Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་ཐོ་ཡི་ཐོ་བྱང་བསྡུས་པ།
   
   
   
   
   
   
   
   


 
previousརྒྱལ་ཐོ་ཡི་ཐོ་བྱང་བསྡུས་པ།next

རྒྱལ་ཐོ་ཡི་ཐོ་བྱང་བསྡུས་པ།


CMR014_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཐོ་ཡི་ཐོ་བྱང་བསྡུས་པ་བཞུགས་སོ༔


CMR014_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་ཐོ་ནི་ཤིང་རིང་བཞི་ལ་རྒྱལ་པོ་བཞིའི་སྐུ་སྙིང་པོ་བཅས་གཟུགས་ལ༔ བདག་ཉིད་གསང་བདག་ཏུ་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་དམར་པོ་འཕྲོས་ཤིང་ལྕགས་ཀྱུའི་ཕྱག་རྒྱུས་གོང་དུ་དམ་ཚིག་གསལ་བར་བསྐྱེད་པ་ལ༔ བདག་གི་ཐུགས་ཀ་ནས་ཡི་གེ་ཕུའཕྲོས་པ་ལས་པི་ཝང་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཡུལ་འཁོར་སྲུང་བཀུག་ལ་བསྟིམ༔ ཟླུམ་གཏོར་ལ་ཁུར་བ་མར་ཐུད་ཤིང་ཐོག་དཀར་གསུམ་མངར་གསུམ་ཟས་སྣ་རྒྱས་པར་བཀང་ལ་འབྲུ་གསུམ་མམ་སྔགས་དྲུག་གིས་བྱིན་གྱིས་རླབས་ཏེ་དམིགས་པ་བཞིན་དུ་བསྔོ་བ་ནི༔ རྣལ་འབྱོར་པ་རྣམས་སྔགས་ཆས་སུ་ཞུགས་ལ་དང་པོ་བྷན་ཕུར་མདུན་དུ་བཞག་ལ༔ ཁ་ཤར་ཕྱོགས་སུ་བལྟས་ཏེ༔ ལག་པ་པད་ཕོར་དང་དབང་


CMR014_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ཕྱག་རྒྱ་བྱས་ལ༔ སྤྱན་དྲངས་པ་ནི་གོང་གི་དམིགས་པ་གསལ་བས༔ ཨོཾ་ཨ་མྲྀ་ཏེ་༴ རིན་པོ་ཆེའི་སྣོད༴ ཨ་ཀཱ་རོ༴ ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཕྱོགས་སྐྱོང་དཔལ༔ མཐུ་ཆེན་རྒྱལ་པོ་ཡུལ་འཁོར་སྲུང་༔ འདིར་གཤེགས་མཆོད་སྦྱིན་གཏོར་མ་ལོངསཿ ་དེ་རྗེས་སུ་བྷན་ཕུར་གཡབ་ཅིང་འཆམ་སྟབས་སུ་བསྟུན་ལ་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ རི་རབ་ཆེན་པོའི་ཤར་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ བདག་ཅག་རེ་བ་བསྐང་བའི་ཕྱིརཿ མ་དག་འཁོར་


CMR014_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚར་ཆོད་ཅིག༔ ཨོ་ཏིཥྛ་རཉྫ་ཡེ་སྭཱ་ཧཱཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཅེས་ཕུལ་རྗེས་སུ་བསྟོད་པ་ནི༔ ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར༔ ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝང་བསྣམས༔ ཤར་ཕྱོགས་དྲི་ཟའི་ཚོགས་རྣམས་མཚམས་ཆོད་ཅིག༔ ཅེས་བརྗོད་ལྷོ་ཡི་རྒྱལ་ཐོའི་རྩར༔ ཕྱིན་ནས་དམིགས་པ་གོང་ལྟར་ལཿ ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཕྱོགས་སྐྱོང་དཔལ༔ མཐུ་ཆེན་རྒྱལ་པོ་འཕགས་སྐྱེས་པོ༔ འདིར་གཤེགས་མཆོད་སྦྱིན་གཏོར་མ་ལོངས༔ གོང་ལྟར་འཆམ་སྟབས་བྱ་ཞིང་གཏོར་མ་བྲན༔ ཕྲིན་ལས་བཅོལ་བ་འདི་སྐད་དོ༔ ཧཱུྃ༔ རི་རབ་ཆེན་པོའི་ལྷོ་ཕྱོགས་ནསཿ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་འཁོར་རྣམས་ཚར་ཆོད་ཅིག༔ བྷེ་རུ་ཏུ་ཀ་ཡེ་སྭཱ་ཧཱཿ མ་ཧཱ་བ་ལྀ་ཏ་ཁཱ་ཧི་ཁཱ་ཧི༔ ཅེས་ཕུལ་རྗེས་བསྟོད་པ་ནི༔ ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ཚུལ་གྱིས་འགྲོ་དོན་སྐུ་མདོག་སྔོ༔ དུག་གསུམ་གཅོད་མཛད་བེ་


