Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་དབང་གི་མཚམས་སྦྱར་ཟབ་རྒྱས་ཆོས་ཀྱི་འབྲུག་སྒྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་དབང་གི་མཚམས་སྦྱར་ཟབ་རྒྱས་ཆོས་ཀྱི་འབྲུག་སྒྲ།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་དབང་གི་མཚམས་སྦྱར་ཟབ་རྒྱས་ཆོས་ཀྱི་འབྲུག་སྒྲ།


CMR014_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་དབང་གི་མཚམས་སྦྱར་ཟབ་རྒྱས་ཆོས་ཀྱི་འབྲུག་སྒྲ་བཞུགས་སོ།།


CMR014_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་མོ་ཆེ། སངས་རྒྱས་སྟོང་རྩ་གཉིས་ཀྱི་དབང་དང་བཅས་པ་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། དེ་ལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཉིད་ཀྱི་ལོ་རྒྱུས་དང་། དེའི་རྒྱུད་གསུངས་ཚུལ་དང་རྒྱུད་དེའི་མན་ངག་བརྒྱུད་ཚུལ་དང་། དེ་གཏེར་དུ་སྦས་ཤིང་བཏོན་ཚུལ་དང་། དེ་ལ་བརྟེན་ནས་འགྲོ་དོན་སྔར་འབྱུང་ཚུལ་དང་། མ་འོངས་པ་ན་བྱུང་ཚུལ་ལུང་བསྟན། དབང་འདི་ཐོབ་པའི་ཕན་ཡོན་བསྟན་པ་དང་ས་བཅད་བདུན་ནོ། །དང་པོ་ལྷ་ཐུགས་རྗེ་ཆེན་པོའི་ལོ་རྒྱུས་ནི། །


CMR014_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཐུགས་ཆོས་ཀྱི་སྐུ་ནི་འཁོར་འདས་ཐམས་ཅད་ལ་ཁྱབ་པར་གནས་ཏེ། དང་པོའི་སངས་རྒྱས་འོད་མི་འགྱུར་བ་ཞེས་ཀྱང་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་པའི་ཕྱིར། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ཆེན་པོ་ཉིད་ལས་ཀྱང་། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས། །ཐུགས་རྗེ་ཆེན་པོར་མ་གྱུར་མེད། །དེ་ཉིད་སྐུ་གསུང་ཐུགས་བཅས་པ། །གསང་འདུས་རྒྱུད་འདིར་མ་འདུས་མེད། །ཅེས་གསུངས་པ་དང་། མདོ་སྡེ་ཟ་མ་ཏོག་ལས། ནམ་མཁའ་ནི་ཐུགས་རྗེ་ཆེན་པོའི་ཞལ་ལོ། །རླུང་ནི་ཐུགས་རྗེ་


CMR014_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དབུགས་ཡིན་ནོ། །ཉི་ཟླ་ནི་ཐུགས་རྗེ་ཆེན་པོའི་སྤྱན་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་སྐུའི་བཀོད་པ་ནི། འོག་མིན་འཐུག་པོ་བཀོད་པ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་བསམ་ལས་འདས་པ་ཞིག་ཡོད་དེ། དེའི་དབུས་ན་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་སྐུ་རྣམ་སྣང་གངས་ཆེན་མཚོ་ཞེས་བྱ་བའི་སངས་རྒྱས་གཅིག་བཞུགས་ཏེ། དེའི་གནས་ངེས་པ་འོག་མིན། འཁོར་ངེས་པ་ས་བཅུའི་སེམས་དཔའ་ཤ་སྟག་གོ །དུས་ངེས་པ་འཁོར་བ་ཇི་སྲིད། ཆོས་ངེས་པ་ཐེག་ཆེན་འབའ་ཞིག །སྐུ་ངེས་པ་ལོངས་སྤྱོད་རྫོགས་སྐུས། བརྡའི་སྒོ་ནས་ཆོས་སྟོན་ཏེ། དེའི་བ་སྤུའི་བུ་ག་རེ་རེ་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་སྤྲུལ་ལོ། །ཟ་མ་ཏོག་བཀོད་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བ་སྤུའི་བུ་ག་གཅིག་ན་ཡང་། སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་གཅིག་ཏུ་སྤྲུལ་ནས་འགྲོ་བའི་དོན་མཛད་པར་གསུངས། སངས་རྒྱས་དེའི་ཕྱག་ན་ལྷུང་བཟེད་ཀྱི་ནང་ན་སྤོས་ཆུའི་རྒྱ་མཚོ་ལས། མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་སྐྱེས་ཤིང་། མེ་ཏོག་དེའི་ཟེའུ་


CMR014_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུའི་འབྲུ་མ་རེ་རེའི་ནང་ན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་ཅིང་། མེ་ཏོག་བཅུ་གསུམ་པའི་ཟེའུ་དབུས་མ་གཅིག་གི་ནང་ན་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཆགས་ནས་ཡོད་ཅིང་། འདི་སངས་རྒྱས་དེའི་ཐུགས་ཀའི་ཐད་དུ་ཡོད་པའི་རྟེན་འབྲེལ་གྱིས་འཇིག་རྟེན་གྱི་ཁམས་འདི་ན་དགེ་སྡིག་གང་བྱས་སྟོབས་དང་འགྱུར་ཆེ་བར་བཤད་དེ། དེ་ལྟར་སངས་རྒྱས་རྣམ་པར་སྣང་མཛད་གངས་ཅན་མཚོ་དང་དེའི་ཞིང་འོག་མིན་འཐུག་པོ་བཀོད་དེ་ནི། ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྐོར་གཅིག་ཡིན་པར་སངས་རྒྱས་ཕལ་པོ་ཆེ་ནས་ཅུང་ཟད་བཤད་དེ། གསང་བ་རྡོ་རྗེ་ཐོད་པའི་རྒྱུད་ལས་ཀྱང་བཤད་དོ། །དེ་ཡིན་པར་སྲོང་བཙན་སྒམ་པོའི་ལོ་རྒྱུས་ཆེན་པོ་ནའང་བཤད་དོ། །དེ་ལྟ་བུའི་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་དཔག་ཏུ་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ཨོ་རྒྱན་རིན་པོ་ཆེས་རྒྱས་པར་ཡང་ཡང་དུ་གསུངས་སོ། །དེ་ལྟར་ཐུགས་རྗེ་ཆེན་པོ་ནི་དང་པོའི་སངས་རྒྱས་ཡིན་ཀྱང་། སེམས་ཅན་གྱི་དོན་ལ་སླར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ལམ་ལ་སློབ་པ་སོགས་མཛད་པའི་ཚུལ། མ་


CMR014_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ་ན་འོད་ཟེར་དཔལ་བརྩེགས་ཀྱི་རྒྱལ་པོར་འཚང་རྒྱ་བར་ལུང་བསྟན་པ་སོགས་ནི་སེམས་ཅན་འདུལ་བའི་ཆེད་དུ་དེ་ལྟ་བུའི་ཚུལ་བསྟན་པ་ཡིན་གྱིས། དོན་ལ་ཐོག་མ་མེད་པ་ནས་སངས་རྒྱས་པ་སྟེ། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་སུས་ཀྱང་བཟུང་མེད་པར། །བྱང་ཆུབ་མཆོག་རབ་འདི་ནི་ངེས་རྙེད་དེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་གཡས་ལས་སྤྲུལ་པ་དང་། མགྲིན་པ་ནས་སྤྲུལ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་ལས་སྤྲུལ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་འཁོར་ཉེ་སྲས་སུ་བཞུགས་པ་སོགས་ནི་སེམས་ཅན་གྱི་དོན་ལ་དེ་དང་དེར་དེའི་ཚུལ་སྟོན་པ་ཡིན་ཏེ། གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་ཚུལ་འདམ་རྫབ་ཀྱི་སྲིན་བུ་རྣམས་ལ་བུང་བར་སྤྲུལ་ནས་ཆོས་བཤད་པ་དང་། ཚོང་པ་སྲིན་མོའི་གླིང་དུ་ཚུད་པ་ལ་རྟ་མཆོག་བ་ལ་ཧར་སྤྲུལ་ནས་དྲངས་པ་སོགས། འགྲོ་བ་རིགས་དྲུག་གི་དོན་མཛད་ཚུལ་རྒྱས་པར་ཟ་མ་ཏོག་ལས་གསུངས་ཤིང་། འགྲོ་དྲུག་འདུལ་ཕྱིར་སྐུ་ཐུབ་པ་དྲུག །གསུང་ཡི་གེ་འབྲུ་དྲུག་


CMR014_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤྲུལ་པ་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་ཅེས་ཆུ་ཀླུང་སྣ་ཚོགས་པའི་མདོ་ལས་གསུངས་སོ། །སྤྱན་རས་གཟིགས་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་བཀོད་པ་བར་མའི་འཇིག་རྟེན་གྱི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་མཉམ་པའི་མཛད་པ་བཅུ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་པུན་དྷ་རི་ཀའི་མདོ་ལས་གསུངས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་རྡོ་རྗེ་གདན་བྱེ་བ་ཕྲག་བརྒྱ་ན་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་བྱེ་བ་ཕྲག་བརྒྱ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར། སྙིང་རྗེ་རྣམ་པར་རོལ་པ་ཞེས་ཀྱང་བྱ། སྙིང་རྗེ་རྣམ་པར་རྒྱལ་བ་


