Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་གི་སྤྱི་བཤད་ལོ་རྒྱུས་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་གི་སྤྱི་བཤད་ལོ་རྒྱུས་ནོར་བུའི་ཕྲེང་བ།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་གི་སྤྱི་བཤད་ལོ་རྒྱུས་ནོར་བུའི་ཕྲེང་བ།


CMR014_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་གི་སྤྱི་བཤད་ལོ་རྒྱུས་ནོར་བུའི་ཕྲེང་བ་བཞུགས་སོ།།


CMR014_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ༔ ཐཾ༔ འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་ཆེན་མོ། སངས་རྒྱས་སྟོང་རྩ་གཉིས་ཀྱི་དབང་དང་བཅས་པ་བསྐུར་བའི་ཐོག་མར། ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། དེ་ལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཉིད་ཀྱི་ལོ་རྒྱུས་དང་། དེའི་རྒྱུད་ཇི་ལྟར་གསུངས་ཚུལ། མན་ངག་གི་བཀའ་གང་ལ་བབས་ཚུལ། །དེ་ཉམས་སུ་ལེན་པའི་དགོས་ཆེད། ཆོས་གཞན་ལས་བྱིན་རླབས་མྱུར་ཚུལ་དང་ལྔ་ལས། དང་པོ་ནི་འཕགས་པ་ཐུགས་རྗེ་ཆེན་པོ་འདི་ནི་བསྐལ་པ་གྲངས་མེད་པ་ལས་ཡང་ཆེས་གྲངས་མེད་པའི་སྔ་རོལ་ནས་མངོན་


CMR014_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པོར་རྫོགས་པར་སངས་རྒྱས་ནའང་། སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་གང་ལ་གང་འདུལ་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ཡིན་ཏེ། ཐུགས་ཆོས་ཀྱི་སྐུས་འཁོར་འདས་ཐམས་ཅད་ཁྱབ་ཅིང་། དེ་ལས་མ་གཡོས་བཞིན་དུ། ལོངས་སྐུ་རྣམ་པར་སྣང་མཛད་གངས་ཅན་མཚོ་རིགས་ལྔར་སྤྲུལ་ནས་ཕྱག་མཐིལ་དང་བ་སྤུའི་བུ་ག་རེ་རེ་ནས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སྤྲུལ། དེ་དག་ཏུ་སྤྲུལ་པའི་སྐུ་བཀྱེ་ནས་འགྲོ་བའི་དོན་མཛད་པ་དང་། སྟོང་གསུམ་གང་གཱའི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་


CMR014_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་ཅན་གྱི་དོན་མཛད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བཀོད་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་མཉམ་པའི་མཛད་པ་བཅུ་གཉིས་སུ་སྤྲུལ་ནས་འགྲོ་བའི་དོན་མཛད་པ་དང་། འཛམ་གླིང་བྱེ་བ་ཕྲག་བརྒྱར་རྡོ་རྗེ་གདན་དང་ཤཱཀྱ་ཐུབ་པ་སྤྱན་རས་གཟིགས་དང་། ཨོ་རྒྱན་རིན་པོ་ཆེ་དང་། སྲོང་བཙན་སྒམ་པོ་དང་། ལྷ་སའི་གཙུག་ལག་ཁང་བྱེ་བ་ཕྲག་བརྒྱ་རེ་རེ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་དང་། བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཡང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་རེ་རེའི་སྤྲུལ་པ་ཡིན་པར་གསུངས་སོ། །རྒྱུ་མཚན་དེས་ན། གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ནས་བཤད་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆ་ཤས་རེ་རེ་ཡིན་པར་སྣང་ངོ་། །དེས་ན་ཐུགས་རྗེ་ཆེན་པོ་འདི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་དམ་འདུས་པས་ན། གསང་བ་འདུས་པ་ཞེས་བྱའོ། །གཉིས་པ་ནི། གནས་སོ་སོར་སྟོན་པ་ཤཱཀྱ་ཐུབ་པ་པདྨ་རབ་དགྱེས་དང་པདྨ་རྣམ་པར་འབྱེད་པ་ལ་སོགས་པའི་སྐུར་བཞེངས་ནས་དོན་ཡོད་ཞགས་


