཅད་མཚོན་ཆའི་ཆར་དུ་གྱུར། །ཚལ་པ་ཚལ་པ་དུམ་བུ་དུམ་བུར་


CMR013_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གཏུབས། །ཨོཾ་མནྡྲ་ཤཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ ཨོཾ་ཀིང་ཀང་ཁ་ཏུཾ། ཀྲྀ་མྱོག་དགྲ་བགེགས་ཝཱཀ་སྟམྦྷ་ཡ་ནན། བྷིགན་ཏཱ་ཤྲཱི་ཏེ། ཏི་ཤན་ཏི་ཤན། སྤུར་ཐུ་སྤུར་ཐུ། །བྲུབ་བྷི་ཤ་ཙཀྲ། ཧ་ལ་ཧ་ལ། ས་མ་ཡཱ། དགྲ་སྲི་སྟམྦྷ་ཡ་རཀཾ་ནན། དྲི་དྲི་ལི་ལཾ་སྟམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡོ་མ་ཡོ་མི༔ དུན་ཏྲ་དུན་ཏྲི། པྲ་ལེ་ཛ་ལ་པྲ་ལེ་ཛ་ལ། སོད་སོད་གནོད་བྱེད་དགྲ་བགེགས་མཱ་ར་ཡ་སོད། ཏདྱ་ཐཱ། ཨོཾ་དུ་ཤན། དུ་ཤན། རཀྵ་རཀྵ། དགྲ་བགེགས་ཀྱི་སྙིང་རྩ་ཁྲག་རྩ་ལ་འདུས་འདུས། །དགྲ་བགེགས་ཀྱི་སྙིང་རྩ་ཁྲག་རྩ་སྲོག་རྩ་ལ་འཇིབ་འཇིབ། དགྲ་བགེགས་ཀྱི་སྙིང་རྩ་སྲོག་རྩ་ཆོད་ཆོད། མཱ་ར་ཡ་ཆད་སོད་སོད། གནོད་བྱེད་དགྲ་བགེགས་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་ཕཊ༔ ཕྱག་མཚན་སོ་སོར་ཕུར་པ་ཐོགས་ལ་འདི་སྐད་དོ།། ཧཱུཾ། ང་ནི་ཁྲོ་རྒྱལ་ཀུན་འདུས་དཔལ། །སྤྲུལ་པ་ཡང་སྤྲུལ་གྲངས་མེད་འགྱེད། །ཁྲོ་གཏུམ་རྔམས་པའི་བརྟུལ་ཞུགས་ཅན། །བཀའ་ལས་འདས་པའི་དམ་ཉམས་ལ། །རྡོ་རྗེ་མཚོན་ཆའི་ཆར་ཕབ་ནས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ།། ༈ ཧཱུྃ། སྐུ་ལས་སྤྲུལ་པའི་འཇིགས་བྱེད་ནི། །མཐིང་


CMR013_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཞལ་གཅིག་ཕྱག་གཉིས་པ། །རབ་འཇིགས་ཁྲོ་གཏུམ་རྔམས་པའི་སྐུ། །།གཡོས་གཡོན་རལ་གྲི་སྡིགས་མཛུབ་ཅན། །སྐུ་སྤྲུལ་ཁྲོ་བོ་གྲངས་མེད་འགྱེད། །ཞིང་བཅུ་ལྡན་པའི་དགྲ་བགེགས་ཀྱི། །གཏི་མུག་རང་བཞིན་ཤ་དང་ཁྲག །རྡུལ་ཕྲན་བཞིན་དུ་བརླག་པར་གྱིས། །ཧཱུཾ། །གསུང་ལས་སྤྲུལ་པའི་རྟ་མཆོག་དཔལ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །རབ་འཇིགས་ཁྲོ་གཏུམ་འབར་བའི་སྐུ། །གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན། །གསུང་སྤྲུལ་ཁྲོ་བོ་གྲངས་མེད་འགྱེད། ཞིང་བཅུ་ལྡན་པའི་དགྲ་བགེགས་ཀྱི། །འདོད་ཆགས་རང་བཞིན་ངག་དང་ཚིག །བརྗོད་མེད་ངང་དུ་རབ་ཏུ་ཆིངས།།་༈ ཧཱུྃ། ཐུགས་སྤྲུལ་ཕྱག་ན་རྡོ་རྗེ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །རབ་འཇིགས་ཁྲོ་གཏུམ་འབར་བའི་སྐུ། །གཡས་གཡོན་རྡོ་རྗེ་སྡིགས་མཛུབ་མཛད། །ཐུགས་སྤྲུལ་ཁྲོ་བོ་གྲངས་མེད་འགྱེད། །ཞིང་བཅུ་ལྡན་པའི་དགྲ་བགེགས་ཀྱི། །མ་རིག་རང་བཞིན་ཡིད་ཀྱི་ཁམས། །སྐྱེ་འགག་མེད་པར་བསྒྲལ་བར་མཛོད། །ཧཱུྃ། ཡོན་ཏན་ཡ་མ་རཱ་ཙ་ནི། །སེར་ནག་ཞལ་གཅིག་ཕྱག་


CMR013_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། །རབ་འཇིགས་ཁྲོ་གཏུམ་འབར་བའི་སྐུ། །གཡས་གཡོན་བེ་ཅོན་འཁོར་ལོ་ཅན། །ཡོན་ཏན་སྤྲུལ་པ་གྲངས་མེད་འགྱེད། །ཞིང་བཅུ་ལྡན་པའི་དགྲ་བགེགས་ཀྱི། །ང་རྒྱལ་རུས་པའི་རི་བོ་ནི། །རང་བཞིན་མེད་པར་རྡུལ་དུ་རློགས། །ཧཱུཾ། ཕྲིན་ལས་བདུད་རྩི་འཁྱིལ་པོ་ནི། །ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །རབ་འཇིགས་ཁྲོ་གཏུམ་འབར་བའི་སྐུ། །གཡས་གཡོན་རྒྱ་གྲམ་འཁོར་ལོ་བསྣམས། །ཕྲིན་ལས་ཁྲོ་བོ་གྲངས་མེད་འགྱེད། །ཞིང་བཅུ་ལྡན་པའི་དགྲ་བགེགས་ཀྱི། །ཕྲག་དོག་ལས་རླུང་ཕྱི་ནང་དབུགས། །འགྲོ་འོང་མེད་པར་བསྒྲལ་བར་བྱ། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་མགུལ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས་།དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས།། ༈ ཧཱུྃ། དུས་གསུམ་སངས་རྒྱས་ཀུན་འདུས་དཔལ། །སྲས་མཆོག་བཛྲ་ཀཱི་ལ་ཡ། །སྐུ་སྟོད་རབ་འཇིགས་ཁྲོ་བོའི་སྐུ། །གཡས་ཞལ་དཀར་ལ་རྣམ་པར་བཞད། །གཡོན་ཞལ་དམར་ལ་ཁྲོ་ཞིང་འཛུམ། །དབུས་ཞལ་མཐིང་ནག་རབ་ཏུ་ཁྲོ། །ཀཱི་ལ་ཡ་ཡི་སྒྲ་ཆེན་སྒྲོགས། །ཕྱག་དྲུག་མཚོན་


CMR013_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་ཆར་པ་འབེབས། །སྐུ་སྐྱེད་ཆུ་སྲིན་རྔམས་པའི་ཞལ། །སྦྲུལ་ནག་ཞགས་པ་གློག་ལྟར་འཁྱུགས། །སྐུ་སྨད་ཕུར་བུ་ཟུར་གསུམ་ལ། །ལྕགས་སྲེག་ཚྭ་ཚྭ་སྐར་ལྟར་འཁྲུགས། །གང་ལ་བཏབ་པ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཡིད་ལ་དམིགས་པའི་དགྲ་བགེགས་ཀྱི། །གཟུགས་ཕུང་ཐལ་བ་རྡུལ་དུ་རློགས། །ཕུར་པ་ཀླད་ལ་ལན་གསུམ་བསྐོར། །ཁམས་གསུམ་འཇིག་རྟེན་དབང་དུ་སྡུས། །ཕུར་པ་སྐེད་ལ་ལན་གསུམ་བསྐོར། །སྲིད་གསུམ་ཆེ་བཙན་ཟིལ་གྱིས་གནོན། །ཕུར་པ་སྨད་ལ་ལན་གསུམ་བསྐོར། །སྟོང་གསུམ་འཇིག་རྟེན་ཁ་ལོར་བསྒྱུར། །ཕུར་པ་གཡས་སུ་ལན་གསུམ་གདེངས། །དྲེགས་པ་ཕོ་རྒྱུད་བྲན་དུ་ཁོལ། །ཕུར་པ་གཡོན་དུ་ལན་གསུམ་གདེངས། །དྲེགས་པ་མོ་རྒྱུད་དབང་དུ་བསྡུས། །ཕུར་པ་མདུན་དུ་ལན་གསུམ་གདེངས། །གནོད་བྱེད་དགྲ་བགེགས་རྩད་ནས་གཅོད། །ཕུར་པ་དགྲ་བགེགས་སྙིང་ལ་འདེབས། །དུག་གསུམ་མ་རིག་གཞི་རྩ་གཅོད། །སྡང་བྱེད་དམ་ཉམས་དགྲ་དང་བགེགས། །མིང་ཙམ་མེད་པར་རྡུལ་དུ་རློགས། །ཨོཾ་མཉྫུ་ཤཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་བཛྲ་ཀཱི་