CMR014_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་བྱ། སྙིང་རྗེ་སྣ་ཚོགས་རོལ་པའི་མདོ་ལས་གསུངས་སོ། །འཛམ་བུའི་གླིང་འདིའི་ལྷོ་ཕྱོགས་རི་བོ་ཏ་ལའི་རྩེ་མོ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་སེང་གེ་དང་ཉི་ཟླ་པདྨའི་གདན་ལ་འཕགས་པ་སྤྱན་རས་གཟིགས་བསྐལ་པ་འདི་མ་རྫོགས་བར་དུ་བཞུགས་ནས་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་གྲུབ་པ་ཐོབ་པའི་མི་དང་། མི་མ་ཡིན་རྣམས་ལ་ཆོས་སྟོན་ཏེ། དེ་བཞིན་དུ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ན་ཡང་དེ་ལྟར་རེ་རེ་དང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་སྤྱན་རས་གཟིགས་རིགས་བཅུ་དང་། སྤྱན་རས་གཟིགས་དབང་ཕྱུག་དེ་དཔག་གིས་མི་ལངས་པ་ཞིག་བཞུགས་ཀྱང་། རང་གི་ངོ་བོ་དེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དྲུང་དུ་ཉེ་གནས་ཀྱི་ཚུལ་དུ་བཞུགས་སོ། །ལྷའི་ངོ་བོ་དེ་ལྟར་ཡིན་ན་དེའི་རྒྱུད་ཇི་ལྟར་གསུངས་ཞེ་ན། ཕྱི་ལྟར་སྟོན་པ་ཤཱཀྱ་ཐུབ་པས། ཟ་མ་ཏོག་བཀོད་པའི་མདོ་ཆེ་ཆུང་གཉིས། པདྨ་དཀར་པོའི་མདོ། པུན་རི་ཀའི་མདོ། ཆུ་ཀླུང་སྣ་ཚོགས་པའི་མདོ། སྣང་བ་རོལ་པའི་མདོ། མཚན་བརྒྱ་རྩ་བརྒྱད་པའི་མདོ། མཚན་རབ་ཡོངས་སུ་སྟོན་པའི་མདོ་ལ་སོགས་པ། སྤྱན་རས་གཟིགས་ཀྱི་ཡོན་ཏན་ཐོབ་


CMR014_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་བདུན་གྱིས་གཙོར་བྱས་པའི་མདོ་སྡེ་དཔག་ཏུ་མེད་པ་དང་། མོའུ་འགལ་མདོ་རྒྱས་པ་སོགས་ནས་སྤྱན་རས་གཟིགས་ཀྱི་བསྔགས་པ་རྒྱ་ཆེར་གསུངས་ལ། །པདྨའི་སྙིང་པོ་གཟུངས་ལ་སོགས་པ་གཟུངས་བཅུ་བཞི་དང་། བྱ་རྒྱུད་ཀྱི་དབང་དུ་བྱས་པའི་རྩ་རྒྱུད་པདྨ་དྲྭ་བ་བཤད་རྒྱུད་དོན་ཡོད་ཞགས་པ། སྤྱོད་རྒྱུད་ཀྱི་དབང་དུ་བྱས་པའི་སྙིང་རྗེ་ཆེན་པོ་རང་བཞིན་གྱི་གཟུངས་ལ་སོགས་པ་དང་། རྣལ་འབྱོར་རྒྱུད་ཀྱི་དབང་དུ་བྱས་པ་པདྨ་ཅོད་པན་གྱི་རྒྱུད་དང་། བླ་མེད་རྒྱུད་ཀྱི་དབང་དུ་མཛད་པ་པདྨ་རྒྱལ་པོའི་རྒྱུད་ལ་སོགས་པ་སྤྱན་རས་གཟིགས་ཀྱི་སྒོས་རྒྱུད་དཔག་ཏུ་མེད་པ་དང་། ཞོར་འབྱུང་དུ་ནི་རྒྱུད་སྡེ་ཕལ་ཆེར་ནས་སྤྱན་རས་གཟིགས་མ་གསུངས་པ་མེད་པ་ལྟ་བུའོ། །ནང་ལྟར་ན་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་གསུངས་པ་པདྨ་ཟབ་པའི་རྒྱུད་དང་། ཡང་སྙིང་འདུས་པའི་རྒྱུད་སོགས་མཐའ་ཡས་སོ། །ཨོ་རྒྱན་སྐད་དུ་མ་ཏི་ཙིཏྟ་ཀ་བ་ཏི་གྷ་ཏ་ཛཿ དྷཀི་གསང་བའི་སྐད་དུ། མ་ཏ་བྷོ་ནི་བྷ་དྲ་ཨཱ༔ རྒྱ་གར་སྐད་དུ་མ་ཧཱ་ཀ་ཏུ་ཙེ་རྒྱ་གྷ་ཡ་སརྦ་ཏན་ན་མ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ཅེས་བྱ་བ་འདི་ནི། བདེ་ཆེན་


CMR014_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པདྨོ་བཀོད་པའི་ཞིང་ཁམས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་གནས་མཆོག་ཀུན་ཏུ་འོད་ཀྱི་རང་བཞིན་རྣམ་པར་འཁྱིལ་བ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ལ། ཕྱི་ནང་ཟང་ཐལ་ཆེན་པོ་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་ཆེན་པོ་ན། སེང་གེ་གླང་ཆེན་རྟ་ཁྱུང་རྨ་བྱ་ལ་སོགས་པའི་ཁྲིའི་སྟེང་། པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་སུ་ཉི་ཟླའི་གདན་ལ་སངས་རྒྱས་འོད་དཔག་ཏུ་མེད་པ་གསང་ཆེན་པདྨ་དབྱིངས་ཕྱུག་མ་དང་གཉིས་སུ་མེད་པར་བཞུགས་པ་ལ། པདྨ་རིགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ནས་བཞུགས་སོ། །དེའི་ཚེ་སངས་རྒྱས་འོད་དཔག་ཏུ་མེད་པའི་སྤྱན་གྱི་མཛོད་སྤུ་ནས། སྐུའི་རིག་འཛིན་དུ་འཇམ་དབྱངས་སུ་སྤྲུལ་ལོ། །ལྗགས་ཀྱི་པདྨོ་ལས་གསུང་གི་རིག་འཛིན་དུ་སྤྱན་རས་གཟིགས་སུ་སྤྲུལ་ལོ། །ཐུགས་ཀ་ནས་ཐུགས་ཀྱི་རིག་འཛིན་དུ་ལག་ན་རྡོ་རྗེར་སྤྲུལ་ལོ། །གཞན་ཡང་རང་སྣང་དག་པའི་འཁོར་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་ལ་སོགས་ཏེ་དཔག་ཏུ་མེད་པ་དང་། རྫོགས་པའི་སངས་རྒྱས་སྟོང་དང་ཐུབ་པ་དྲུག་དང་། རིགས་ལྔ་དང་། སྟེང་ཕྱོགས་ན་


CMR014_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཧེ་རུ་ཀ་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། འདུ་འབྲལ་མེད་པའི་ངང་དུ་རྟག་པ་རྒྱུན་གྱི་མཐར་བཞུགས་སོ། །དེ་ནས་མགོན་པོ་སྤྱན་རས་གཟིགས་ཉིད་འཁོར་རྒྱ་མཚོ་དཔག་ཏུ་མེད་པ་རྣམས་ཀྱིས་ཐུགས་ཀྱི་བསྐུལ་བར་མཁྱེན་ནས། རང་གི་པདྨའི་གདན་ལས་བཞེངས་ཏེ་རིགས་ཀྱི་བདག་པོ་ལ་གུས་པའི་ཚུལ་གྱིས་བཏུད་དེ་ཞུས་པའི་ངོར། གསང་བ་འདུས་པའི་རྒྱུད་ལེའུ་བཅོ་ལྔ་པ་འདི་གསུངས་སོ། །འོ་ན་རྒྱུད་དེ་རྣམས་མི་ཡུལ་དུ་ཇི་ལྟར་དར་ཞེ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས། མདོ་སྡེ་རྣམས་ཀུན་དགའ་བོས་བཀའི་བསྡུ་བ་མཛད་དེ་གླེགས་བམ་རྣམས་ལྷ་ཀླུ་སོགས་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་སོ་སོའི་ཡུལ་དུ་གདན་དྲངས་སོ། །སྔགས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་རིགས་གསུམ་མགོན་པོས་བཀའི་བསྡུ་བ་མཛད་དེ་ལྷ་གནས་དང་ལྕང་ལོ་ཅན་སོགས་སུ་བཞུགས་སོ། །གསང་སྔགས་བླ་མེད་ཕལ་ཆེར་རྡོ་རྗེ་སྙིང་པོས་བསྡུས་ཏེ་ཕལ་ཆེར་མཁའ་འགྲོའི་ཕྱག་ཏུ་བཞུགས་པས། མི་ཡུལ་དུ་ཆེར་མེད་པ་ལ། སྤྲིན་ཆེན་པོ་དང་རྔ་བོ་ཆེ་སོགས་མདོ་སྡེ་བཅུ་གཉིས་ནས་ལུང་བསྟན་པའི་