CMR014_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལ་སོགས་པའི་གཟུངས་དང་རྟོགས་པའི་སྐོར། པདྨ་ཅོད་པན་སོགས་སྦྱོང་རྒྱུད་དང་། ཕ་རྒྱུད་པདྨ་རྒྱལ་པོའི་རྒྱུད། མ་རྒྱུད་པདྨ་ཟབ་པའི་རྒྱུད་དང་། །ཡེ་ཤེས་འོད་མཆོག་དོན་རིགས། ཡང་སྙིང་འདུས་པ་དང་། པདྨ་སྙིང་གུར་ལ་སོགས་པ་གསར་སྙིང་གི་རྒྱུད་སྡེ་མཐའ་ཡས་པར་གསུངས་ཤིང་། ཁྱད་པར་དུ་ཡང་གསང་བ་འདུས་པའི་རྒྱུད་འདི་ནི། གནས་ཕུན་སུམ་ཚོགས་པ་བདེ་ཅན་གྱི་ཞིང་ཁམས་སུ། སྟོན་པ་འོད་དཔག་ཏུ་མེད་པས་སྤྲུལ་པའི་འཁོར་རྣམས་ལ། གསུངས་པ་མཁའ་འགྲོ་མ་རྣམས་ཀྱིས་གསེར་གྱི་ཤོག་བུ་ལ་བཻཌཱུརྱས་བྲིས་ཏེ་རི་བོ་ཏ་ལའི་དབང་ཕུག་ཏུ་གཏེར་དུ་སྦས་པས། ཕྱིས་ཐུགས་རྗེ་ཆེན་པོའི་ཉིད་ཀྱི་བཀའ་རྒྱ་བཀྲོལ་ཏེ་ཨོ་རྒྱན་རིན་པོ་ཆེ་ཉིད་ལ་གནང་ངོ་། །གསུམ་པ་ནི། ཨོ་རྒྱན་རིན་པོ་ཆེས་ལང་གྲོ་ལོཙྪ་སོགས་རྗེ་འབངས་རྣམས་ལ་གསང་འདུས་ཞི་ཁྲོའི་དབང་ལུང་རྫོགས་པར་གནང་བས་གུ་རུ་ཉིད་ཀྱི་དབུ་གཙུག་ནས་གསང་བ་འདུས་པའི་ལྷ་ཚོགས་དངོས་སུ་གསལ་བར་བསྟན་པའི་ཚེ། ལང་གྲོ་ལོཙྩར་བཀའ་བབས་ཀྱི་རྟེན་འབྲེལ་འགྲིགས་ཤིང་སྨོན་ལམ་རྣམ་པར་དག་པ་བཏབ་ནས་ཤོག་སེར་གནམ་སྐས་བྲག་ལ་


CMR014_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ནས་མ་འོངས་པ་ན་ལང་གྲོའི་སྐྱེ་བས་འདོན་པར་ལུང་བསྟན་ཏོ། །དེ་ནས་ལོ་བདུན་བརྒྱ་ལྷག་ཙམ་ན་ཐམས་ཅད་ཡིད་ཆེས་པའི་ཕྱིར་དུ། རཏྣ་གླིང་པས་ཁྲོམ་གཏེར་མཛད་དུས་དགེ་བསྙེན་མཁའ་རི་དཔོན་གཡོག་གསུམ་དངོས་སུ་བྱོན་ནས་ལྕག་ཚན་བྲག་ལ་བཙུགས་ཏེ། གཏེར་འདི་ན་ཡོད་གཏེར་དང་སྲུང་མ་ང་ཡིས་བྱས། ཕ་ནོར་བུ་ལ་འཕྲོད་དོ་ཞེས་ཟེར་ནས་མཁའ་རིའི་རྩེ་ནས་གནམ་སྐས་ཅན་དུ་འཇའ་དར་དཀར་ཡུག་དཔྱངས་པ་འདྲ་བ་ལྔ་ཟུག །ཕྱོགས་ཐམས་ཅད་འཇའ་ཡི་གུར་ཕུབ། ངོ་མཚར་བའི་ལྟས་དང་བཅས་ཏེ་གཏེར་བཏོན་པས་ཐམས་ཅད་ཡིད་ཆེས་པར་གྱུར། མ་མོ་སྔགས་ཀྱི་སྲུང་མས་ལུང་བསྟན་པ་ལྟར་འཕན་ཡུལ་དུ་བྱོན་ནས། སྐྱེ་བདུན་བསྒྲུབ་ཅིང་ཁྲོམ་ལ་རིལ་བུ་འགྱེད་པ་དང་ཁྲོམ་དབང་མཛད་དུས། མེ་ཏོག་ཆུང་ཤས་སེ་བའི་མེ་ཏོག་ལས་མི་ཆུང་བའི་ཆར་པ་དཔག་ཏུ་མེད་པ་ཉིན་མཚན་མེད་པར་བབས། གཞན་ཡང་བུམ་སྒྲུབ་མང་པོ་མཛད་དུས་ཐམས་ཅད་ལ།། རིལ་བུ་འཕེལ་བ་དང་དྲི་བཟང་གིས་ངད་ལྡང་བ། མེ་ཏོག་གིས་ཆར་པ་བབ་པ། འཇའ་ཡིས་གུར་ཕུབ་པ་ལ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །ཆོས་