CMR013_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཀཱི་ལ་ཡཱ་དགྲ་བགེགས་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ། མི་ཤིགས་གནམ་ལྕགས་རྡོ་རྗེ་འབར། །རི་རབ་ཡིན་ཡང་རྡུལ་དུ་འཇོམས། །རྡོ་རྗེའི་ཆར་པ་དྲག་བབ་ནས། །དམ་ཉམས་གཟུགས་ཕུངོ་བརླག་པར་གྱིས། །ཧཱུཾ། ཤེས་རབ་རལ་གྲི་མེ་ལྟར་འབར། །གྲི་ཐུན་དྲག་པོ་ཚུ་ལྟར་འབྲུབས། །ཡིད་ལ་དམིགས་པའི་དགྲ་བགེགས་ཀྱི། གཏི་མུག་ཤ་ཡི་ཕུང་པོ་གཏུབ། །ཧཱུཾ། རྡོ་ཐུན་དྲག་པོ་རྦབ་ལྟར་འདྲིལ། །རང་བྱུང་འཆི་བདག་ལས་ཀྱི་མཚོན། །དྲག་སྔགས་ངར་ལྡན་ཐོག་དམར་རྒྱོབས། །དགྲ་བགེགས་ང་རྒྱལ་རྡུལ་དུ་རློགས། །ཧཱུཾ། མདའ་ཐུན་དྲག་པོ་ཐོག་ལྟར་འཕེན། །སྲོག་གཅོད་ལས་ཀྱི་མཚོན་ཆ་འདི། །དམ་ཉམས་བདུད་དང་དགྲ་བགེགས་ཀྱི། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཕོབ། །ཧཱུྃ། སྲིད་གསུམ་འཐོར་བྱེད་ལས་ཀྱི་རླུང་། །རླུང་ཐུན་དྲག་པོ་རྡུལ་ཐབས་ཡ། །བསྐལ་པ་འཇིག་པའི་འཐོར་རླུང་འདིས། །དགྲ་བགེགས་ཕྲག་དོག་དབུག་རྒྱུན་ཆོད། །ཧཱུྃ། དྲག་པོའི་ཐུན་རྫས་ཤ་རི་རཾ། །དྲག་སྔགས་གདུག་པའི་ངར་ལྡན་པས། །ཀུན་འཇོམས་ཉུངས་ཐུན་མདའ་ལྟར་འཕེན། །དགྲ་བགེགས་གཟུགས་ཀྱི་


CMR013_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་བཤིག །ཧཱུྃ། དྲག་པོའི་དཔལ་གཏོར་ཟུར་གསུམ་པ། །ཤ་ཁྲག་མཚེ་ཉུང་རྩང་གིས་བརྒྱན། །ཁྲོ་རྒྱལ་མཚོན་ཆ་འབར་བ་འདིས། །དགྲ་བགེགས་མ་ལུས་ཐལ་བར་རློགས། །ཧཱུཾ། མཚེ་མདའ་འཆི་བདག་ལས་ཀྱི་མཚོན། །སྐར་ལྟར་འཁྲུགས་ཤིང་ཐོག་ལྟར་འབེབས། །ཚེ་སྲོག་གཅོད་པའི་མཚེ་ཐུན་རྒྱོབས། །དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློགས། །ཧཱུཾ། སྣ་ཚོགས་དུག་ཐུན་ཆར་ལྟར་འབེབས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སློངས། །གནོད་བྱེད་བདུད་དང་དགྲ་བགེགས་ཀྱི། །འདུ་བ་དཀྲུགས་ལ་མྱུར་དུ་སོད། །ཧཱུཾ། ཁྲག་ཐུན་ཁོལ་མ་དུག་གི་ཆར། །མ་མོའི་ངན་སྔགས་དུག་གི་མཚོན། །སྣ་ཚོགས་ནད་ཡམས་དགྲ་ལ་ཕོབ། །དགྲ་བགེགས་བདུན་བརྒྱུད་རྩད་ནས་ཆོད། །ཧཱུྃ། ས་ཐུན་དྲག་པོ་རྫ་ལྟར་ཉིལ། །གང་ལ་དམིགས་པའི་དགྲ་བགེགས་ཀྱི། །ས་ཁམས་རང་གཤེད་རང་ལ་ཕོབ། །སོད་ཅིག་ཐུལ་ཅིག་བརླག་པར་གྱིས། །ཧཱུཾ། ཆུ་ཐུན་དྲག་པོ་རྦ་རླབས་འཁྲུགས། །གང་ལ་དམིགས་པའི་དགྲ་བགེགས་ཀྱི། །ཆུ་ཁམས་རང་གཤེད་རང་ལ་ཕོབ། །སོད་ཅིག་ཐུལ་ཅིག་བརླག་པར་


CMR013_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཧཱུྃ། མེ་ཐུན་དྲག་པོ་འབར་ཞིང་འཁྲུགས། །གང་ལ་དམིགས་པའི་དགྲ་བགེགས་ཀྱི། །མེ་ཁམས་རང་གཤེད་རང་ལ་ཕོབ། །སོད་ཅིག་ཐུལ་ཅིག་བརླག་པར་གྱིས། །རླུང་ཐུན་དྲག་པོ་འཚུབ་མ་འཁྱིལ། །གང་ལ་དམིགས་པའི་དགྲ་བགེགས་ཀྱི། །རླུང་ཁམས་རང་གཤེད་རང་ལ་ཕོབ། །སོད་ཅིག་ཐུལ་ཅིག་བརླག་པར་གྱིས། །ཕུར་པ་ཅན་གྱིས་སྙིང་ལ་ཐོབ། །རྡོ་རྗེ་ཅན་གྱིས་རྡུལ་དུ་རློགས། །འཁོར་ལོ་ཅན་གྱིས་ལྷུ་ཚིགས་ཕྲོལ། །ཐོ་བ་ཅན་གྱིས་མགོ་ནས་ཆོམས། །རལ་གྲི་ཅན་གྱིས་དུམ་བུར་གཏུབས། །སྣ་ཚོགས་མཚོན་ཆའི་ཆར་ཕབ་སྟེ། །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །གོང་གི་བསད་སྔགས་བརྗོད་ལ་བསྒྲལ་ནས། བསྟབ་པ་བྱ་བ་ནི། ཧཱུྃ། གྲུ་གསུམ་བྷནྡྷ་འབར་བ་ཡངས་པའི་སྣོད། །དགྲ་བགེགས་ཤ་ཁྲག་རུས་པ་བདུད་རྩི་བཅུད། །ཕྱི་ནང་དབང་པོ་ལྔ་དང་དོན་སྙིང་ལྔ། །ཀློད་རུས་རྐང་དམར་ཁོང་ཁྲག་བླ་ཚེ་དབུགས། །བཅོམ་ལྡན་གཤིན་རྗེའི་གཤེད་པོའི་ཞལ་དུ་བསྟབ། །ཡུམ་ཆེན་བེ་ཏ་ལི་ཡི་ཞལ་དུ་བསྟབ། །སྐུ་མཆོག་འཇམ་དཔལ་ལྷ་ཚོགས་ཞལ་དུ་བསྟབ། །གསུང་མཆོག་རྟ་མགྲིན་ལྷ་ཚོགས་ཞལ་དུ་བོསྟབ། །


CMR013_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མཆོག་ཕྱག་རྡོར་ལྷ་ཚོགས་ཞལ་དུ་བསྟབ། །ཡོན་ཏན་ཆོས་རྒྱལ་ལྷ་ཚོགས་ཞལ་དུ་བསྟབ། །ཕྲིན་ལས་བདུད་རྩི་འཁྱིལ་པའི་ཞལ་དུ་བསྟབ། །སྲས་མཆོག་རིགས་བཞི་ཡབ་ཡུམ་ཞལ་དུ་བསྟབ། །གཤིན་རྗེ་ཡ་མ་རཱ་ཙའི་ཞལ་དུ་བསྟབ། །མ་མོ་ཨེ་ཀ་ཙ་ཏིའི་ཞལ་དུ་བསྟབ། །བདུད་པོ་སྐོས་རྗེ་དྲང་དཀར་ཞལ་དུ་བསྟབ། །བཙན་རྒོད་ཡམ་ཤུད་དམར་པོའི་ཞལ་དུ་བསྟབ། །མགོན་པོ་ལེགས་ལྡན་ནག་པོའི་ཞལ་དུ་བསྟབ། །མ་གཅིག་འདོད་ཁམས་གཙོ་མོའི་ཞལ་དུ་བསྟབ། །བསྟན་སྲུང་ཁྱབ་འཇུག་ཆེན་པོའི་ཞལ་དུ་བསྟབ། །སྲོག་བདག་རྒྱལ་པོ་པེ་དཀར་ཞལ་དུ་བསྟབ། །དམ་ཅན་རྡོ་རྗེ་ལེགས་པའི་ཞལ་དུ་བསྟབ། །གདུག་པའི་ཀླུ་བདུད་ནག་པོའི་ཞལ་དུ་བསྟབ། །ཡུལ་འཁོར་དྲི་ཟའི་དམག་ཚོགས་ཞལ་དུ་བསྟབ། །འཕགས་སྐྱེས་གཤིན་རྗེའི་དམག་ཚོགས་ཞལ་དུ་བསྟབ། །སྤྱན་བཟང་ཀླུ་ཡི་དམག་ཚོགས་ཞལ་དུ་བསྟབ། །རྣམ་སྲས་གནོད་སྦྱིན་དམག་ཚོགས་ཞལ་དུ་བསྟབ། །ཤར་ཕྱོགས་དྲི་ཟའི་དམག་ཚོགས་ཞལ་དུ་བསྟབ། །ཤར་ལྷོ་མེ་ལྷའི་དམག་ཚོགས་ཞལ་དུ་བསྟབ། །ལྷོ་ཕྱོགས་གཤིན་རྗེའི་དམག་ཚོགས་ཞལ་དུ་