CMR014_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཀླུ་སྒྲུབ་སོགས་རིག་འཛིན་བརྒྱད་དུར་ཁྲོད་བསིལ་བ་ཚལ་དུ་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་དགོངས་པ་མཛད་པས། ཐུགས་རྗེ་ཆེན་པོ་ཞི་དྲག་གི་རྒྱུད་ཕལ་ཆེར་ཀླུ་སྒྲུབ་ཀྱི་ཕྱག་ཏུ་བབས་ཤིང་། ལྷ་མོ་ཀུ་རུ་ཀུལླེས་དབང་བསྐུར་བས་པདྨ་གསུང་གི་རིག་འཛིན་དུ་གྲགས་སོ། །རྒྱལ་པོ་ཛའི་ཕོ་བྲང་དུ་ཟ་མ་ཏོག་བཀོད་པའི་གསང་སྔགས་ཏན་བཅོ་བརྒྱད་སོགས་གླེགས་བམ་གྱི་ཆར་བབས་ཤིང་ཕྱག་ན་རྡོ་རྗེས་དབང་བསྐུར་རོ། །རྒྱལ་པོའི་སྲས་མི་ཏྲ་ལ་མཁའ་འགྲོ་ཨེ་ཀ་ཙ་ཏིས་དབང་བསྐུར་ལུང་བསྟན་ནས་ཁ་སར་པ་ཎིའི་ལྷ་ཁང་དུ་བསྒོམས་ཤིང་ཡི་གེ་དྲུག་པ་བཟླས་པས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་ནས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གནང་འཆི་མེད་འཇའ་ལུས་གྲུབ་བོ། །ཁྱད་པར་དུ་གསང་བ་འདུས་པའི་རྒྱུད་འདི་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོས་བཀའི་བསྡུ་བ་མཛད་དེ། ཨོ་རྒྱན་གན་དྷོ་ལའི་ཤར་ཕྱོགས། རི་བོ་གྲུ་འཛིན་ཏ་ལའི་གནས་རིགས་གསུམ་མགོན་པོའི་ཕོ་བྲང་རང་བྱུང་དུ་ཡོད་པའི་སར་གཏེར་དུ་སྦས་སོ། །དེ་ནས་ཕྱིས་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་གསུང་གི་རིག་འཛིན་འཕགས་པ་ཀླུ་སྒྲུབ་ལ་ཐུགས་རྗེ་ཆེན་པོ་ཞི་


CMR014_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཁྲོ་བོའི་སྐོར་ཐམས་ཅད་ཞུས་སོ། །རྒྱལ་པོ་ཛའི་སྲས་མོ་གོ་མ་དེ་བའི་ལ་ཡང་ཞུས་སོ། །གྲུབ་ཆེན་མི་ཏྲ་ལ་ཡང་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་སོགས་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཞུས་སོ། །ལྷ་ལྕམ་ལེགས་སྨིན་ཀ་ར་ལ་མཛེ་བྱུང་ནས་ཐུགས་རྗེ་ཆེན་པོ་ལྷ་ཁང་བླ་མེད་རྒྱབ་ཏུ་ཡི་གེ་དྲུག་པ་བཟླས་ཤིང་ཐུགས་རྗེ་ཆེན་པོ་བསྒྲུབས་ཏེ་མཛེ་སོས་ལྷ་ཁང་གི་སྒོ་མོའི་ཕྱོགས་སུ་འགྱུར་གྲུབ་པ་ཐོབ་བོ། །དེ་ལ་ཨོ་རྒྱན་ཆེན་པོས་དབང་ཞུས་པས། རྡོ་རྗེ་ཕག་མོར་དངོས་སུ་བཞེངས་ནས་སློབ་དཔོན་ཡི་གེ་ཧཱུྃ་དུ་བྱས་ཏེ་ཤངས་སུ་རྔུབས་ནས་སྐུའི་རྩ་གནས་རྣམས་སུ་ཕྱི་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་དབང་། ནང་རྟ་མགྲིན་དྲེགས་པ་ཟིལ་གྱིས་གནོན་པའི་དབང་ལ་སོགས་པ་གནང་ནས། གསང་བའི་པད་མོར་བཏོན་ཏོ། །དབང་དེའི་བྱིན་རླབས་ཀྱིས་དེ་མ་ཐག་འོག་མིན་དུ་སྐད་ཅིག་ལ་འཕག་སྟེ་རྡོ་རྗེ་འཆང་ཆེན་པོ་དང་རིག་འཛིན་རྡོ་རྗེ་ཆོས་ལ་སོགས་པས་ཡོངས་རྫོགས་ཆེན་པོའི་དབང་ཐམས་ཅད་བསྐུར་རོ། །ཁྱད་པར་དུ་གསང་བ་འདུས་པའི་རྒྱུད་ཉིད་ལས། འགྲོ་འདུལ་ལུང་ཆེན་གྱི་ལེའུ་ནས། ངས་སྤྲུལ་ཀོ་ཤའི་མཚོ་གླིང་དུ། །པདྨ་ལས་བྱུང་


CMR014_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ། །ཚེ་ལ་དབང་བའི་རིག་འཛིན་ལ། །བཀའ་ཡི་བབ་དང་བཅས་ཏེ་གནང་། །ཨོ་རྒྱན་རྒྱ་གར་ཤར་ནུབ་ཏུ། །དེ་ཡིས་བསྟན་པ་དར་བར་བྱེད། །ཅེས་ལུང་བསྟན་པ་ལྟར། ཨོ་རྒྱན་རིན་པོ་ཆེ་བྲག་ཕུག་མ་ར་ཏི་ཀར་ལྷ་ལྕམ་མནྡྷ་ར་བས་བསྒྲུབས་པའི་གྲོགས་བྱས་ཏེ་ཚེའི་རིག་འཛིན་བསྒྲུབས་པས། སངས་རྒྱས་སྣང་བ་མཐའ་ཡས་དངོས་སུ་བྱོན་ནས་དབང་བཞི་རྫོགས་པར་བསྐུར་བས་འཆི་མེད་ཚེའི་རིག་འཛིན་ཐོབ། ཐུགས་རྗེ་ཆེན་པོ་གསང་བ་ཡང་ཐོག་གི་རྒྱུད་དང་། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་རྒྱུད་གཉིས་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གསུངས། དེ་ནས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དངོས་སུ་བྱོན་ནས་ཐུགས་རྗེ་ཆེན་པོའི་རྒྱུད་བརྒྱ་རྩ་བརྒྱད་གནང་ཞིང་དབང་ཐམས་ཅད་རྫོགས་པར་བསྐུར། ཁྱད་པར་དུ་ཡང་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བསྐུར། འདིའི་རྒྱུད་ཀྱང་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོས་ཨོ་རྒྱན་ཉིད་ལ་གཏད་དོ། །དེ་ནས་ཨོ་རྒྱན་རིན་པོ་ཆེ་རི་བོ་པོ་ཊ་ལའི་རྩེར་བྱོན་ནས་ཡི་གེ་དྲུག་པ་དུང་ཕྱུར་སྟོང་ཙམ་བསྙེན་པ་མཛད་པར་གསུངས་ཏེ་མ་འོངས་པ་རྣམས་ཀྱིས་ཀྱང་བསྙེན་པ་གལ་ཆེ་


CMR014_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བརྡ་ཡིན་པར་སྣང་ངོ་། །དེ་ནས་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་རྒྱུད་སྡེ་དེ་དག་ལ་བརྟེན་ནས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཁྲིད་རིམ་མང་དུ་མཛད་དོ། །དེ་དག་ལ་བརྟེན་ནས་གྲུབ་པ་ཐོབ་པ་མང་དུ་བྱུང་སྟེ། རྒྱ་གར་ནུབ་ཕྱོགས་སུ་བྲམ་ཟེའི་བུ་མོ་གཅིག་ལ་ཁྱེའུ་ཤེལ་གྱི་གྲི་གུག་ཐོགས་པ་ཞིག་གིས་སྤྱོད་པ་རྨིས་པས། ཕ་མེད་པའི་བུ་ཞིག་བྱུང་བས་བདེ་མཆོག་དུས་ཀྱི་སྙིང་པོ་བཏགས། དེས་སློབ་དཔོན་དགའ་རབ་རྡོ་རྗེ་ལ་དབང་ལུང་ཞུས་ནས། བྲག་ཕུག་ལྷ་ཞལ་ཅན་དུ་ཡི་གེ་དྲུག་པའི་སྒོམ་སྒྲུབ་བྱས་པས། ཁོང་རང་ཕུང་པོ་ལྷག་མེད་ཏུ་སངས་རྒྱས་བྲག་དེ་ཤེལ་གྱི་མཆོད་རྟེན་རྡོ་རྗེས་བརྒྱན་པ་ཞིག་ཏུ་གྱུར་ནས། བྲག་དེ་ལ་བསྐོར་བ་ལན་རེ་བྱས་ན་ངན་སོང་དུ་མི་འགྲོ་བྱང་ཆུབ་ཀྱི་ལམ་དུ་ཞུགས་པར་གྱུར་སྐད་དོ། །མ་ཧེའི་རྫི་བོ་གཅིག་གིས་སློབ་དཔོན་ཀླུ་སྒྲུབ་ལ་དབང་ལུང་ཞུས་ནས། མ་ཧེ་འཚོ་ཞིང་ཐུགས་རྗེ་ཆེན་པོ་བསྒོམས་ཤིང་ཡི་གེ་དྲུག་པ་བཟླས་པས། ལོ་གཅིག་སོང་དུས་མ་ཧེའི་སྙིང་ག་ནས་གྲོད་པ་ཞིག་བྱུང་། དེའི་ནང་ནས་ཤེལ་གྱི་ཁྱེའུ་ལག་ན་གསེར་གྱི་ཆགས་ཤིང་ལ་མུ་ཏིག་གི་ཡི་གེ་དྲུག་པ་འབུར་དུ་དོད་པ་ཐོགས་པ་གཅིག་བྱུང་