CMR014_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅོན་རལ་གྲི་བསྣམས༔ ལྷོ་ཕྱོགས་གཤིན་རྗེ་འཁོར་བཅས་མཚམས་ཆོད་ཅིག༔ ཅེས་བརྗོད་ནུབ་ཀྱི་རྒྱལ་ཐོའི་རྩར༔ ཕྱིན་ནས་དམིགས་པ་གོང་ལྟར་ལ༔ ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཕྱོགས་སྐྱོང་དཔལ༔ མཐུ་ཆེན་རྒྱལ་པོ་སྤྱན་མི་བཟང་༔ འདིར་གཤེགས་མཆོད་སྦྱིན་གཏོར་མ་ལོངས༔ གོང་ལྟར་འཆམ་སྟབས་བྱ་ཞིང་གཏོར་མ་བྲན༔ ཕྲིན་ལས་བཅོལ་བ་འདི་སྐད་དོ༔ ཧཱུྃ༔ རི་རབ་ཆེན་པོའི་ནུབ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ བདག་ཅག་རེ་བ་བསྐང་བའི་ཕྱིརཿ མ་དག་འཁོར་རྣམས་ཚར་ཆོད་ཅིག༔ བྷེ་རུ་པཀ་ཡེ་སྭཱ་ཧཱཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་རྗེས་སུ་བསྟོད་པ་ནི༔ ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ དབང་གི་ཕྲིན་ལས་མཛད་ཕྱིར་སྐུ་མདོག་དམརཿ ཀླུ་དབང་སྡུད་ཕྱིར་མཆོད་རྟེན་སྦྲུལ་ཞགས་བསྣམས༔ ནུབ་ཕྱོགས་ཀླུ་དབང་འཁོར་བཅས་མཚམས་ཆོད་ཅིག༔ ཅེས་བརྗོད་བྱང་གི་རྒྱལ་ཐོའི་རྩར༔ ཕྱིན་ནས་དམིགས་པ་ནེའུ་ལེར་ཡོངས་སུ་གྱུར་པ་ལས་རྒྱལ་པོའི་སྐུ་བསྐྱེད་ལ་དམིགས་པ་གོང་ལྟར་ལས་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྔོན་ཚེ་


CMR014_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཕྱོགས་སྐྱོང་དཔལ༔ མཐུ་ཆེན་རྒྱལ་པོ་རྣམ་ཐོས་སྲས༔ འདིར་གཤེགས་མཆོད་སྦྱིན་གཏོར་མ་ལོངས༔ གོང་ལྟར་འཆམ་སྟབས་བྱ་ཞིང་གཏོར་མ་བྲན༔ ཕྲིན་ལས་བཅོལ་བ་འདི་སྐད་དོ༔ ཧཱུྃ༔ རི་རབ་ཆེན་པོའི་བྱང་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་འཁོར་རྣམས་ཚར་ཆོད་ཅིག༔ བྷེ་ཤར་མ་ཎ་ཡེ་སྭཱ་ཧཱཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་རྗེས་སུ་བསྟོད་པ་ནི༔ ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཆེ་བའི་ཡོན་ཏན་མཐར་ཕྱིན་སྐུ་མདོག་ལྗང་༔ རིན་ཆེན་གཏེར་བདག་རྒྱལ་མཚན་ནེའུ་ལེ་འཛིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་རྣམས་མཚམས་ཆོད་ཅིག༔ ཕྲིན་ལས་དབྱངས་དང་བཅས་པས་རང་རང་གི་ཕྱོགས་མཚམས་མེད་པར་འཁོར་ཡུག་བསྲུང་བར་བསམས་ལ༔ རྣལ་འབྱོར་པ་རྣམས་ཐོ་ཁོང་ནས་ཕྱིར་མི་འགྲོ༔ ཕྱི་མི་ནང་དུ་མི་བཏང་༔ ནོར་རྫས་དངོས་གྲུབ་འབུལ་བ་སྐྱོལ་ན་བགེགས་བསྐྲད་བྱས་ལ་བཏང་ངོ་༔ ལས་རྣམས་ཕྱིར་འགྲོ་དུས་ཕུར་པ་རེ་བསྐུར༔ ཚུར་ལོག་དུས་མཚམས་གཅོད་ཐུན་རེ་བྱའོ༔ གཉིས་པ་དམ་སྲི་མནན་པ་ནི༔ ཐོད་ངན་ནམ་ར་སོགས་ལ་