CMR013_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབ། །ལྷོ་ནུབ་སྲིན་པོའི་དམག་ཚོགས་ཞལ་དུ་བསྟབ། །ནུབ་ཕྱོགས་ཀླུ་ཡི་དམག་ཚོགས་ཞལ་དུ་བསྟབ། །ནུབ་བྱང་རླུང་ལྷའི་དམག་ཚོགས་ཞལ་དུ་བསྟབ། །བྱང་ཕྱོགས་གནོད་སྦྱིན་དམག་ཚོགས་ཞལ་དུ་བསྟབ། །བྱང་ཤར་དབང་ལྡན་དམག་ཚོགས་ཞལ་དུ་བསྟབ། །སྟེང་ཕྱོགས་ཚངས་པའི་དམག་ཚོགས་ཞལ་དུ་བསྟབ། །འོག་ཕྱོགས་ས་བདག་དམག་ཚོགས་ཞལ་དུ་བསྟབ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཞལ་དུ་བསྟབ། །གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ། །འདོད་ཆགས་ཁྲག་ལ་ལྗིབ་ལྗིབ་དགྱེས་པར་རོལ། །ཞེ་སྡང་རུས་ལ་ཕྲུམ་ཕྲུམ་དགྱེས་པར་རོལ། །ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་བཛྲ་ཨཱ་ར་ལི། །ལྷག་མེད་དབྱིངས་སུ་རོལ་ཅིག་ས་མ་ཡ། །ཤ་ཁམས་ཁྲག་ཐིགས་ཙམ་ཡང་མ་ལུས་པར། །ལས་བྱེད་ཕོ་ཉ་རྣམས་ཀྱིས་དགྱེས་པར་རོལ། །གནོད་བྱེད་ནི་ཏྲི་ཤ་ཏུཾ་མཱ་ར་ཡ་ཕཊ༔ དུག་གསུམ་ཤ་ཁྲག་རུས་ལ་ཁ་རཾ་ཁཱ་ཧི། །ཞེས་ལིང་རོ་མདོས་ནང་དུ་འབུལ་ལ། སྨན་རཀ་གིས་བྲན་ལ། དེ་ནས་བསྟོད་པ་བྱ་བ་ནི་འདི་སྐད་དོ།། ༈ ཧཱུྃ། གྲུ་གསུམ་མཐིང་ནག་ཨེ་ཡི་ཕོ་བྲང་ནི། །ཆོས་ཀྱི་འབྱུང་གནས་མཁའ་


CMR013_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དག་པའི་རྟགས། །ཆུ་གླང་པདྨ་ཉི་མའི་གདན་ཁྲི་ནི། །ཟིལ་གནོན་སྐྱོན་བྲལ་ཐབས་ཤེས་ཟུང་འཇུག་རྟགས། །དྲེགས་པ་ཕོ་མོ་ཞབས་ཀྱིས་མནན་པ་ནི། །སྲིད་གསུམ་འགྲན་བྲལ་བདུད་ལས་རྒྱལ་བའི་རྟགས། །སྐུ་མདོག་མཐིང་ནག་རྔམས་པར་བསྟན་པ་ནི། །ཆོས་སྐུ་ནམ་ཡང་འགྱུར་བ་མེད་པའི་རྟགས། །མི་བཟད་ཁྲོ་གཏུམ་འཇིགས་པར་བསྟན་པ་ནི། །མ་རུངས་དྲག་པོ་ལས་ཀྱིས་ཚར་གཅོད་རྟགས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ་ནི། །སྐུ་གསུམ་ཕྱིན་དྲུག་རྟོགས་དང་བདུད་འཇོམས་རྟགས། །གཡས་ཞལ་དཀར་ལ་རྣམ་པར་བཞད་པ་ནི། །ཆོས་སྐུ་ཉོན་མོངས་སྐྱོན་གྱིས་མ་གོས་རྟགས། །གཡོན་ཞལ་དམར་ལ་གཤེ་བར་བསྟན་པ་ནི། །ལོངས་སྐུ་ཐམས་ཅད་དབང་དུ་བསྡུད་པའི་རྟགས། །དབུས་ཞལ་མཐིང་ནག་ཁྲོ་ཞིང་རྔམས་པ་ནི། །ཆོས་སྐུའི་རང་རྩལ་སྤྲུལ་སྐུས་འགྲོ་འདུལ་རྟགས། །སྤྱན་དགུ་གྱེན་མཐུར་ཐད་ཀར་གཟིགས་པ་ནི། །ཏིང་འཛིན་གསུམ་ལྡན་སྲིད་གསུམ་གཟིགས་པའི་རྟགས། །ཞལ་གདངས་མཆེ་བ་ཟུར་གསུམ་གཙིགས་པ་ནི། །ཁམས་གསུམ་དུག་གསུམ་འཁོར་བ་ཟད་བྱེད་


CMR013_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས། །མཆེ་བ་རྣོ་ངར་དབལ་ལྡན་ཚེམས་བཟང་ནི། །ལས་དང་ཉོན་མོངས་བག་ཆགས་རྩད་གཅོད་རྟགས། །ལྗགས་འདྲིལ་རྐན་རྡེབ་དྲག་པོའི་ང་རོ་ནི། །མཁའ་འགྲོ་བྲན་མོ་ལས་ལ་འཛུད་པའི་རྟགས། །ཞལ་ནས་ཧཱུྃ་དང་སྙན་ནས་འབྲུག་སྒྲོགས་པ། །འཁོར་འདས་ཆོས་ལ་རང་དབང་བསྒྱུར་བའི་རྟགས། །ཁྲོ་གཉེར་གསུམ་ལྡན་འཇིགས་པར་བསྡུས་པ་ནི། །དུས་གསུམ་རྒྱལ་བའི་མངོན་སྤྱོད་མཛད་པའི་རྟགས། །སྨིན་མ་སྨ་ར་དམར་སེར་འཁྱིལ་བ་ནི། །སྲིན་པོ་རྟག་འཛིན་ཚོམ་བུར་འདྲེན་པའི་རྟགས། །དབུ་སྐྲ་ཟུར་གསུམ་མེ་འབར་གྱེན་འཁྱིལ་བ། །དགྲ་གསུམ་དབྱིངས་བསྒྲལ་རྣམ་ཐར་གསུམ་ལྡན་རྟགས། །གཡས་གསུམ་རལ་གྲི་ཐོ་བ་གཏུན་ཤིང་ནི། །བདག་འཛིན་གཞན་འཛིན་གཉིས་འཛིན་འཇོམས་པའི་རྟགས། །གཡོན་གསུམ་ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་ནི། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་འཇོམས་པའི་རྟགས། །གླང་ཆེན་ཀོ་རློན་སྟག་ལྤགས་གྱོན་པ་ནི། །གཏི་མུག་ང་རྒྱལ་མ་སྤང་དག་པའི་རྟགས། །སྲིན་པོའི་མི་ལྤགས་གཡང་གཞི་གསོལ་བ་ནི། །ཞེ་སྡང་འདོད་ཆགས་མ་སྤང་དག་པའི་རྟགས། །ཐོད་པ་སྐམ་རློན་ར་