CMR014_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཆོས་བསྟན་ནས་མི་སྣང་བར་ཡལ་ནས། རྫི་བོ་འཇའ་ལུས་མཁའ་སྤྱོད་འགྲུབ་སྟེ། ཞག་རེ་ལ་འཛམ་བུའི་གླིང་གི་མི་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་འདོད་ན་ང་ལས་ལོངས་གསུངས་ཀྱང་། ལས་མ་དག་པས་མི་མཐོང་བ་ཡིན་ཏེ་དེ་ནི་གྲུབ་ཆེན་ཀླུའི་བྱང་ཆུབ་ཅེས་གྲགས་སོ། །ཆགས་ཤིང་ཡི་གེ་དྲུག་མ་རང་བྱོན་དེ་ནུབ་ཕྱོགས་པར་པ་ཏའི་ཡུལ་ཀླུ་སྒྲུབ་ཀྱི་དགོན་པ་གསེར་གྱི་བྱ་རྐང་ཅན་ན། ད་ལྟ་ཡང་ཡོད་སྐད་དོ། །ཡུལ་མ་ག་ཏའི་ནུབ་ཕྱོགས་སུ། ཚོང་དཔོན་མཛེས་པའི་ཏོག་གིས་ཡི་གེ་དྲུག་པ་བཟླས་ཤིང་ཙནྡན་གྱི་སྡོང་པོ་ཞིག་ལ་བསྐོར་བ་ཁོ་ན་བྱས་པས། ཁོང་འདས་ནས་ཙནྡན་སྡོང་པོའི་རྩ་བར་ཕུང་པོ་བསྲེགས་པས། སང་ཕོད་རོ་བསྲེགས་ཤུལ་གྱི་ཙན་དན་དེ་ལ་ལྷ་བ་ཆེན་པོ་ཞིག་བྱུང་ངོ་། །དེའི་ནང་ནས་སྤྱན་རས་གཟིགས་རིགས་ལྔའི་སྐུ་རང་བྱོན་དུ་འཁྲུངས་སོ། །དཀར་པོ་བཅུ་གཅིག་ཞལ་ནི་རྡོ་རྗེ་གདན་ན་བཞུགས། །སྔོན་པོ་བལ་པོ་ན། སེར་པོ་ཨུ་རྒྱན་ཡུལ་ན། དམར་པོ་ཁ་ཆེ་ན། ལྗང་གུ་ཟ་ཧོར་ཡུལ་ན་བཞུགས་སོ། །ཡང་མ་ག་ཏའི་རྐུན་མ་གཅིག་ལ་རྣལ་འབྱོར་པ་གཅིག་གིས་གདམས་ངག་བསྟན་ཏེ། མཆོད་རྟེན་གཅིག་གི་


CMR014_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ན་སྤྱན་རས་གཟིགས་ཀྱི་སྐུ་བྱིན་རླབས་ཅན་ཞིག་ཡོད་པ་ལ། ཞག་ཉེར་གཅིག་ལ་ཉིན་མཚན་མེད་པར་བསྐོར་བ་བྱས་པས་སྐུའི་ཞབས་ནས་སྦྲུལ་ནག་གཅིག་བྱུང་དེ་དངོས་གྲུབ་ཡིན་པར་ཤེས་ནས་འཇུས་པས་ཡེ་ཤེས་ཀྱི་རལ་གྲི་འོད་འབར་བ་གཅིག་རེད་ནས། སྐད་ཅིག་དེ་ལ་གྲུབ་པ་ཐོབ་སྟེ། མཁའ་སྤྱོད་དུ་གཤེགས་ཏེ་གྲུབ་ཆེན་ཁངྒ་པའོ། །བྲམ་ཟེའི་བུ་གཅིག་གིས་སྤྱན་རས་གཟིགས་ཀྱི་སྐུ་གཅིག་ལ། མ་ཧཱ་དེ་ཝ་ཡིན་བསམས་ནས་ལོ་བཅུ་གཉིས་ལ་མེ་ཏོག་ཕུལ་ཞིང་འགྱོད་པ་བྱས་པ་ལ། ཀླུ་སྒྲུབ་དེར་བྱོན་ནས་མེ་ཏོག་ཕུལ་བས་སྐུ་འདྲ་དེའི་ཕྱག་གིས་བླངས་ནས་དབུ་ཐོག་ཏུ་བཞག་གོ །བྲམ་ཟེས་ངས་ལོ་བཅུ་གཉིས་མཆོད་པ་ལ་མེ་ཏོག་མ་བླངས། འདིས་ལན་གཅིག་མེ་ཏོག་ཕུལ་བ་བླངས་སྙམ་དུ་སེམས་ཁྲོས་པ་དང་། སྐུ་དེས་གསུང་བསྒྲགས་ནས་ཁྱོད་རང་བསམ་པ་མ་དག་པ་ཡིན་ང་མ་ལེན་གསུངས་པས། ཀླུ་སྒྲུབ་ལ་གདམས་པ་ཞུས་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ། གྲུབ་ཆེན་པ་པཾ་ག་ཛ་ཞེས་གྲགས་སོ། །ཡུལ་ཙམ་པ་ཀའི་མི་དབུལ་པོ་ཞིག་ལ་སྤྲུལ་པའི་དགེ་སློང་གིས་ཐུགས་རྗེ་ཆེན་


CMR014_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབང་དང་ཡི་གེ་དྲུག་པའི་བསྒོམ་ལུང་གནང་ངོ་། །དེས་ཉམས་སུ་ལེན་ཞིང་ཁུར་བ་མང་པོ་ཉོས་པ་ལ། རིན་མ་འཕྲོད་ནས་མིས་བཟུང་ནས་རྡུང་པ་དང་། ང་གཅིག་པུས་ནི་མ་ཟོས་ཕྱེད་དེ་ཐུགས་རྗེ་ཆེན་པོ་ལ་མཆོད་པ་ཡིན་པས་ང་གཅིག་པུ་མ་རྡུང་སྨྲས་པས། རྩིག་པ་དང་ཀ་བ་ཐམས་ཅད་ནས་གད་མོའི་སྒྲ་ཆེན་པོ་བྱུང་། མི་དེས་སྒྲ་དེ་ལ་ངའི་ཁུར་བ་ཁྱོད་ཀྱིས་ཁྱེར་བ་ཡིན་མོད་སྨྲས་པས། སྤྱན་རས་གཟིགས་ཀྱིས་ཁུར་བའི་རིན་ཏོ་ལོ་བརྒྱ་གནང་བ་མི་དེ་ལ་བྱིན། ཁོང་པོ་ཊ་ལ་ནས་འགྲོ་བ་ལ་བྱོན་པས་ཚེར་མ་ཟུག་ནས་སྨྲེ་སྔགས་བཏོན་པས། ཐུགས་རྗེ་ཆེན་པོས་དངོས་སུ་ཞལ་བསྟན་ནས་ད་སེམས་ཅན་གྱི་དོན་གྱིས་གསུངས་པས། ཤིང་རྟ་ལ་བདུན་ཙམ་གྱིས་ནམ་མཁའ་ལ་འཕགས་ཏེ། གྲུབ་ཆེན་ཙམ་པ་རི་པ་ཞེས་གྲགས་སོ། །ལོ་ལྔ་བརྒྱ་བཞུགས་ནས་འཁོར་བདུན་སྟོང་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །དེ་ལྟར་རྒྱ་གར་དུ་རྒྱུད་མན་ངག་བྱུང་ཞིང་དེ་ལ་བསྟེན་ནས་གྲུབ་པ་ཐོབ་ཚུལ་སོང་ནས། བོད་དུ་དར་ཚུལ་ནི། སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་ཁར། སྤྱན་རས་གཟིགས་ཀྱིས་ད་དུང་བོད་ཁ་བ་ཅན་ཞབས་ཀྱིས་མ་བཅིགས་སྐུའི་འོད་ཀྱིས་