CMR014_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ་རི་རབ་གླིང་བཞི་བྲི༔ ནང་དུ་དམ་སྲི་བྲི༔ ཡང་ན་དུག་ཤོག་ལ་ལིངྒ་རེད་ཅིང་སྒེམ་པ་བྱ་མཆུ་ཅན་གྱི་སྙིང་གར་དྲི་རྨི་ཛཿ ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛཿ ཛཿ ནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཁུག་ནན་ཅེས་བྲི༔ སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་དུ་བཞག་ལ་ཕོ་ཉ་བསྐུལ་ཅིང་༔ བདག་དབང་ཆེན་དུ་གསལ་བས་དགུག་གཞུག་དྲག་ཏུ་བྱས་ལ་ཕུར་སྐོར་ཚར་གཅིག་བྱ༔ རྗེས་སུ་ཐེལ་ཟན་ལིངྒ་དང་སྦྲགས་ལ་ཁ་སྦུབས་ལ་ཐུན་བྲབ་ཅིང་༔ དེ་རྣམས་ཀྱིས་བསྐོར་བ་བྷན་ཕུར་གཡབ་ཅིང་༔ འདེབས་ཐབས་བྱས་ལ་འདི་སྐད་དོ༔ ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས༔ མཆེད་ལྕམ་རྣམས་ལ་གནོད་ཅིང་འཚེ༔ རྒྱལ་ཁམས་རྣམས་སུ་མི་དགེ་བཏང་༔ གསང་སྔགས་ལམ་གྱི་སྒོ་ཡང་བཀག༔ བཀའ་འདས་ནམ་ཡང་མི་བཏང་བས༔ ད་ནི་ཁྲོ་བོའི་ཕུར་ཚོགས་གདབ༔ ཐུན་ཚོགས་བྲབ་ཅིང་དུད་ཚོགས་བདུག༔ གཏུབ་ཅིང་སྲིན་པོའི་ཞལ་དུ་བསྟབ༔ རི་རབ་བརྗིད་པའི་འོག་ཏུ་མནན༔ ཞེས་ས་རེས་གཡོག་ས་རྒྱ་གྲམ་རེ་བྲི་རྒྱ་གྲམ་རེ་བཏབ་ལ༔ ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་


CMR014_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་ཡན་ལག་བདུན་གྱི་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་ནི་ཐེག་པ་རིམ་དགུའི་རྒྱ༔ བཅུ་ནི་ཁྲོ་བོ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་ཅུ་བརྩེགས་ཏེ་གདབ༔ རི་རབ་བརྗིད་པས་སྟེང་ནས་མནན༔ དཔའ་བོའི་བྲོ་ར་བཅས་ཏེ་བརྡུང་༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ ༀ་ལཾ་ཧཱུཾ་ལཾ་ཧཱུཾ་བྷ་ཡ་ནན༔ ཞེས་རྗེས་སུའང་ལས་བྱང་ངམ་གཞན་ཡང་གང་བྱེད་ཀྱི་བྲོ་ར་བཅས་ཏེ་ཕྲིན་ལས་བཞིའི་བྲོ་བརྡུང་༔ བྲོ་ཡང་ཟླུམ་པོ་གྲུ་བཞི་ཟླ་གམ་གསུམ་དུ་བརྡུང་ངོ་༔ གསུམ་པ་སྒོ་བྱང་བསྲུང་བ་ནི༔ སྐྱེར་ཕུར་སོར་བཞི་པ་ལ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དགྲ་སྟ་ཐོགས་པའི་བྱུང་བུ་རྒྱབ་ཡིག་དང་བཅས་པ་ལ་བསྐྱེད་བསྟིམ་གཏོར་མ་འབུལ༔ དམ་སྲིའི་ཕྲིན་ལས་བཅོལ་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཚིནྡྷ་ཚིན་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ རཀྟ༔ ཞེས་བཏགས་སོ༔ སྒོ་ནང་གི་ཡ་ཐེམ་གཤིན་རྗེ་ནག་པོ་བེ་ཅོན་དང་འཁོར་ལོ་ཐོགས་པ་ལ་རྒྱབ་ཏུ་འདོད་བྱུང་བྲིས་ཏེ་ཕུར་བུ་བཅས་པ་བསྐྱེད་བསྟིམ་གཏོར་མ་ཕུལ་ལ་སྒོ་གཉེར་གཏད་དེ༔ ཧཱུྃ༔ གསང་འདུས་མཆོག་གི་ཕོ་བྲང་འདིར་ལས་ཀྱི་གཤིན་རྗེའི་གཤེད་པོ་ལ༔ ཕྱག་ན་རྡོ་རྗེའི་བཀའ་སྩལ་ལྟར༔ དེ་བཞིན་རིག་འཛིན་སྒྲུབ་པ་པོས༔ གསང་བའི་སྒྲུབ་ཆེན་འདིར་འཇུག་པསཿ འདོད་པའི་དངོས་གྲུབ་མ་ཐོབ་