CMR014_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལུང་བསྟན་གྱི་སློབ་མ་ཉི་ཤུ་རྩ་ལྔ་ལ་བཀའ་རྫོགས་པ་དང་། ལས་ལྡན་གཞན་རྣམས་ལའང་ཅི་རིགས་སུ་སྤེལ་ཞིང་། བཀའ་བབས་ཆོས་བདག་གི་གཙོ་བོ་ནི་རྗེ་ཆོས་གྲགས་རྒྱ་མཚོ་ཡིན་ཞིང་། དེའི་རྟེན་འབྲེལ་གྱིས་གསང་འདུས་ཞི་ཁྲོའི་སྐོར་འདི་དག་ཀཾ་ཚང་ལ་བཀའ་བབས་པ་ཡིན་པས། ཆོས་བདག་སློབ་མའི་ལུང་བྱང་བཀའ་རྒྱ་ཅན་ལས། དེ་འོག་ཕྱི་མའི་དུས་ཀྱི་ཚེ༔ ཁམས་ཀྱི་སར་རྟོགས་ལྷོ་ཡི་ཕྱོགསཿ རི་བོ་མཁའ་ལྡིང་འདྲ་བའི་ཞོལ༔ རྫོག་ཅེས་བྱ་བའི་ས་ཕྱོགས་སུ༔ པདྨ་ང་ཡི་རྣམ་འཕྲུལ་ཏེ༔ བྱའམ་ཁྱི་ལོ་པ་ཞིག་འབྱུང་༔ རང་བྱུང་མཚོ་སྐྱེས་རྡོ་རྗེ་ཞེས༔ ས་ལ་གནས་པའི་བྱང་ཆུབ་སེམས༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཉིད༔ སྔོན་གྱི་བག་ཆགས་སད་དུ་འོང་ང་གི་མཚན་མ་དག་དང་ལྡན༔ སྙིང་ཐིག་འདུས་པ་སྐོར་བཞི་དང་༔ ཁྱད་པར་རྟ་མགྲིན་གསང་འདུས་བདག༔ ཡིན་ཕྱིར་ཚེ་རིལ་དང་བཅས་གཏད༔ མ་འོངས་ཕྱི་མའི་དུས་མཐའི་བར༔ གཏེར་འདི་སྦས་དགོས་དོན་ཡོད་འགྱུར༔ ཞེས་གསུངས། བཞི་པ་ནི་སྐུ་བསྒོམ་པའི་ཕན་ཡོན་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་དཀྱིལ་