CMR013_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རི་རྒྱུ་མས་སྤྲེལ། །དོ་ཤལ་སྐུ་གསུམ་དུག་གསུམ་འགྲུབ་པའི་རྟགས། །ཐོད་སྐམ་ལྔ་ཡི་སྲོག་ཞུ་རིགས་ལྔས་བརྒྱན། །རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ་ལྡན་རྟགས། །སྦྲུལ་རིགས་ལྔ་ཡི་རྒྱན་དུ་བྱས་པ་ནི། །ཕྲིན་ལས་ལྷུན་གྲུབ་ཀླུ་ལྔ་དབང་སྡུད་རྟགས། །རྡོ་རྗེའི་གཤོག་པ་གཡས་གཡོན་བརྐྱངས་པ་ནི། །སྲིད་གཞིར་མི་གནས་དོན་གཉིས་ལྷུན་གྲུབ་རྟགས། །བ་སྤུ་མཚོན་ཆ་ཁྲོ་ཆུང་གཏམས་པ་ནི། །མངོན་སྤྱོད་མཐར་ཕྱིན་དགྲ་བགེགས་སྒྲོལ་བའི་རྟགས། །དུར་ཁྲོད་དཔལ་ཆས་ཡོངས་རྫོགས་སྨྲས་པ་ནི། །ཧེ་རུ་ཀ་ཡི་གཙོ་འཁོར་གྱུར་པའི་རྟགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་བཀོད་པ། །རྒྱལ་བ་ཀུན་གྱི་ངོ་བོར་གྱུར་པའི་རྟགས། །གཉིས་མེད་ཤེས་རབ་ཡུམ་དང་སྦྱོར་བ་ནི། །ཐབས་ཤེས་བདེ་སྟོང་ཟུང་དུ་འཇུག་པའི་རྟགས། །སྤྲུལ་པ་ཡང་སྤྲུལ་ནམ་མཁའ་ཁྱབ་པ་ནི། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན་པའི་རྟགས། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ནི། །གཟུང་འཛིན་ལྔ་བསྲེགས་མ་རིག་མུན་སེལ་རྟགས། །ཐབས་མཁས་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་མཐུའི་དབང་ཕྱུག་གཤིན་རྗེའི་


CMR013_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད། །སྲིད་གསུམ་དགྲ་བགེགས་ཚར་གཅོད་ཁྲོ་བོ་ལ། །རྟགས་ཀྱི་སྒོ་ནས་འགྲོ་མཚོན་ཕྱག་འཚལ་བསྟོད། །འདི་ཕྱི་ཀུན་ཏུ་བྱང་ཆུབ་སྒྲུབ་པ་ལ། །བདུད་དང་དགྲ་བགེགས་མི་མཐུན་བར་ཆད་ལ། །བཅོམ་ལྡན་དཔལ་ཆེན་ཁྱེད་ཀྱི་གཟི་བརྗིད་ཀྱིས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་མཛད་དུ་གསོལ། །དེང་ནས་བཟུང་སྟེ་མཆོག་ལ་མ་རེག་བར། །སྐྱབས་མཆོག་ཁྱེད་ལས་གཞན་མེད་ཁྱོད་ཉིད་ཀྱིས། །འབྲལ་མེད་རྗེས་བཟུང་དངོས་གྲུབ་མ་ལུས་པ། །འབད་རྩོལ་མེད་པར་མྱུར་དུ་བསྩལ་དུ་གསོལ། །ཅེས་གསལ་འདེབས་རྟགས་ཀྱིས་བསྟོད་པ་གདུང་བའི་དབྱངས་ཀྱིས་བྱའོ།་་།དེ་ནས་ལིང་རོ་དུམ་བུ་གཏོར་ཆུང་ཤ་དུམ་ཁྲག་ཐིགས་བདུད་རྩིས་བྲན་སུམ་ཅུ་སོ་གཅིག་རིམ་པར་འབུལ་བ་ནི། གཙོ་འཁོར་བསྟོད་པའི་མཚམས་སུ་འདོད་གསོལ་བྱ་བར་གསུངས་སོ།། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་ཕོ་བྲང་ནས། །མ་ཧེ་པདྨ་ཉི་ཟླ་དྲེགས་པའི་སྟེང་། །བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་གཤིན་རྗེའི་གཤེད། །མཐིང་ནག་གཏུམ་རྔམས་མི་བཟད་འཇིགས་པའི་གཟུགས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་བསྒྲད། །གཡས་དཀར་གཡོན་དམར་དབུས་མཐིང་


CMR013_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་ཞལ། །ཞལ་རེར་སྤྱན་གསུམ་ཉི་ཟླའི་སྡང་མིག་གཟིགས། །།རབ་དཀར་ཞལ་ནས་རྣོ་དཀར་མཆེ་བ་གཙིགས། །ལྗགས་འདྲིལ་རྐན་རྡེབ་དྲག་པོའི་ང་རོ་སྒྲོགས། །ཤངས་ནས་ཧཱུྃ་འབྱིན་སྙན་ནས་འབྲུག་སྟོང་ལྡིར། །ཁྲོ་གཉེར་འཇིགས་བསྡུས་སྨིན་མ་སྨ་ར་དང་། །ཨག་ཚོམ་དབུ་སྐྲ་བསྐལ་པའི་མེ་ལྟར་འབར། །བ་སྤུ་མཚོན་ཆ་རྡོ་རྗེའི་གཤོག་པ་གདེངས། །གཡས་ཀྱི་དང་པོས་རལ་གྲིས་བདག་འཛིན་གཅོད། །བར་བས་ཐོ་བས་གནོད་བྱེད་ཀླད་རུས་འགེམ། །ཐ་མས་གཏུན་ཤིང་དམ་ཉམས་རྡུལ་དུ་བརླག་་གཡོན་གྱི་དང་པོས་ལྕགས་ཀྱུས་སྲིད་གསུམ་འགུགས། །བར་པ་ཞགས་པས་ལོག་འདྲེན་ཀུན་ནས་འཆིངས། །ཐ་མས་ཐོང་གཤོལ་དགྲ་བོ་ཁ་ཞིབ་ལྡོག །གླང་ཆེན་ཀོ་རློན་སྟག་ལྤགས་ཤམ་ཐབས་དང་། །སྲིན་པོའི་གཡང་གཞི་ཀླུ་རྒྱལ་སྦྲུལ་ཆུན་སྤྲས། །ཐོད་སྐམ་ཐོད་རློན་ཕྲེང་བས་དབུ་རྒྱན་དང་། །དོ་ཤལ་གདུབ་བུ་ཁྲག་འཛག་སྲེད་བུས་སྦྲེལ། །རིན་ཆེན་རུས་རྒྱན་ཁྲག་ཞག་ཚོམ་བུས་སྤྲས། །དུར་ཁྲོད་དཔལ་ཆེས་ཡོངས་རྫོགས་གར་དགུའི་ཉམས། །རིགས་ལྔས་རྒྱས་བཏབ་རྒྱལ་བའི་སྤྱི་མྱེས་ཆེ། །ཅི་ལྟར་


CMR013_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ཡང་འགྲོ་འདུལ་ཕྲིན་ལས་རྩལ། །གཉིས་མེད་དགྱེས་ཡུམ་བྷེ་ཏཱ་ཙ་ལི་སྦྱོར། །གཙོ་མཆོག་ཐུགས་དམ་བསྐུལ་མཛད་སངས་རྒྱས་བསྐྱེད། །ཁྲོ་མོའི་ཆས་རྫོགས་ཁྲོ་འཛུམ་གར་དགུའི་ཉམས། །གྲི་གུག་ཕུར་བུ་ལྕགས་དྲྭ་བྷནྡྷའི་ཕྱག །བདེ་སྟོང་རོལ་གར་ཟག་མེད་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་རྒྱལ་བའི་སྐུ་མཆོག་རིགས་ཀྱི་ལྷ། །འཇམ་དཔལ་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་ཆས་ཡོངས་རྫོགས་རལ་གྲི་སྡིགས་མཛུབ་ཕྱག །གཏི་མུག་ཆོས་ཀྱི་རང་གྲོལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་རྒྱལ་བའི་གསུང་མཆོག་རིགས་ཀྱི་ལྷ། །རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་ཆས་ཡོངས་རྫོགས་ཐོད་དབྱུག་སྡིགས་མཛུབ་ཕྱག །འདོད་ཆགས་སོར་རྟོག་རང་གྲོལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་མཆོག་རིགས་ཀྱི་ལྷ། །ཕྱག་རྡོར་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་ཆས་ཡོངས་རྫོགས་རྡོ་རྗེ་སྡིགས་མཛུབ་ཕྱག །ཞེ་སྡང་མེ་ལོང་ཡེ་ཤེས་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་རྒྱལ་བའི་ཡོན་ཏན་རིགས་ཀྱི་ལྷ། །ཆོས་རྒྱལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། །


CMR013_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆས་ཡོངས་རྫོགས་བེ་ཅོན་སྡིགས་མཛུབ་ཕྱག །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་རྒྱལ་བའི་ཕྲིན་ལས་རིགས་ཀྱི་ལྷ། །བདུད་རྩི་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་ཆས་ཡོངས་རྫོགས་རྒྱ་གྲམ་སྡིགས་མཛུབ་ཕྱག །ཕྲག་དོག་བྱ་གྲུབ་ཡེ་ཤེས་ཕྱག་འཚལ་བསྟོད། །ཧཱུྃ། བཛྲ་ཡ་མཱནྟ་ཀ་མཐིང་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །རྡོ་རྗེ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །ཞེ་སྡང་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུཾ། རཏྣ་ཡ་མཱནྟ་ཀ་སེར་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །ཁྲོ་ཆས་ཡོངས་རྫོགས་རིན་ཆེན་སྡིགས་མཛུབ་མཛད། །ང་རྒྱལ་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུཾ། པདྨ་ཡ་མཱནྟ་ཀ་དམར་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །ཁྲོ་ཆས་ཡོངས་རྫོགས་པདྨ་སྡིགས་མཛུབ་མཛད། །འདོད་ཆགས་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུཾ། ཀརྨ་ཡ་མཱནྟ་ཀ་ལྗང་ནག་འཕྲོས། །དུར་ཁྲོད་ཆེས་རྫོགས་སྦྱོར་སྒྲོལ་ཡུམ་དང་