CMR014_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བར༔ འདི་ལ་གནོད་བྱེད་བར་གཅོད་པའི༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་ཀུན༔ ཁྱོད་ཀྱི་འཁོར་གཡོག་བྲན་ལགས་པས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ བླ་མེད་འབྲས་བུ་མ་ཐོབ་བརཿ ས་འདི་ཡན་ཆད་མ་བཏང་ཞིག༔ རྟ་མགྲིན་དབང་གི་རྒྱལ་པོ་དང་༔ ལག་ན་རྡོ་རྗེའི་བཀའ་མ་བཅག༔ བདག་ཅག་གཉིས་མེད་དབྱིངས་སུ་ཅིག༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྒོ་ཡི་གཉེར་ཆེན་ཁྱོད་ལ་གཏད༔ ཅེས་པ་རྒྱབ་ཏུ་བྲིས་ཏེ་གདགས་སོ༔ འདི་ནི་ཤིན་ཏུ་ཁག་ཆེ་སྟེ་ཁྱི་བཟང་འཛིན་པ་དང་འདྲའོ༔ བཞི་པ་མ་ཀྲྀ་བསྒྲལ་བ་ནི༔ ཁམ་ས་ལ་གཟུགས་མཐོ་གང་པ་བྱས་ལ་ཞིང་བཅུ་ལོག་ལྟ་སྡིག་ཅན་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱིས་དགུག་བསྟིམ་དལ་གྱི་དབུས་སུ་མགོ་ལྷོ་ནུབ་ཏུ་བསྟན་ལ་བཞག་གོ༔ སྒྲོལ་གིང་དཀར་ནག་གཉིས་རལ་གྲི་དང་སྙིང་ཁྱེར་ལ་རྔམ་པར་གསལ་བ་ལས༔ ལས་ཀྱི་སློབ་དཔོན་གྱིས་ཏ་ཀི་ར་ཙ་དཀར་ནག་གཉིས་ཀྱི་སྙིང་ཁར་ཧཱུྃ་གིས་མཚན་པར་བསམ༔ སློབ་དཔོན་གྱི་ཐུགས་ཀ་ནས་དེ་འདྲ་བ་གཉིས་སྒྲོལ་གིང་གཉིས་སྤྲོས་ལ༔ ཧཱུཾ་ཏ་ཀི་རཱ་ཛ་ཚིན་ཁངྒ་ཁདྨ་ཧཱུཾ་ཧཱུཾ་ཕཊ༔ བརྒྱ་རྩ་བརྒྱད་ཉུངས་དཀར་ལ་སྔགས་ལ་སྒྲོལ་གིང་དངོས་སུ་མངའ་གསོལ་སྒྲོལ་གིང་གིས་ཀྱང་ང་རྒྱལ་བརྟན་ནས་འཇིགས་པའི་ངར་སྐྱེད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཏྲཾ་རུ་དྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ༔ ཙིཏྟ་པྲ་