CMR014_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཁྱབ་པས། མྱ་ངན་ལས་མི་འདའ་བར་བཞུགས་པར་ཞུས་པས། དེ་ནི་བྱང་ཆུབ་སེམས་དཔའ་ཁྱེད་ཀྱི་འདུལ་ཞིང་ཡིན་པས་ཐུལ་ཞིག་ཅེས་བཀའ་བསྒོས་པ་དང་། བདེ་བ་ཅན་དུ་བྱོན་པས་སངས་རྒྱས་འོད་དཔག་མེད་ཀྱིས། བོད་ཁ་བ་ཅན་དེ་བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་འདུལ་ཞིང་ཡིན་པས་དང་པོ་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ཀྱིས་སྨིན་པར་གྱིས་ལ་མཐར་ངའི་དྲུང་དུ་ཁྲིད་ལ་ཤོག་ཅིག །ངས་ཀྱང་གདུལ་བྱའི་གྲོགས་བྱའོ་གསུངས། དེར་སྤྱན་རས་གཟིགས་ཀྱིས་ང་དང་འབྲེལ་པ་ཆེར་བཞག་པའི་སེམས་ཅན་རྣམས་མཐར་བདེ་བ་ཅན་དུ་ཁྲིད་ནས་འོང་གིས་ཞེས་ཞུས་ནས་འཇིག་རྟེན་གྱི་ཁམས་འདིར་བྱོན་ནས། ལྷོ་པོ་ཊ་ལ་ནས་ཞལ་བྱང་ཁ་བ་ཅན་དུ་གཟིགས་ནས་བཞུགས་ཏེ། དེ་ནས་བོད་ཀྱི་འོག་ཏུ་གྲང་དམྱལ་ཟ་མ་ཏོག་ཁ་བཅད་པ་ལྟ་བུ་ཡོད་པ་འོད་ཟེར་གྱི་ཚལ་པ་བཞིར་བཀས་ནས་དྲངས་པས། གངས་རྣམས་ཞུ་ནས་མཚོར་གྱུར། མཚོ་ནང་ནས་བོད་ཀྱི་ས་ཆ་རྣམས་བྱུང་། དེར་སྤྱན་རས་གཟིགས་ཀྱིས་སྤྲེའུ་ཧ་ལུ་མ་དྷ་དང་། སྒྲོལ་མས་བྲག་སྲིན་མོར་སྤྲུལ་ནས་བསྡེབས་པས་དེའི་རིགས་རྒྱུད་མིར་གྱུར་ཞིང་འཕེལ་ཆེ་བས་


CMR014_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བོད་མིས་གང་ཡང་། མཐའ་འཁོབ་ཏུ་འདྲེ་ལྟར་མི་ཆོས་མི་ཤེས་སོ། །དེ་ནས་སྤྱན་རས་གཟིགས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བོད་དུ་འབྱོན་དགོས་པར་ཞུས་ཕས་རྒྱ་གར་ཤཱཀྱ་ལི་ཙ་བྱིའི་གདུང་རྒྱུད་རྒྱལ་པོ་གཉའ་ཁྲི་བཙན་པོར་སྤྲུལ་ནས་བོད་ལ་རྒྱལ་ཁྲིམས་དང་མིའི་ཆོས་རྣམས་བསྟན་པས། དེ་བྱུང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་ཡིན་པར་གྲགས་སོ། །དེའི་རྒྱལ་རབས་ཉི་ཤུ་རྩ་ལྷག་གི་རིང་ལ་བོན་དར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཐུགས་རྗེ་ཆེན་པོ་བོད་དུ་བྱོན་པར་ཞུས་པས་། རྒྱལ་པོ་ཐོ་ཐོ་རི་སྙན་ཤར་དུ་སྤྲུལ་ཏེ་རྒྱལ་པོའི་ཕོ་བྲང་གི་རྩེར་བཞུགས་པས་འཇའ་འོད་མེ་ཏོག་གི་ཆར་རོལ་མོའི་སྒྲ་དང་བཅས། ཐུགས་རྗེ་ཆེན་པོའི་མདོ་ཟ་མ་ཏོག་དང་། །ཤེལ་གྱི་མཆོད་རྟེན་ནམ་མཁའ་ནས་བབས་ཤིང་། མི་རབས་ལྔ་ནས་འདིའི་དོན་ཤེས་པ་བྱུང་ཟེར་བའི་ལུང་བསྟན་བྱུང་བས། དེ་ལ་གཉེན་པོ་གསང་བའི་མིང་བཏགས་ནས་མཆོད་པ་བྱས་པས། རྒྱལ་པོ་རྒས་པ་གཞོན་ནུར་གྱུར་ཏེ་ལོ་བརྒྱ་དང་ཉི་ཤུ་ཐོབ་བོ། །དེ་ལ་ཀུན་ཏུ་བཟང་པོའི་སྤྲུལ་པར་གྲགས་སོ། །དེ་ནས་མི་རབས་ལྔ་ནས་རྒྱལ་པོའི་སྲས་ཀྱི་དབུ་


CMR014_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན་འོད་དཔག་མེད་ཀྱི་དབུ་ཡོད་པ་ཞིག་འཁྲུངས་པས། དབུ་སྟེང་མ་རྭ་བས་དཀྲིས་པས་ལ་ཐོད་བྱུང་ངོ་། །དེ་ལ་སྲོང་བཙན་སྒམ་པོ་བཏགས་ཏེ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར། ཐུགས་རྗེ་ཆེན་པོས་ཀྱང་ཐུགས་རྒྱུད་ལ་སོགས་པ་ཡི་གེ་དྲུག་མའི་གདམས་པ་གནང་། ལྷ་ས་བཞེངས་པ་སོགས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་། ཐུགས་དམ་བཅུ་གཅིག་ཞལ་རང་བྱོན་དུ་བྱུང་། ཐོན་མི་སམ་བྷོ་ཊས་ཡི་གེ་བསླབས་ཤིང་ལོ་ཙཱ་བྱས་ནས། ཨོ་རྒྱན་གྱི་སློབ་མ་བལ་པོ་ཤྲཱི་ལ་མཉྫལས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྒྱལ་པོས་གསན། མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་ཐུགས་རྗེ་ཆེན་པོའི་ཆོས་མང་དུ་བསྒྱུར། རྒྱལ་པོ་ཉིད་ཀྱིས་ཀྱང་ཐུགས་རྗེ་ཆེན་པོའི་གདམས་པ་མང་དུ་གསུངས་པས་བློན་འབངས་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་བཀོད་དོ། །དེ་ཚེ་ཨོ་རྒྱན་རིན་པོ་ཆེ་རྫུ་འཕྲུལ་གྱིས་བོད་དུ་བྱོན་ནས་སྲོང་བཙན་གྱིས་མཛད་པའི་ཐུགས་རྗེ་ཆེན་པོའི་སྐོར་རྣམས་གསན་པར་མཛད་དོ། །རྒྱལ་པོ་ཡབ་ཡུམ་གསུམ་སྐུ་གདུང་མ་བཞག་པར་བཅུ་གཅིག་ཞལ་ལ་ཐིམ་མོ། །དེ་ནས་རྒྱལ་རབས་བཞིའི་དུས་ལ། འཇམ་དབྱངས་ཀྱི་ཐུགས་རྗེ་ཆེན་པོ་


CMR014_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་འབྱོན་པར་ཞུས་པས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུ་སྤྲུལ། ཨོ་རྒྱན་ཆེན་པོ་ལ་སོགས་པའི་པཎྜི་ཏ་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས། བོད་ཀྱི་ལྷ་འདྲེ་དམ་ལ་བཏགས་ནས་སྲུང་མར་བསྐོས་སོ། །བསམ་ཡས་སོགས་གཙུག་ལག་ཁང་ཆེན་བརྒྱ་དང་རྩ་བརྒྱད། ཕྲན་བུ་སྟོང་དང་རྩ་གཉིས་བཞེངས། ལང་གྲོ་ལོ་ཙཱ་དཀོན་མཆོག་འབྱུང་གནས་ལ་སོགས་པ་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱིས་མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་བོད་དུ་བསྒྱུར་རོ། །དེའི་ཚེ་ལང་གྲོ་ལོ་ཙཱ་ཆོས་མཁས་ཤིང་མགུ་དཀའ་བས། ཚིག་ལེགས་ཤིང་དོན་ཟབ་པ་མང་ཉུང་རན་པ་རྣམས་གནང་ཞིང་། བསམ་ཡས་ཨཱརྱ་པ་ལོའི་གླིང་དུ་འབྲུག་ལོ་ནས་དབུ་བཙུགས་ཏེ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་འདི་ནི་མཁའ་འགྲོ་བརྡའི་རྒྱ་དཔེ་ལ་ཨོ་རྒྱན་ཆེན་པོ་ཉིད་ཀྱིས་སྒྲ་རང་འགྱུར་དུ་མཛད། གཞན་ཕལ་ཆེར་ནི་ལང་གྲོ་ལོ་ཙཱ་ཉིད་དང་། རྒྱལ་བ་མཆོག་དབྱངས་དང་ནམ་མཁའི་སྙིང་པོ་སྐ་ཅོག་རྣམ་གཉིས་སོགས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ། ཕྱིས་དགེ་བསྙེན་མཁའ་རིས་གདན་དྲངས་དུས་ཤོག་སེར་ལ་བཀོད་དོ། །སྤྲེལ་ཟླའི་ཚེས་བཅུ་ལ་བསམ་ཡས་དབུ་རྩེའི་བར་ཁང་དུ་ཨོ་རྒྱན་ཆེན་པོ་