CMR013_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ཁྲོ་ཆས་ཡོངས་རྫོགས་རྒྱ་གྲམ་བེ་ཅོན་འཛིན། །ཕྲག་དོག་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། འབྱུང་བ་ལྡན་བཞི་རྔམས་པའི་འོག་རོལ་ན། །གཤིན་ཡུལ་འཇིགས་ཤིང་ཡི་ངའི་གྲོང་ཁྱེར་ན། །སྒོ་མེད་ལྕགས་མཁར་འབར་བའི་ནང་ཤེད་ན། །སྲིད་པའི་ཤིན་པ་འཚོགས་པའི་གྲོང་ཁྱེར་ན། །ལས་ཀྱི་འཆི་བདག་ཡ་མ་རཱ་ཙ་ནི། །སེར་ནག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །ཞལ་གདངས་མཆེ་གཙིགས་མེ་འདྲའི་སྐུ་འབར་ཞིང་། །ཁྲམ་ཤིང་ཐོད་ཁྲག་ཐོགས་ནས་དགྲ་བགེགས་བསྒྲལ། །མི་ལྤགས་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་ཅན། །མ་ཧེ་ཞོན་ནས་སྤྲུལ་པ་གྲངས་མེད་འགྱེད། །དམ་ལ་མི་འདའ་རྣལ་འབྱོར་ཕྲིན་ལས་སྒྲུབས། །སྣང་སྲིད་གཤིན་རྗེ་ཡོངས་ཀྱི་གཙོ་ལ་བསྟོད། །ཧཱུྃ། བྱང་ཤར་རྦ་རླབས་རྒྱ་མཚོ་འཁྲུགས་པའི་གནས། །རབ་འཇིགས་དུར་ཁྲོད་མེ་རླུང་འཚུབ་མའི་དབུས། །སྲིད་པའི་མ་མོ་མཁའ་འགྲོའི་གྲོང་ཁྱེར་ན་། །ཐོད་མཁར་དགུ་བརྩེགས་ནང་ན་བཞུགས་མཛེས་ནི། །ཨེ་ཀ་ཙ་ཏི་སྔགས་ཀྱི་མ་མོ་ནི། །དམར་ནག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་མ། །ཞལ་གདངས་མཆེ་


CMR013_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་ཁྲག་རལ་མཐུར་དུ་འཕྱང་། །རལ་གྲི་ནད་རྐྱལ་ཐོགས་ནས་དགྲ་བགེགས་སྒྲོལ། །མི་ལྤགས་སྟོད་གཡོགས་གཟིག་ལྤགས་སྨད་དཀྲིས་ཅན། །དྲིའུ་ཞོན་ནས་སྤྲུལ་པ་གྲངས་མེད་འགྱེད། །དམ་ལ་མི་འདའ་རྣལ་འབྱོར་ཕྲིན་ལས་སྒྲུབས། །སྣང་སྲིད་མ་མོ་ཡོངས་ཀྱི་གཙོ་ལ་བསྟོད།། ༈ ཧཱུཾ། བདུད་ཡུལ་མུན་པ་རིམ་དགུའི་གླིང་ཤེད་ན། །སྲོག་གཅོད་བདུད་ནག་འཚོགས་པའི་གྲོང་ཁྱེར་ན། །མི་རོ་རྟ་རོ་སྤུངས་པའི་དུར་ཁྲོད་ནས། །ཤ་ཁྲག་སྲོག་དབུགས་རྩ་བའི་ཕོ་བྲང་ནས། །བདུད་ཀྱི་རྒྱལ་པོ་ཀོས་རྗེ་དྲང་དཀར་ནི། །མཐིང་ནག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །ཞལ་གདངས་མཆེ་གཙིགས་མེ་ཡི་རང་བཞིན་འབར། །ཁྲམ་ཤིང་བདུད་ཞགས་དགྲ་སྟས་དགྲ་བགེགས་སྒྲོལ། །དར་ནག་བེར་གྱོན་སྦྲུལ་ནག་སྐེ་རགས་བཅིངས། །རྟ་ནག་ཞོན་ནས་སྤྲུལ་པ་གྲངས་མེད་འགྱེད། །དམ་ལ་མི་འདའ་རྣལ་འབྱོར་ཕྲིན་ལས་སྒྲུབས། །སྣང་སྲིད་བདུད་རིགས་ཡོངས་ཀྱི་གཙོ་ལ་བསྟོད། །ཧཱུཾ། རྡོ་རྗེའི་བྲག་དམར་གཏམས་པའི་རྩེ་གཤེད་ན། །ཤ་རི་ཁྲག་མཚོ་འཁྱིལ་པའི་ནང་ཤེད་ན། །སྲིད་པའི་བཙན་རྒོད་


CMR013_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་པའི་གྲོང་ཁྱེར་ན། །དགྲ་སྙིང་ཟས་སུ་ཟ་བའི་ཕོ་བྲང་ནས། །སྲོག་གཟན་དམར་པོ་དགྲ་བོའི་གཤེད་མ་ནི། །ཁྲག་མདོག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །ཞལ་གདངས་མཆེ་གཙིགས་ཟངས་རལ་མེ་ལྟར་འབར། །རུ་མཚོན་མདའ་གཞུ་ཐོགས་ནས་དགྲ་བགེགས་བསྒྲལ། །དར་དམར་བེར་གྱོན་གློག་གི་ཕྲེང་བས་བརྒྱན། །ཐཙན་རྟ་ཞོན་ནས་སྤྲུལ་པ་གྲངས་མེད་འགྱེད། །དམ་ལ་མི་འདའ་རྣལ་འབྱོར་ཕྲིན་ལས་སྒྲུབས། །སྣང་སྲིད་བཙན་རྣམས་ཡོངས་ཀྱི་གཙོ་ལ་བསྟོད། །ཧཱུྃ། དཔལ་གྱི་བཀའ་ཉན་མགོན་པོ་མཐུ་རྩལ་ཅན། །མཐིང་ནག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་མཆེ་བ་དགྲ་སྙིང་རོལ། །གཡས་གཡོན་ཙན་དན་བེང་ཆེན་ལྕགས་པར་བསྣམས། །དར་ནག་བེར་གྱོན་རྟ་ནག་ཆིབས་ལ་བསྟོད། །བྷྱོ༔ མ་གཅིག་འདོད་ཁམས་གཙོ་མོ་མཐུ་རྩལ་ཅན། །མཐིང་ནག་རབ་ཁྲོས་ཞལ་གཅིག་ཕྱག་བཞི་མ། །སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས། །རལ་གྲི་ཐོད་ཁྲག་ཤག་ཏི་མདུང་དར་བསྣམས། །མི་ལྤགས་གྱོན་ནས་བོང་བུ་ཆིབས་ལ་བསྟོད། །ཧཱུྃ། དྲེགས་པའི་སྡེ་དཔོན་གཟའ་བདུད་མཐུ་


CMR013_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ཅན། །དུང་མདོག་རབ་ཁྲོས་དབུ་དགུ་ཕྱག་གཉིས་པ། །མགོ་ལུས་མིག་གང་རབ་བསྒྲད་མཆེ་བ་གཙིགས། །བྱ་རོག་དབུ་རྒྱན་མདའ་གཞུ་སྦྲུལ་ཞགས་འཛིན། །སྐུ་སྨད་སྦྲུལ་འཁྱིལ་ཀིང་ཀང་འབེབས་མཛད་བསྟོད། །ཧཱུྃ། སྲོག་བདག་རྒྱལ་པོ་དཔེ་ཧར་མཐུ་རྩལ་ཅན། །དཀར་གསལ་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས། །གཡས་གཡོན་ཤེལ་གྱི་རལ་གྲི་དགྲ་སྙིང་འཛིན། །དར་དཀར་བེར་གྱོན་སེངྒེ་ཆིབས་ལ་བསྟོད། །ཧཱུྃ། དམ་ཅན་སྐྱེས་བུ་རྡོར་ལེགས་མཐུ་རྩལ་ཅན། །དཀར་གསལ་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས། །གཡས་གཡོན་རྡོ་རྗེ་ར་ཡི་རྒྱལ་མཚན་ཕྱར། །དར་ནག་བེར་གྱོན་ཁྱུ་མཆོག་ཆིབས་ལ་བསྟོད། །ཧཱུཾ། གདུག་པའི་ཀླུ་བདུད་ནག་པོ་མཐུ་རྩལ་ཅན། །མུན་མདོག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས། །གཡས་གཡོན་ཁྲམ་ཤིང་སྦྲུལ་ཞགས་ནད་རྐྱལ་བསྣམས། །སྦྲུལ་མགོ་དགུའི་གདེངས་སྦྲུལ་མཇུག་འཁྱིལ་ལ་བསྟོད། །ཧཱུཾ། ཤར་