CMR014_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཤ་ཡ་ཕཊ༔ ཅེས་ལན་གསུམ་བསྐོར་ལ་བསྒྲལ༔ སློབ་དཔོན་གྱིས་དེའི་སྙིང་བྱུང་གསོལ་བར་བསམས་ལ༔ ཏི་ཧཱུྃ་ཨེ་སྤ་ར་ཎ་ཕཊ༔ གནས་པར་ཉོན་མོངས་ཀྱི་ཡིད་ཅན་དཔལ་གྱི་ཞབས་འོག་ཏུ་མནན་པར་བསམ༔ དེ་ནས་གཏུབས་ལ་མགོ་ལྷོ་ནུབ༔ རྐང་པ་གཉིས་ལྷོ་དང་ཤར༔ ལག་གཉིས་ནུབ་དང་བྱང་དུ་བཀོད་ལ་དུར་ཁྲོད་བརྒྱད་དུ་བསམ༔ ཁོག་པ་ཧཱུྃ་ལས་གཞལ་ཡས་ཁང་དུ་བསྒོམ༔ ལྔ་པ་ནང་མཚམས་བྱ་བ་ནི༔ ལྕགས་སམ་དྲག་པོའི་ཤིང་ལ་ཕུར་པ་སོར་བརྒྱད་པ་ཁྲོ་བཅུའི་སྔགས་དང་དར་ནག་ཅོད་པན་བཅས་པ་ལ༔ ལྷ་བསྐྱེད༔ ཡེ་ཤེས་པ་བསྟིམ༔ མངའ་གསོལ་ཕྱོགས་བཅུར་ཁྲོ་བཅུའི་སྔགས་དང་ཕྲིན་ལས་ཕུར་པའི་མཚམས་གཅོད་ལྟར་བྱའོ༔ དེ་ནས་དངོས་གཞི་སྒྲུབ་གཞུང་ལྟར་ལ༔ མཚམས་བཀྲོལ་བ་ནི༔ ཟླུམ་གཏོར་ལྔ་བཤམ་ལ༔ འབྲུ་གསུམ༔ སྔགས་དྲུག་ཕྱག་རྒྱས་བྱིན་གྱིས་རླབས༔ སྤེལ་སྒྱུར་སྦྱངས་ལ༔ རྒྱལ་པོ་བཞི་ལ་ཤར་ནས་རིམ་པར་འབུལ༔ ཧཱུྃ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་སྦྱིན་གཏོར་མ་ལོངསཿ ཨོ་དྷི་རཱཥཱ་ཡེ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ༔ ལྷོའི་རྒྱལ་ཐོའི་རྩར་གཏོར་མ་བྲན་ལ་འདི་སྐད་དོ༔ ཧཱུྃ༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་


CMR014_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གཏོར་མ་བཞེས༔ བེ་རྭ་ལྷ་ཀ་ཡེ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ༔ ནུབ་ཀྱི་རྒྱལ་ཐོའི་རྩར་གཏོར་མ་བྲན་ལ་འདི་སྐད་དོ༔ ཧཱུྃ༔ རྒྱལ་པོ་ཆེན་པོ་མིག་མི་བཟང་༔ཤ །རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་སྦྱིན་གཏོར་མ་བཞེས༔ བེ་རྭ་པཀྱ་ཡེ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཅེས་ཕུལ༔ བྱང་གི་རྒྱལ་ཐོའི་རྩར་གཏོར་མ་བྲན་ལ་འདི་སྐད་དོ༔ ཧཱུྃ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ་སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་སྦྱིན་གཏོར་མ་བཞེས། བེ་ཤྲ་མ་ཎཱ་ཡེ་བ་ལི་ཏ་ཁཱ་ཧི་ཁཱ་ཧི༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་མི་དམིགས་པར་རྒྱས་བཏབ༔ ཐོ་བཞི་རིམ་པར་བསྡུསཿ གཏོར་མ་གཅིག་གོང་ལྟར་བྱིན་གྱིས་བརླབས༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ བགེགས་ཀྱི་གཉེན་པོ་གཤིན་རྗེའི་གཤེད༔ ངོ་མཚར་རྨད་བྱུང་སྒྲུབ་པ་ཡི༔ ཕྱི་ནང་སྒོ་ཡི་སྲུང་མ་མཛད༔ ཁྱེད་ཀྱི་ཐུགས་རྗེ་ངོ་མཚར་ཆེ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ ཞེས་ལྷ་གཤེགས་སྒོ་བྱང་གཉིས་བསྡུའོ༔ ཁད་ཀྱིས་མཚམས་བཀྲོལ་ལོ༔ བརྒྱད་པ་སྒྲུབ་རྗེས་ཀྱི་གནས་བསྲུང་བ་ནི༔ རྣལ་འབྱོར་པ་རྣམས་གཏོར་མ་ཆ་ཚང་གཅིག་བཤམས་ལ་དུས་གསུམ་དུ་


CMR014_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་ཚར་རེ་བཏང་༔ ཞག་གསུམ་ཐག་རིང་དུ་མི་འགྲོའོ༔ ཐ་ནའང་ཞག་གཅིག་མི་སྲུང་ཁ་མེད་དོ༔ ཨྠྀི༔ མངྒ་ལཾ།། ཀརྨ་ཆགས་ཀྱིས་མཛད་པ་ཡིན་ཟེར་བའི་ཐུགས་རྗེ་གསང་འདུས་གཞུང་པོད་ནང་ནས་ཁོལ་དུ་ཕྱུང་བ་དགེ། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱལ་ཐོ་ཡི་ཐོ་བྱང་བསྡུས་པ།next