CMR014_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པཎ་རྣམས་དང་བཅས་པ་བཞུགས་པའི་ཚེ། ཨོ་རྒྱན་ཆེན་པོའི་མཛོད་སྤུ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱིས་ནམ་མཁའ་གང་། དབུ་ཐོག་ན་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་གཙོ་འཁོར་གསུམ། གསང་བ་ཡེ་ཤེས་སྒྲོལ་མ་ཐུབ་པ་དྲུག་དང་བཅས་པ། ཐུགས་རྗེ་ཆེན་པོའི་དབུ་སྟེང་འདོམ་གང་ཙམ་ན་སངས་རྒྱས་སྣང་བ་མཐའ་ཡས་སེམས་དཔའ་ཡབ་ཡུམ་གྱིས་བསྐོར་བ། རྟ་མགྲིན་ཡབ་ཡུམ་མཁའ་འགྲོ་སྡེ་བཞི་དང་བཅས་པ་དེར་ཚོགས་པ་ཐམས་ཅད་ཀྱིས་དངོས་སུ་དར་ཅིག་མཐོང་ངོ་། །དེར་ལང་གྲོ་ལོ་ཙཱས་བསྟན་གཙོའི་གསེར་སྐུ་སོགས་རྟེན་དང་མཆོད་ཆ་གསེར་གཡུའི་མཎྜལ་ཕུལ་ནས། བདག་གིས་འགྲོ་བ་སེམས་ཅན་གྱི་དོན་དུ་སྨོན་ལམ་དབང་གིས་སྐྱེ་བ་མཐོ་དམན་བཟང་ངན་གང་འདུལ་དུ་སྐྱེ་ཞིང་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །བདག་གི་ཤ་རུས་ཁྲག་ལ་སོགས་པ་སྲན་མ་ཡུངས་འབྲུ་ཙམ་ལྟོར་སོང་བ་དང་། མདོར་ན་བདག་ལ་རེ་ཞིང་ལྟོས་པ་དང་། འབྲེལ་གྱུར་ཐམས་ཅད་ཇི་སྲིད་བདག་སངས་མ་རྒྱས་ཀྱི་བར་དུ་འཁོར་གྱི་ལས་ཅན་དུ་གྱུར་ཞིང་། མཐར་


CMR014_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་དུ་བདེ་བ་ཅན་དུ་ལྷན་ཅིག་ཏུ་གྱུར་ཏེ། སྐུ་གསུང་ཐུགས་ཀྱི་སྤྲུལ་པས་འཁོར་བ་མ་སྟོངས་ཀྱི་བར་དུ་སྤྱོད་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་པས་ཐམས་ཅད་ཀྱིས་མཐུན་འགྱུར་མཛད། ལྷ་ཚོགས་རྣམས་གུ་རུ་ལ་ཐིམ། ལང་གྲོས་ཕྱག་སྟོང་ཕྲག་གཅིག་འཚལ་ལོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་འདིའི་སྒྲུབ་ཆེན་ཨཱརྱ་པ་ལོའི་གླིང་དང་མཁར་ཆུ་སོགས་སུ་དཀྱིལ་འཁོར་ཞལ་ཕྱེས་ཤིང་། བཀའ་སྲུང་རྣམས་ལ་བཀའ་བསྒོས་མཛད་པས། སོ་སོས་ཁས་བླངས་དམ་བཅས་སོ། །དེ་ནས་བསེ་སྒྲོམ་དམར་པོའི་ནང་དུ་བཅུག་ནས། དགེ་བསྙེན་ཤེའུ་མཁའ་རི་དང་། །ཀླུ་བདུད་ནག་པོ་མགོ་དགུ་དང་། །མ་མོ་སྔགས་ཀྱི་སྲུང་མ་དང་། །དམ་ཅན་རྡོ་རྗེ་ལེགས་པ་ལ། །བཀའ་འདི་གཏད་དོ་ས་མ་ཡ། །ཐུགས་གཏེར་གསང་གཏེར་ཡང་གཏེར་ལ་སོགས་པ། །ཡོངས་གྲགས་གཏེར་ཁ་བྱེ་བ་སར་སྦས་ཀྱང་། །ཐུགས་གཏེར་ཡང་གཏེར་སྙིང་པོའི་གསང་གཏེར་གསུམ། །གཏེར་བདག་བཟང་ཕྱིར་གནམ་སྐས་བྲག་ལ་སྦས། །ལྷག་ཆད་མེད་དོ་ཐུགས་རྗེའི་ལས་ཚོགས་ཚང་། །ལྷག་ཆད་མེད་དོ་ཡང་གསང་ཆོས་སྐོར་ཚང་། །མཐར་ཐུག་


CMR014_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་སྙིང་ལ་ཏིག་གོ་རྒྱུ། །མ་འོངས་རྩོད་ལྡན་དུས་ཀྱི་ཐ་མ་ལ། །པདྨའི་རིགས་ཅན་ལྕགས་ཁམས་ལུག་གི་ལོ། །བུ་དང་འཕྲད་ནས་བསྟན་པ་མཐའ་རྒྱས་ཤོག། ཅེས་གསུངས་ནས་སྦས་སོ། །དེ་ནས་ཨོ་རྒྱན་རིན་པོ་ཆེ་སྲིན་ཡུལ་དུ་བྱོན་རྗེས། མངའ་བདག་ཁྲི་རལ་གྱིས་ལོ་པཎ་མང་པོ་གདན་དྲངས་ཆོས་རྣམས་སྐད་གསར་བཅད་ཀྱིས་སམ་སྐྲྀ་ཏའི་སྐད་ལས་བསྒྱུར་བ་སོགས་དར་རྒྱས་མཛད་ཀྱང་། ནུ་བོ་གླང་དར་གྱིས་ཆོས་བསྣུབས་ནས་གཏེར་དུ་སོང་བ་མ་གཏོགས་ཕལ་ཆེར་མེད་པར་བྱས་པས། ལོ་དྲུག་ཅུར་དབུས་གཙང་དུ་བསྟན་པ་ནུབ་བོ། །དེ་ནས་གཏེར་སྟོན་སངས་རྒྱས་བླ་མ་སོགས་རིམ་པར་བྱོན་ཏེ་རྙིང་མ་རྣམས་དར། རཏྣ་གླིང་པ་ཡན་ཆད་དུ་ཡང་གཏེར་སྟོན་བཞི་བཅུ་ལྷག་ཙམ་བྱོན་ནོ། །དེ་དག་གི་གཏེར་ཁ་རེ་རེ་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རེ་རེ་བྱོན་པས་འགྲོ་དོན་དུས་སྐབས་སོ་སོར་བྱུང་། གསར་མའི་ལོ་ཆེན་རིན་བཟང་གིས་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་དང་པདྨ་ཟབ་པའི་རྒྱུད་བསྒྱུར་བ་དང་། ཇོ་བོ་རྗེ་བོད་དུ་བྱོན་ནས་གསང་འདུས་འཇིག་རྟེན་དབང་ཕྱུག་སོགས་ཡི་གེ་དྲུག་པའི་སྒྲུབ་ཐབས་བསྒྱུར་བ་ལས་ཞལ་གཟིགས་


CMR014_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་དུ་བྱོན། གྲུབ་ཐོབ་ཅེར་སྒོམ་པ་དང་སྐྱེར་སྒང་པ་སོགས་ཀྱིས་ཡི་གེ་དྲུག་པ་ཁོ་ན་ཐུགས་དམ་མཛད་ཅིང་ཞལ་གཟིགས། གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་དང་། ཉང་དང་ཆོས་དབང་གསུམ་གྱིས་ནི་ཐུགས་རྗེ་ཆེན་པོ་ཁོ་ན་ལ་ཐུགས་དམ་མཛད་པས་འགྲོ་དོན་གཏེར་སྟོན་གཞན་བས་ལྷག་པ་བྱུང་ངོ་། །དེ་ནས་གཏེར་འདི་ཇི་ལྟར་བཏོན་ཚུལ་ནི། པདྨ་བཀའ་ཐང་རྒྱས་བསྡུས་རྣམས་ནས། གཏེར་སྟོན་བརྟགས་པའི་སྐབས་ནས། གཏེར་ཁ་མང་མཐུན་ལུང་གིས་ཟིན་ལ་བྱེད། །ཅེས་གསུངས་པ་ལྟར་སྔོན་གྱི་གཏེར་ཁ་བརྒྱད་ནས་རཏྣ་གླིང་པ་ལུང་བསྟན་པ་ཡིན་ཏེ། མངའ་བདག་ཉང་གི་གཏེར་ཁ་ལུང་བསྟན་གཏེར་རྒྱ་ཞེས་བྱ་བ་ནས། ལོ་ནི་ལྔ་བཅུ་ཁ་རལ་དུས། །ཉི་མ་ཤར་ལྷོའི་ཕྱོགས་དག་ཏུ། །ཆོས་ཀྱི་རྒྱལ་པོ་རཏྣ་གླིང་། །ཕྲིན་ལས་བཞི་ལ་མངའ་བརྙེས་པས། །མཚོ་རྒྱལ་ཁྱེད་ཀྱི་སྤྲུལ་པའམ། །བྱིན་གྱིས་བརླབས་པའི་སྐྱེས་བུ་འབྱུང་། །ཞེས་དང་། གུ་རུ་ཆོས་དབང་གི་གཏེར་ཁ་སྐུ་གསུམ་སྒྲུབ་པའི་ལུང་བྱང་ནས། འདི་ནས་བྱང་ཕྱོགས་ཤིང་སྒོའི་མཚམས། །རི་བོ་ཁྱུང་ཆེན་ལྟ་བུའི་སར། །ལུག་ལོར་པདྨ་དབང་ཆེན་རྩལ། །བསྐྱེད་རྫོགས་དོན་