CMR014_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཅིག་བསྒོམས་པས༔ སངས་རྒྱས་ཐམས་ཅད་འདུས་པ་ནི༔ མགོན་པོ་སྤྱན་རས་གཟིགས་སྐུ་ཡིན༔ དྲན་པ་ཙམ་གྱིས་འཁོར་བ་ཡི༔ རྟོག་པ་ཐམས་ཅད་འགག་པར་འགྱུར༔ ཞེས་སོགས་དཔག་ཏུ་མེད་པར་གསུངས་ཤིང་། ཕྱི་ལྟར་ན་ཡི་གེ་དྲུག་མ། ནང་ལྟར་ན་ཡི་གེ་བཅུ་པ། གསང་བ་ལྟར་ན་ཡིག་བདུན་རྣམས་གང་ཐཟླས་ཀྱང་ཕན་ཡོན་བརྗོད་ཀྱིས་མི་ལངས་ཏེ་མདོར་བསྡུ་ན། པདྨ་རྒྱལ་པོའི་རྒྱུད་ལས། ཐེབ་གཅིག་མོས་པས་བརྗོད་པ་ན༔ སེམས་ཅན་དམྱལ་བའི་གནས་ནས་ཐར༔ ཐེབ་གཉིས་བརྗོད་པས་ཡི་དྭགས་སུ༔ འགྲོ་བའི་སྒོ་ཡང་དགག་པར་བྱེད༔ གསུམ་བརྗོད་དུད་འགྲོའི་སྐྱེ་སྒོ་འགགས༔ ཞེས་དང་། ཡང་སྙིང་འདུས་པའི་རྒྱུད་ལས། ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་ནི༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བགྲངས་མི་ནུས༔ ཞེས་དང་། མཚན་བརྒྱ་རྩ་བརྒྱད་པའི་མདོ་ལས། འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་བརྗོད་བྱས་ན། ངན་སོང་དུ་མི་སྐྱེ་མནར་མེད་པར་མི་འགྲོ། འཆི་བའི་ཚེ་བདེ་


CMR014_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅན་དུ་སྐྱེ་བར་འགྱུར་རོ། །ཟ་མ་ཏོག་བཀོད་པའི་མདོ་ལས། གླིང་བཞིའི་འགྲོ་རྣམས་བྱང་ཆུབ་སེམས་དཔའ་ས་བདུན་པ་བཀོད་པའི་བསོད་ནམས་ལས། ཡི་གེ་དྲུག་མ་ལན་གཅིག་བཟླས་པའི་བསོད་ནམས་ཆེ་བར་གསུངས་སོ། །ལྔ་པ་ནི་དེང་སང་ལྔ་བརྒྱའི་ཐ་མ་ལ། ལྷ་གཞན་གྱི་ཐུགས་རྗེ་རྡུགས། ཆོས་གཞན་གྱི་བྱིན་རླབས་ཡལ་ཞིང་ནུབ་པའི་དུས་འདིར། ལྷ་ཐུགས་རྗེ་ཆེན་པོ་བྱིན་རླབས་མྱུར། ཆོས་ཡི་གེ་དྲུག་པ་དར་ཞིང་བྱིན་རླབས་ཆེ་བ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། ལྷ་ཚོགས་བྱིན་རླབས་ཐུགས་རྗེ་ཆེན་པོ་མཿ ཆོས་ཀྱི་མཇུག་མ་ཡི་གེ་དྲུག་མས་སྡུད༔ པདྨེ་གླུ་རུ་ལེན་ཅིང་བྲོ་རུ་འཁྲབ༔ པདྨེ་ཚོང་དུ་འགྲིམ་པའི་དུས་ཤིག་འོང་༔ ཞེས་གསུངས། གཞན་ཡང་ཡིག་དྲུག་བསྟན་པ་མདོ་ཁམས་ཕོ་མོས་བཟུང་། ཤར་དུ་མ་ཎིའི་ཆོས་སྒྲ་དར། །ཞེས་སོགས་ལུང་བསྟན་པས། སྤྱིར་མདོ་ཁམས་དང་། དགོས་རང་རེ་རྣམས་ལ་བཀའ་བབས་ཀྱི་ཆོས་སུ་སྣང་ངོ་། །དེ་ལྟར་སངས་རྒྱས་གཞན་ལས་ཀྱང་ཐུགས་རྗེ་ཆེ་ཞིང་བྱིན་རླབས་མྱུར་བས་ཐུགས་རྗེ་ཆེན་པོའི་དབང་བཞི་ཡོངས་སུ་རྫོགས་པ་ཞུ་བའི་ཆེད་དུ་མཎྜལ་


CMR014_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། ཞེས་ཀརྨ་ཨ་རཱ་གས་མགྱོགས་པར་བཀོད་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་གི་སྤྱི་བཤད་ལོ་རྒྱུས་ནོར་བུའི་ཕྲེང་བ།next