CMR013_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་བའི་རྒྱལ་པོ་མཐུ་རྩལ་ཅན། །དུང་མདོག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས། །གཡས་གཡོན་རུ་མཚོན་རྒྱུན་མང་ནམ་མཁར་ཕྱིར། །དུང་ཁྲབ་གྱོན་ནས་རྟ་དཀར་ཆིབས་ལ་བསྟོད།་་་་ཧཱུྃ། ལྷོ་ཕྱོགས་སྐྱོང་བའི་རྒྱལ་ཆེན་མཐུ་རྩལ་ཅན། །མཐིང་ནག་རབ་ཁྲོ་ས་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས། །གཡས་གཡོན་རལ་གྲི་རུ་དར་དགྲ་ལ་ཕྱར། །ལྕགས་ཁྲབ་གྱོན་ནས་རྟ་སྔོན་ཆིབས་ལ་བསྟོད། །ཧཱུྃ། ནུབ་ཕྱོགས་སྐྱོང་བའི་རྒྱལ་ཆེན་མཐུ་རྩལ་ཅན། །མཚལ་མདོག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས། །གཡས་གཡོན་སྦྲུལ་ཞགས་རུ་དར་དགྲ་ལ་ཕྱར། །ཟངས་ཁྲབ་གྱོན་ནས་མཚལ་བུ་ཆིབས་ལ་བསྟོད། །ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་མཐུ་རྩལ་ཅན། །ལྗང་སེར་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས། །གཡས་གཡོན་ནེའུ་རུ་དར་དགྲ་ལ་ཕྱིར། །བསེ་ཁྲབ་གསོལ་ནས་རྟ་སེར་ཆིབས་ལ་བསྟོད། །ཧཱུཾ། དབང་པོ་དཀར་པོ་རྡོ་རྗེ་


CMR013_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཐུན་ཟོར་ཐོགས་ནས་དགྲ་སྲོག་གཅོད། །གླང་པོ་ཞོན་ནས་ལྷ་དམག་འགྱེད། །གཏོར་ལོངས་ཤར་ཕྱོགས་དགྲ་བགེགས་ཟློག །ཧཱུྃ། གཤིན་རྗེ་སྔོན་པོ་ཐོད་དབྱུག་དང་། །ཐུན་ཟོར་ཐོགས་ནས་དགྲ་སྲོག་གཅོད། །མ་ཧེ་ཞོན་ནས་གཤིན་རྗེ་འགྱེད། །གཏོར་ལོངས་ལྷོ་ཕྱོགས་དགྲ་བགེགས་ཟློག །ཧཱུཾ། ཆུ་བདག་དཀར་པོ་སྦྲུལ་ཞགས་དང་། །ཐུན་ཟོར་ཐོགས་ནས་དགྲ་སྲོག་གཅོད། །ཆུ་སྲིན་ཞོན་ནས་ཀླུ་དམག་འགྱེད། །གཏོར་ལོངས་ནུབ་བྱང་དགྲ་བགེགས་ཟློག །ཧཱུྃ། གནོད་བྱེད་ལྗང་ཁུའི་དབྱུག་ཐོ་དང་། །ཐུན་ཟོར་ཐོགས་ནས་དགྲ་སྲོག་གཅོད། །ཁྱུ་མཆོག་ཆིབས་ནས་གནོད་སྦྱིན་འགྱེད། །གཏོར་ལོངས་བྱང་ཕྱོགས་དགྲ་བགེགས་ཟློག །ཧཱུྃ། མེ་ལྷ་དམར་སེར་མེ་ཐབ་དང་། །མེ་ཟོར་ཐོགས་ནས་དགྲ་སྲོག་གཅོད། །ར་སྐྱེས་ཞོན་ནས་དྲང་སྲོང་འགྱེད། །གཏོར་ལོངས་ཤར་ལྷོའི་དགྲ་བགེགས་ཟློག །ཧཱུྃ། སྲིན་པོ་སྔོ་ནག་རལ་གྲི་དང་། །ཁྲག་ཟོར་ཐོགས་ནས་དགྲ་སྲོག་གཅོད། །གྱད་མི་ཞོན་ནས་ཤ་ཟ་འགྱེད། །གཏོར་ལོངས་ལྷོ་ནུབ་དགྲ་བགེགས་ཟློག །ཧཱུྃ། རླུང་ལྷ་སྔོ་སྐྱ་བ་དན་དང་། །


CMR013_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་འཁོར་ལོས་དགྲ་སྲོག་གཅོད། །ཤ་བ་ཆིབས་ནས་རླུང་ལྷ་འགྱེད། །གཏོར་ལོངས་ནུབ་བྱང་དགྲ་བགེགས་ཟློག །ཧཱུྃ། དབང་ལྡན་དཀར་པོའི་རྩེ་གསུམ་དང་། །མཚོན་ཆའི་འཁོར་ལོས་དགྲ་སྲོག་གཅོད། །ཁྱུང་ཆེན་ཆིབས་ནས་ཟ་བྱེད་འགྱེད། །གཏོར་ལོངས་བྱང་ཤར་དགྲ་བགེགས་ཟློག །ཧཱུཾ། ཚངས་པ་དམར་སེར་ཟླ་བ་དང་། །འཇའ་ཚོན་ཞིགས་པས་དགྲ་སྲོག་གཅོད། །ངང་པ་ཞོན་ནས་ཚངས་པ་འགྱེད། །གཏོར་ལོངས་སྟེང་ཕྱོགས་དགྲ་བགེགས་ཟློག །ཧཱུྃ། ས་ཡི་ལྷ་མོའི་བུམ་པ་དང་། །མུན་པའི་པར་བུས་དགྲ་སྲོག་གཅོད། །ཕག་རྒོད་ཆིབས་ནས་ས་བདག་འགྱེད། །གཏོར་ལོངས་འོག་ཕྱོགས་དགྲ་བགེགས་ཟློག །ཧཱུྃ། ཕྱོགས་སྐྱོང་བཅུ་དང་དེ་ཡི་འཁོར། །ཕྱི་ནང་གསང་བའི་སྡེ་བརྒྱད་ལས། །སྲིད་པའི་ལྷ་འདྲེ་ཕོ་མོ་ནི། །སྟོང་གི་དྲ་བ་ལས་ལ་འགྱེད། །ལས་ལ་གྲུབ་པ་དྲེགས་པའི་ཚོགས། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་། །གསུང་སྤྲུལ་ལ་སོགས་གྲངས་མེད་རྣམས། །དཔལ་གྱི་བཀའ་བྱུང་དམ་ལ་འདུས། །མི་སྲུན་དྲག་པོ་ཁྱེད་རྣམས་ཀྱི། །སྐུ་ནི་མ་ངེས་སྟོང་གསུམ་ཁྱབ། །ཆེ་ཆུང་ཞི་དྲག་ཅིར་ཡང་


CMR013_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུ། །རྣལ་འབྱོར་དགྲ་ལ་ཆད་པའི་ཚེ། །མི་སྡུག་ཁྲོ་གཏུམ་རྔམས་པའི་ཚེ། །བང་ནི་སྐར་མདའ་གློག་བས་མྱུར། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབས། །གདུག་པའི་ང་རོས་སྲིད་གསུམ་འདར། །སྔར་བྱས་ཐ་ཚིག་མ་འདོར་ཞིག །བསྔགས་པའི་དུས་འདའ་མ་བརྗེད་ཅིག །ཞེ་སྡང་གདུག་རྩུབ་མ་ཡལ་ཅིག །དུས་མཚམས་ཚིག་ལ་མ་ཡལ་ཅིག །བླ་རྐུན་ཇག་པ་ད་ལྟ་འགྱེད། །ཤན་པ་ཕོ་མོའི་མཚོན་ཆ་བརྡོར། །དགྲ་བགེགས་མ་ལུས་འཁོར་བཅས་རྣམས། །དོ་ནུབ་ཁྱོད་ཀྱི་རྔམས་ཟས་མཛོད། །འཆི་བདག་ལྟོ་བར་མཚོན་ཆ་ཡིས། །སྟོང་གསུམ་དྲེགས་པ་ཐམས་ཅད་ཀྱིས། །ད་ལན་ལས་འདི་མ་བསྒྲུབ་ན། །བཀའ་ཡི་ཆད་པས་དམྱལ་བར་ལྟུང་། །དེ་བས་མཐུ་སྟོབས་རྫུ་འཕྲུལ་ཅན། །སྲོག་དབུགས་ཤ་ཁྲག་བདག་བྱེད་རྣམས། །དགྲ་བགེགས་སྟོབས་ནུས་འཁོར་བརྒྱུད་བཅས། །མྱུར་དུ་ཐལ་བ་རྡུལ་དུ་རློགས། །ཞེས་སེམས་འཕང་བསྟོད་ཅིང་བསྐུལ། ཉའོ་ཤ་ཁྲག་ལ་སོགས་པ་འབུལ་ཞིང་འདོད་དོན་གསོལ་བ་གདབ་པའོ། །གསུངས་པའི་དོན་ཡིན་ནོ།། ༈ དེ་ནས་གཤིན་རྗེ་གཤེད་ཀྱི་ཟློག་པ་ནི། ཧཱུཾ་བྷྱོ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་