CMR014_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པ་འབྱུང་། །ཞེས་དང་། རིན་ཆེན་གླིང་པའི་གཏེར་ཁ་སྤྱི་འདུས་འཁོར་ལོའི་ལུང་བྱང་ལས། རིགས་ལྡན་གསུང་གི་སྤྲུལ་པ་ནི། །གངས་རིས་བསྐོར་བའི་ས་ཕྱོགས་སུ། །སྐྱེས་བུ་བློ་གྲོས་སྟོབས་ལྡན་པ། །རཏྣ་གླིང་ཞེས་གྲགས་པ་འབྱུང་། །ཞེས་དང་། གཏེར་སྟོན་ཤེས་རབ་མེ་འབར་གྱི་གཏེར་ཁའི་དྲི་མེད་ཟླ་ཤེལ་སྤྱི་ལུང་ལས། གཏེར་གྱི་བསྟན་སྐྱོང་འགྲོ་འདུལ་གླིང་། །མོན་བོད་གཉིས་ཀྱི་མཚམས་སུ་འབྱུང་། །ཞེས་དང་། གུ་རུ་ཇོ་རྩེའི་གཏེར་ལུང་ལས། །མོན་བུ་སྤྱི་བཅིངས་སྐུ་ཡི་ལཱ་བ་ཅན། །རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ་འབྱུང་། །དེ་དུས་མོན་བུས་ཡི་དམ་འདི་ལ་གྱིས། །ཞེས་དང་། གུ་རུ་ཚེ་བརྟན་གྱི་གཏེར་ཁའི་ལུང་ནས། ཨོ་རྒྱན་བསྟན་འཛིན་འགྲོ་འདུལ་གླིང་། །གནས་ལུགས་དོན་གྱི་དགོངས་གཏེར་རྡོལ། །ཆོས་ཀྱི་བསྟན་འཛིན་རཏྣ་འབྱུང་། །ཞེས་དང་། ཚེ་བརྟན་གཏེར་ཁའི་གནད་ཡིག་ལས། །རྣལ་འབྱོར་སྐུ་ཡི་ལྭ་བ་ཅན། །བོད་ཡུལ་མཐའ་དབུས་ཀུན་ཁྱབ་པར། །ལོ་ནི་ལྔ་བཅུ་ཁ་རལ་དུས། །ང་ཡི་བསྟན་པ་རྒྱས་བྱེད་འབྱུང་། །ཞེས་དང་། ཨོ་རྒྱན་གླིང་པའི་བཀའ་ཐང་


CMR014_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཁྱུང་ཆེན་བྲག་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཞིག་པོ་གླིང་པ་ཞེས་བྱ་འབྱུང་། །ཞེས་སོགས་ལུང་བསྟན་མང་དུ་གསལ་བ་དང་མཐུན་པར། སྤྲུལ་པའི་རྣལ་འབྱོར་པ་ཞིག་གིས་ཁ་བྱང་ཤོག་སེར་གཏད་ནས།——དང་པོ་ཁྱུང་ཆེན་བྲག་ནས་གཏེར་བཏོན་པས་གཏེར་སྲུང་གི་ཆོ་འཕྲུལ་རྡོ་ལག་མགོ་ཙམ་ལུག་མགོ་ཙམ་གྱི་ཆར་ཕབ། སེར་བ་ཅོ་གའི་སྒོ་ང་ཙམ་བྱུང་བས་ང་ཨོ་རྒྱན་གྱིས་ལུང་བསྟན་པའི་གཏེར་སྟོན་ཡིན་ན་ཆོ་འཕྲུལ་མ་སྟོན། མིན་ན་ཅི་འདོད་གྱིས་གསུངས་ནས་ན་བཟའ་བརྡབས་པས་ཆོ་འཕྲུལ་ཞི་སྟེ་གཏེར་ཐོན། དེ་ནས་རིམ་པ་ལྟར་གཏེར་ཁ་ཉི་ཤུ་རྩ་ལྔ་བཏོན་པས་ཨོ་རྒྱན་དང་ལན་ཉི་ཤུ་རྩ་ལྔ་མཇལ། ཁྱད་པར་དུ་ཐུགས་རྗེ་ཆེན་པོ་གསང་འདུས་ཇི་ལྟར་བཏོན་ཚུལ་ནི། ཁ་བྱང་ནི་ཐུགས་སྒྲུབ་གཉལ་སྨད་དགེ་རིས་ལང་གྲོས་ཞུས་ལེན་གྱི་ཤོག་སེར་གཤམ་ན། བདག་འདྲ་པདྨ་འབྱུང་གནས་ཀྱིས། །ངོ་མཚར་ཁ་བྱང་བསྟན་པར་བྱ། །ལ་ཡག་མོན་མཁར་སྟེང་ཞེས་བྱ། །ཕ་ཝང་གཡུ་སྒྲོམ་ཐད་ཀྱི་བྱང་། །རྟགས་ལ་གནམ་སྐས་ཅན་གྱི་བྲག །དེའི་ཐད་ལྷོ་ཕྱོགས་རྫ་སྣ་ལ། །ཕ་ཝང་


CMR014_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་པོ་གསུམ་ཚོགས་འདྲ། །དེ་ནས་སྲིན་ཚད་བྱང་དུ་འཇལ། །བརྒྱད་ཚད་ཚང་ནས་ཕ་ཝང་སྤྲེའུ། །དཀར་པོ་འདྲ་བའི་བྱང་ཐད་ན། །གནམ་སྐས་བྲག་གི་ཤར་ཕྱོགས་ལ། །རྟ་ལྕགས་འདྲ་བའི་བྲག་དཀྱིལ་ན། །བྲག་སྲུབ་གཞུ་འདྲའི་ཆང་ཟུང་ན། །སྲིན་ཚད་ཁྲུ་བདུན་བྱང་དུ་འཇལ། །བྲག་ལུང་བྲག་ངན་གྲུམ་པ་འདྲ། །ཁྲུ་གསུམ་གསང་ཚད་རིམ་པས་འབྱུང་། །མཐོ་དམན་གསང་ཚད་ལྷོ་ངོས་ཀྱི། །བྲག་སྣར་མཚལ་གྱི་གཡུང་དྲུང་དམར། །ཉི་ཟླ་རིས་ཡོད་དེ་དང་མཉམ། །རིན་ཆེན་བསེ་སྒྲོམ་དམར་པོའི་ནང་། །ཐུགས་རྗེ་ཆེན་པོ་གསང་བ་འདུས། །བོད་ཡུལ་གཏེར་གྱི་སྙིང་ཁྲག་ཡིན། །རྒྱུད་དང་མན་ངག་ལ་སོགས་བཅས། །ཡིད་བཞིན་ནོར་བུའི་བང་མཛོད་འདྲ་། །བྲམ་ཟེ་དྲི་མེད་ཤ་རིལ་དང་། །དགའ་རབ་ཤྲཱི་སེང་ཨོ་རྒྱན་གྱི། །ཆོས་སྨན་གསུམ་ཡོད་ངོ་མཚར་མཆོག །རིལ་བུ་སེར་པོ་དགའ་རབ་སྟེ། །སྨུག་པོ་ཤྲཱི་སེང་ཧ་ཡིན། །ཕྱེ་མ་རྗེ་འབངས་ཉེར་ལྔ་ཡིས། །བསམ་ཡས་བསྒྲུབས་པའི་སྨན་ཕུད་ཡིན། །བེ་རོ་ཙ་ནའི་དབང་ཕུར་དང་། །ནམ་མཁའི་སྙིང་པོའི་དབུ་སྐ་དང་། །གཞན་ཡང་ངོ་