CMR013_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་བསྒྲད། །དུར་ཁྲོད་ཆས་བརྒྱད་མེ་དཔུང་ཀློང་ན་བཞུགས། །སྲིད་པའི་བྱད་ཟོར་བཟློག་པའི་ཕྲིན་ལས་མཛོད། །གཡས་ཞལ་དཀར་ལ་རབ་ཏུ་བཞད་པ་ནི། །སྟེང་གི་ལྷ་གདོན་བཟློག་པའི་ཕྲིན་ལས་མཛོད། །གཡོན་ཞལ་དམར་པོ་རྐན་སྒྲ་རྡེབ་པ་ནི། །འོག་གི་ཀླུ་གདོན་བཟློག་པའི་ཕྲིན་ལས་མཛོད། །དབུས་ཞལ་མཐིང་ནག་ཤིན་ཏུ་རྔམས་པ་ནི། །བར་གྱི་སྡེ་བརྒྱད་བཟློག་པའི་ཕྲིན་ལས་མཛོད། །ཕྱག་མཚན་དྲག་པོ་མཚོན་ཆའི་འཁོར་ལོ་ཡིས། །དགྲ་བགེགས་གནོད་བྱེད་བཟློག་པའི་ཕྲིན་ལས་མཛོད། །ལྟོ་བར་སྲིད་པའི་འཁོར་ལོ་བསྐོར་བ་ཡིས། །སྲིད་པའི་དགྲ་དཔུང་བཟློག་པའི་ཕྲིན་ལས་མཛོད། །ལས་ཀྱི་གཤིན་རྗེའི་འཁོར་ལོ་བསྐོར་བ་ཡིས། །སྲིད་པའི་ཕོ་གདོན་བཟློག་པའི་ཕྲིན་ལས་མཛོད། །གཉིས་མེད་ཡུམ་ཆེན་སྐུ་ལ་འཁྲིལ་བ་ནི། །སྲིད་པའི་མོ་གདོན་བཟློག་པའི་ཕྲིན་ལས་མཛོད། །སྐུ་སྤྲུལ་ཁྲོ་བོ་གྲངས་མེད་ལས་ལ་འགྱེད། །གཤིན་རྗེའི་འཕྲུལ་འཁོར་བཟློག་པའི་ཕྲིན་ལས་མཛོད། །གསུང་སྤྲུལ་ཁྲོ་བོ་གྲངས་མེད་ལས་ལ་འགྱེད། །ཀླུ་ཡི་གཏད་ཁྲམ་བཟློག་པའི་ཕྲིན་


CMR013_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད། །ཐུགས་སྤྲུལ་ཁྲོ་བོ་གྲངས་མེད་ལས་ལ་འགྱེད། །གཟའ་ཡི་ཀིང་ཀང་བཟློག་པའི་ཕྲིན་ལས་མཛོད། །ཡོན་ཏན་ཁྲོ་བོ་གྲངས་མེད་ལས་ལ་འགྱེད། །སྣམ་མོའི་ཐུན་ཟོར་བཟློག་པའི་ཕྲིན་ལས་མཛོད། །ཕྲིན་ལས་ཁྲོ་མོ་གྲངས་མེད་ལས་ལ་འགྱེད། །ཕུར་པའི་དབལ་ཁ་བཟློག་པའི་ཕྲིན་ལས་མཛོད། །དྲེགས་པ་ཉི་ཟླའི་གདན་དུ་བྱས་པ་ནི། །བསམ་ངན་སྦྱོར་རྩུབ་བཟློག་པའི་ཕྲིན་ལས་མཛོད། །ཧཱུཾ། ཆུ་རླུང་འཚུབས་མ་གཤིན་རྗེའི་བྱེད། །ཡ་མ་རཱ་ཙས་བཟློག་ཏུ་གསོལ། །མི་དམར་རྟ་དམར་བཙན་གྱི་བྱད། །སྲོག་ཟན་དམར་པོས་བཟློག་ཏུ་གསོལ། །བུད་མེད་སྤྲེལ་ཞོན་མ་མོའི་བྱད། །ཨེ་ཀ་ཙ་ཏིས་བཟློག་ཏུ་གསོལ། །མི་ནག་རྟ་ནག་བདུད་ཀྱི་བྱད། །སྲིད་པའི་སྐོས་རྗེས་བཟློག་ཏུ་གསོལ། །མེ་འབར་ཆུ་འབྲུབས་མགོན་པོའི་བྱད། །ལེགས་ལྡན་ནག་པོས་བཟློག་ཏུ་གསོལ། །མོ་བཙུན་ཁྲོས་མ་བདུད་མོའི་བྱད། །རེ་མ་ཏི་ཡིས་བཟློག་ཏུ་གསོལ། །མིག་མང་འོད་འཕྲོ་གཟའ་ཡི་བྱེད། །རཱ་ཧུ་ལ་ཡིས་བཟློག་ཏུ་གསོལ། །གར་མཁན་བྱིས་སྦ་ཐེའུ་རང་བྱད། །རྡོ་རྗེ་ལེགས་པསོ་བཟློག་ཏུ་གསོལ། །བྱ་དཀར་སྤྲེལ་


CMR013_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྒྱལ་པོའི་བྱད། །སྲོག་བདག་དགྲ་བླས་བཟློག་ཏུ་གསོལ། །སྦལ་སྦྲུལ་སྡོམ་སྡིག་ཀླུ་ཡི་བྱད། །ནཱ་ག་རཀས་བཟློག་ཏུ་གསོལ། །སྐྱེས་ཕྲན་དར་མ་ལྷ་ཡི་བྱེད། །ཡུལ་འཁོར་སྲུང་གིས་བཟློག་ཏུ་གསོལ། །མཚན་ངན་གྲིའོ་གཤིན་རྗེའི་བྱད། །འཕགས་སྐྱེས་པོ་ཡིས་བཟློག་ཏུ་གསོལ། །དམ་ཉམས་བཙུན་པ་དམ་སྲིའི་བྱད། །སྤྱན་མི་བཟང་གིས་བཟློག་ཏུ་གསོལ། །ཁལ་ཚང་ལྷ་ཁང་གནོད་སྦྱིན་བྱེད། །རྣམ་ཐོས་བུ་ཡིས་བཟློག་ཏུ་གསོལ། །ཐོག་སེར་རྒོད་གཏོང་སྤྱི་ཡི་བྱད། །ཕྱོགས་སྐྱོང་བཅུ་ཡིས་བཟློག་ཏུ་གསོལ། །སྣ་ཚོགས་ཆོ་འཕྲུལ་སྡེ་བརྒྱད་བྱད། །དྲེགས་པའི་འཁོར་གྱིས་བཟློག་ཏུ་གསོལ། །དེ་ནས་ཟོར་གྱི་རབ་བྱུང་སྟེ་ཟློག་པ་ནི། ༈ ཧཱུྃ། སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ལ། །ལྷ་སྦྱིན་བདུད་ཀྱི་ཆད་པ་བྱུང་། །ཁྲག་ཟོར་བྱོལ་ཟོར་འདི་ཡིས་ཟློག །དེ་འོག་སེངྒེའི་རྒྱལ་པོ་ལ། །སྔགས་ཟོར་བྱེད་ཁ་མང་པོ་འདུས། །ཁྲག་བསྐང་བྱད་ཟོར་འདི་ཡིས་ཟློག །དེ་འོག་ཟ་ཧོར་རྒྱལ་པོ་ལ། །བན་བོན་སྔགས་ཟོར་འདུས་པ་རྣམས། །ཁྲག་བསྐང་བྱད་ཟོར་འདི་ཡིས་ཟློག །སྔོན་དུས་དེ་ལྟར་ཟློག་པ་ལྟར། །ཧཱུྃ། མདོས་ཟོར་ཤ་ཁྲག་


CMR013_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདིས། །ད་ལྟ་རྣལ་འབྱོར་བདག་ཅག་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག །བནྡེའི་སྔགས་ཟོར་འདུས་པ་ཟློག །མུ་སྟེགས་བོན་པོའི་ཛོ་དམར་ཟློག །ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག །རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག །བློན་པོ་ཟླ་བའི་དབང་བཙན་ཟློག །དམག་མི་ཞིག་གི་དཔུང་དགྲ་ཟློག །མཚོན་ཆ་དུས་ཀྱི་རྣོ་ངར་ཟློག །སྤར་ཁའི་སྐྱ་མདའ་ཟུག་པ་ཟློག །སྨེ་བ་དུར་དུ་ཚུད་པ་ཟློག །ས་བདག་ཀོ་ལོང་བསྡོམ་པ་ཟློག །འབྱུང་བའི་དགྲ་གཤེད་འཐབ་པ་ཟློག །གཟའ་སྐར་དུས་ཚོད་ངན་པ་ཟློག །ལོ་ཟླ་ཞག་དུས་ངན་པ་ཟློག །ཁྲམ་དང་བྱད་དུ་བཅུག་པ་ཟློག །ཧོམ་དང་སྤར་བུ་བསྐོར་བ་ཟློག །དགྲ་ཆེན་བདུད་དུ་ལང་བ་ཟློག །ལྟས་ངན་གློ་བུར་ཡེ་འདྲོག་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །མི་ཁ་བྲ་མཆུ་ཐམས་ཅད་ཟློག །ཆག་ཆེ་ཉམ་ང་ཐམས་ཅད་ཟློག །སྔོན་བསྒྲིག་ཕྱི་ནས་འདེད་པ་ཟློག །དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག །ནད་སྣ་ཡམས་སྣ་རིམས་སྣ་ཟློག །དགྲ་སྲི་རྨིས་ངན་ཐམས་ཅད་ཟློག །ཆེ་སྲི་ཆུང་སྲི་རྒན་སྲི་ཟློག །གཞོན་སྲི་དར་སྲི་གོད་སྲི་


CMR013_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །དགྲ་སྲི་མཚོན་སྲི་ནད་སྲི་ཟློག །མདོར་ན་སྲིད་པའི་ཆག་སྒོ་དང་། །བདག་ལ་གནོད་པའི་དགྲ་འདྲེ་རྣམས། །སྡང་བྱེད་དགྲ་བོའི་སྟེང་དུ་བྷྱོ༔ །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ །བར་ཆད་བདུད་ཀྱི་སྟེང་དུ་བྷྱོ༔ །ཟོ་འདྲེ་ཕུང་སྲི་སྟེང་དུ་བཟོར། །དམ་ཉམས་བྱེད་མའི་སྟེང་དུ་སྦྱོ། །ཨོཾ་མ་ཉྫ་འི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཨོཾ་ཀིང་ཀང་ཁ་ཏུན་ནི་མྱོག་དགྲ་བགེགས་ཝཱཀ་སྣུམ་བྷ་ཡ་ནན། བྷིག་ནན་ཏྲ་ཐུམ་ཏེ། ཏི་ཤན་ཏི་ཤན། སྤུར་ཐུམ་སྤུར་བྲུབ། བྷི་ཤ་ཙཀྲ་ཧ་ལ་ཧ་ལ། ས་མ་ཡ། དགྲ་སྲི་ཙཱ་བྷ་ཡ་རཀྵ་ནན་། རྡུ་དྲི་ལཾ་ལཾ་ཙཱ་བྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲ་དུན་ཏྲི། པྲ་ལེ་ཛྭ་ལ། པྲ་ལེ་ཛྭ་ལ་ནན། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ནན་ཟློག །ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །ར་ཙ་དུ་ན་ཟློག །སུམ་ཏྲི་རཀྵ་ཟློག །བྱད་ཟོར་ཕུར་ཁ། ཆག་ཆེ་ཉམ་ང་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་དགྲ་ལ་བྷྱོ་བྷྱོ་ཟློག་ཟློག །ཅེས་བཟླས་ཤིང་བསྒྲུབ་པའི་དུས་སུ་སྔགས་ཡུངས་ཐུན་ལ་བཟླས་ནས་ཟོར་ཀོང་དུ་ཐུན་སྔགས་དུས་བཞིའམ་དྲུག་ཏུ་བྲབས། ཐུན་མཚམས་སུ་ཟོར་གྱི་ཕོ་ཉ་བསྐུལ་


CMR013_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཏོར་ཆུང་རེ་འབུལ་ཏེ། ཟོར་གྱི་ཕོ་ཉ་སྐུལ་པ་ནི། ཧཱུྃ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རིམ་པ་བདུན་གྱི་ས་འོག་ན། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། །ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་ཟློག་པའི་རྐོང་ཟོར་དང་། །རང་རྟགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱུད་ཟོར་ཟློག་པའི་ལྷ། །དམར་ཆེན་གཏོར་མ་འདི་བཞེས་ལ། །དོ་ནུབ་ཟློག་པའི་དཔུང་ལ་ཆོས། །དགྲ་དཔུང་གཡུལ་ངོ་ཟློག་པར་མཛོད། །ཡ་མ་རཱ་ཙ་དགྲ་བགེགས་ཀྱི་སྙིང་ལ་བྷྱོ་བྷྱོ༔ ཅེས་ཕུལ་ལོ། ཞག་གསུམ་མམ་ལྔའམ། བདུན་ནམ། ཉི་ཤུ་རྩ་གཅིག་བསྒྲུབས། ནང་རྟགས་རྨི་ལམ་དུ་དགྲ་བགེགས་བཙོན་དུ་ཟིན་པའམ། མི་ཁྱི་ལ་སོགས་ཁ་བསྡམས་པོ་འབྱུང་ངོ་། །ཕྱི་རྟགས་ནམ་མཁའ་ལ་སྤྲིན་དང་། ན་བུན་འཐིབ་པ། ཁ་ཆར་དང་སེར་བ་འབབ་པ་འབྱུང་ངོ་། །རྫོང་བཟུང་བའང་། གོ་ཁྲབ་གྱོན་པ། མཚོན་ཐོགས་པ། དར་ཕྱར་དུང་འབུད་པ། གཡག་བསད་པ་བཅིངས་བ་བརྡུང་བ། ཤྭ་དང་ཆོ་ལོ་མིག་མང་དང་རྒྱལ་བ། བསད་རྟགས་སྲུང་བ་དང་། བཟློག་པའི་ལྟས། བསད་མནན་ཐུབ་རྟགས། རྐྱེན་འགྱུར་རྟགས། རྒྱལ་ཁ་ཐོབ་རྟགས་སོགས་དང་།


CMR013_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གླང་གཡག་ཞོན་པ། རལ་གྲི་པུ་ཏི་རྙེད་པ་སོགས། ལྷའི་རྟགས་སྤྱི་དང་འདྲ་བས། རྟགས་ཡིག་སྤྱི་ལྟར་ཤེས་པར་བྱའོ། །ཞེས་ཟུར་མཁར་ལུགས་ལས་གབ་འཁྲུགས་བསལ་ཏེ་རཱ་ག་ཨ་སྱས་བསྒྲིགས་པའོ། །མངྒ་ལཾ། ཞག་བདུན་བསྒྲུབ་ན་ལོ་བཅུ་གཉིས་ལ་དགྲ་བགེགས་མི་ལྡོང་། ཉིན་གཅིག་བསྒྲུབས་ན་ལོ་གསུམ་དགྲ་བགེགས་མི་ལྡང་། ཞེས་སོ། །གསུངས་པས་རིམ་གྲོ་གནད་ཟབ་པའོ། །དགྲ་བོ་དངོས་སུ་བསོད་པ་དང་། ཆུ་ལ་བསྐྱུར་བ་དང་། བྲག་བཤིགས་ཤིང་གཅན་གཟན་བསད། སེམས་ཅན་སྣ་ཚོགས་བསད་པ་དང་། སེམས་ཅན་རི་དྭགས་གཅན་གཟན་སོགས་གོ་རར་བཙུད་པ་དང་། ཕ་རོལ་དང་གཡུལ་འཕྲད་ཅིང་བསྒྱུར་བ་དང་། མི་ཁའི་རྫས་མེ་ལ་བསྲེགས་པ་དང་། མཁར་བརྩེགས་རྫོང་སྒྲོམ་བྱེད་པ་དང་། གོ་གྱོན་མཚོན་ཐོགས། དར་ཕྱར་དུང་འབུད། དམག་ཆེན་དགྲ་ལ་ཆས་པ་དང་། གཡག་བཅད་རུ་ཅོ་བཅད་པ་དང་གཡག་ཁྱུ་མང་པོ་མཐུར་དུ་དེད་པ་དང་། ཞིང་རྨོ་གཞུ་ཆག་ཚེར་མ་བྲག །རྨི་ལམ་དུ་བུ་ཆུང་བསད་པ་དང་། ཚྭ་གཡེར་མི་ལ་འཇལ་བ་དང། སྐྲག་པ་ཚང་སྤྲོ་བ་དང་། འགྲོགས་པ་སྐྱས་པ། གཞན་བསད་པ་དེད་པ་ལ་སོགས་རྨི་ལམ་རྟགས་འབྱུང་བ་བཟང་བར་བཤད་དོ། །སརྦ་མངྒ་ལཾ། འདི་བྲིས་དགྲ་རྐུན་ཚར་གཅོད་ཤོག། །།སརྦ་མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཡ་མ་རཱ་ཙའི་སྒོ་ནས་དགྲ་བགེགས་བསྒྲལ་བའི་ལས་མཐའ་བསྒྲལ་ལས་མཚོན་ཆའི་བུ་ཡུགnext