CMR014_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་རྫས་མཆོག་བཅས། །སྙིང་པོའི་བྱང་གཏེར་འདི་ཉིད་དེ། །རྩི་དུག་སྲུང་བའི་རིལ་བུ་བསྲེགས། །ལུས་ལ་གཞུང་བཞིན་རྒྱན་འཁོར་བཏགས། །བུ་མོ་སྤྲེལ་ལོའི་མཐུན་གྲོགས་གཅེས། །གཏེར་ཚབ་བུམ་པ་རྫས་ལྡན་སྦ། །གསང་ལུག་གཡག་དང་བཤོས་བུ་དང་། །རྩི་སྨན་ཆབ་གཏོར་སྨན་ཕུད་ཀྱིས། །མཁའ་རི་ཀླུ་བདུད་གཏེར་སྲུང་མཆོད་། །པདྨ་བདག་ལ་གསོལ་བ་ཐོབ། །དཔའ་བའི་གདེང་སྐྱེད་བསྐྱེད་རིམ་བསྒོམ། །རྫས་སྲུང་འཁྲུལ་དམིགས་བཞིན་དུ་བྱ། །བདེན་པ་བདར་ལ་ཐ་ཚིག་བརྗོད། །སྐྱེས་བུའི་དོན་འགྲུབ་ཨེ་མ་ཧོ། །ཞེས་པ་བྱུང་བ་ལ། ཆོས་དབང་གི་གདུང་རྒྱུད་སོགས་བླ་མ་གསུམ་གྱིས། ཁྱོད་ཀྱི་གཏེར་རྣམས་ངོ་མཚར་ཆེ། ཨོ་རྒྱན་དངོས་ཀྱི་འདུན་པ་ཡོད་ཀྱང་། ཁྲོམ་གཏེར་ཞིག་མཛད་ན་སྙིགས་མའི་མི་རྣམས་ཐེ་ཚོམ་ཆོད་པ་ཡིན་ཞེས་ཟེར་མཁན་མང་ངོ་། །ངེད་རྣམས་ཀྱང་སྤྲོ་བས་འདི་ཕྱོགས་སུ་གཏེར་འདོན་རྒྱུ་གདའ་ན་ཅིས་ཀྱང་ཁྲོམ་གཏེར་མཛད་པར་ཞུ་ཟེར་བ་དང་། བླ་མ་རས་པ་བས་ཀྱང་དེ་ལྟར་ཟེར་ནན་གྱིས་བསྐུལ་བ་ལ་བརྟེན་ནས། ཁོ་བོ་ལ་མྱུར་པོ་ཅིག་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་བོད་གངས་ཅན་


CMR014_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟབ་པ་གཅིག་ཁོ་བོའི་ལག་ཏུ་འོང་བར་ཡོད་དོ། །ཁྱེད་ཞུ་བ་པོ་རྣམས་ཡིད་ཚིམ་པ་ཞིག་བྱའི་གསུངས། དེ་ནས་གཏེར་འདོན་པར་ཉེ་བ་ན། བླ་མ་སྐུ་ཆེ་བ་སྐྱ་སེར་ཐམས་ཅད་ལ་གཏེར་སྲུང་ཀླུ་བདུད་ཀྱི་རྟགས་དང་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་འདུག །དེ་ནས་སྟག་ཟླའི་ཚེས་གཅིག་ཉིན་བུ་ཆེན་གྲྭ་སློབ་དང་ཁྲོམ་ཚོགས་ཆེན་པོ་འཚོགས་ནས་གཏེར་བཏོན་པའི་ཚེ། གཏེར་སྲུང་མཁའ་རིའི་གངས་རིའི་རྩེ་ནས། གནམ་སྐས་ཅན་གཏེར་འདོན་ས་དེར་འཇའ་དཀར་པོ་དར་ཡུག་བརྒྱངས་པ་ལྟ་བུ་ལྔ་ཟུག །གཞན་ཡང་ཕྱོགས་ཐམས་ཅད་དུ་འཇའི་གུར་ཕུབ། དགེ་བསྙེན་མཁའ་རི་དཔོན་གཡོག་དངོས་སུ་བྱུང་ནས། རྟའི་ལྕག་ཙན་བྲག་ལ་བཙུགས་ནས། གཏེར་འདི་ན་ཡོད། སྤྱིར་བྲག་འདི་ལ་ཐུགས་གཏེར་བདུན་ཡོད་པ་ལས། འདིར་སྔོན་ཆད་གསུམ་སོང་། ད་དུས་ལ་བབ་ཅིས་ཀྱང་ཐོན་ཞིག་ཅེས་དངོས་སུ་ལུང་བསྟན། དེ་ནས་གཏེར་སྲུང་མཆོད་ཅིང་བརྐོས་པས། བྲག་རྡོ་ཁྲིག་ཅོ་ལེ་བ་ཅིག་བཀོག་པའི་རྗེས་ལ། བྲག་ཁྲིག་ས་སྤྱིན་གྱིས་སྦྱར་བའི་ཁྲིག་ཞིབ་མོ་ཞིག་བྱུང་། དེ་བཀོག་པའི་རྗེས་ལ་བྲག་སྲུབ་ཁྲ་ཤིག་གེ་བ་ཟད་དུས། བྲག་ཕུག་གྲུ་


CMR014_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཞིག་གི་ནང་ན་ལྕགས་ཕུར་དཀར་རྩེ་རེ་འདུག ། དེ་བླངས་པས་རྫི་དུག་གིས་མགོ་འཁོར་སྐྱུགས་ལོག་བརྒྱལ་ལ་ཁད་བྱུང་བས། ཕར་སོང་ནས་ཅུང་ཟད་ངལ་བསོས། །འདོན་རོགས་འགའ་ལ་ཡང་རྫི་དུག་ཕོག་པའི་ནད་འགའ་བྱུང་། དེ་ནས་ཤོག་སེར་བསེ་སྒོམ་ཆོས་སྨན་གྱི་གའུ་རྣམས་བཏོན་གསོལ་བ་བཏབ་ཅིང་ཆོས་སྨན་གའུ་ནས། དེར་འཚོགས་པ་རྣམས་ལ་དངོས་གྲུབ་གནང་། ཚོགས་འཁོར་ཕུལ། གཏེར་སྲུང་ཀླུ་བདུད་རྩུབ་པས་ཉེ་གནས་ཀྱི་ལག་པ་ལ་ལྷོག་པ་བརྒྱབ། དེ་སྐོར་གྱི་བླ་མ་གདན་ས་པ་ཆེ་ཆུང་སོགས་ཐམས་ཅད་ལ་མི་ནག་དང་མོན་དང་ཨ་ཙ་ར་དང་གཡག་མགོ་ཅན་དང་། རྟ་མགོ་ཅན་གྱིས་ཁྱིམ་གང་བ་སོགས་གཏེར་བདག་གི་ཆོ་འཕྲུལ་ཆེ་དྲགས་ནས་མི་ཟུག་པ་ཙམ་བྱུང་བ་ལ་ཡང་། ཁྱུང་གི་རྗེས་གཅོད་སོགས་རྟེན་འབྲེལ་འགའ་རེ་མཛད་པས་ཆད་དོ། །དེ་ལྟར་ཁྲོམ་གཏེར་མཛད་པས་ཐམས་ཅད་ཡིད་ཆེས་པར་གྱུར་ཏོ། །གཞན་ཡང་དགེ་རིའི་ཤོག་སེར་ལས། ཨེ་མ་ངོ་མཚར་ཡ་མཚན་རྫ་ས། །སྤྱན་རིས་གཟིགས་དབང་འགྲོ་བའི་དོན། །སྤྲུལ་སྐུ་བྲམ་ཟེ་དྲི་མེད་དེ། །བལ་ཡུལ་ཡམ་བུའི་བྲག་ཁྲོད་དུ། །འདའ་བའི་ཚུལ་


CMR014_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དེ་ཡི་ཤ། །ཨོ་རྒྱན་བདག་དང་བི་མ་ལ། །རྒྱ་ནག་མཁས་པ་ཧྭ་ཤང་གིས། །རྒྱ་གར་རྒྱ་ནག་བལ་ཡུལ་དང་། །བོད་ཡུལ་འགྲོ་བའི་དོན་དུ་བགོས། །དབུ་དང་ཐུགས་དང་ནང་གཞུག་དང་། །སྒལ་ཚིགས་ཕྱག་གཡས་བོད་དུ་དྲངས། །དབུ་ཀླད་ཐུགས་དང་གློ་མཆིན་རྣམས། །གཏེར་ཁ་ཉི་ཤུ་རྩ་ལྔར་སྦས། །ཐུགས་ནི་གཏེར་ཁ་ལྔ་རུ་གཏམ། །དེ་ལ་དབུ་ཀླད་ཐུགས་མཆིན་བཅས། །ངོ་མཚར་རྫས་སྦྱར་པདྨས་བསྒྲུབས། །རིལ་བུ་དང་ནི་ཆོས་སྨན་བཅས། །རིན་པོ་ཆེ་ཡི་གའུར་བྲུབ། །བསམ་ཡས་དབུ་རྩེ་བྱང་ཆུབ་ཆེ། །སྐུ་རྒྱབ་དྲང་པོའི་གཡོན་ངོས་ཁྲི། །ས་ནས་ཁྲུ་གསུམ་རྒྱ་ཐིག་ནས། །གཡོན་ནས་ཁྲུ་གསུམ་གསང་བའི་ཚད། །སྤང་ཁྲི་ལྕགས་གཟེར་རུས་སྦལ་མགོ ། གཡོན་དུ་ཞགས་པ་སོ་ཕག་སྒོ། །མཐོ་གང་འོག་བྲུས་སྤྱང་ཁྲིའི་ནང་། །བདོག་པས་དོན་འགྲུབ་ས་མ་ཡ། །ཞེས་གསུངས་པ་ལྟར་བདེ་བླག་ཏུ་ཐོན་ནོ། །ཡང་ཁྱུང་ཆེན་བྲག་གི་ཐེམ་ཡིག་བརྒྱབས་ནས། ཨེ་མ་ཧོ། བསམ་ཡས་དབུ་རྩེ་འོག་ཁང་གི །བྱང་ཆུབ་ཆེན་པོའི་ཞབས་སེན་གཡོན། །ཟུར་ནས་སྲིན་ཚད་འདོམ་གང་རྒྱབ། །འཇལ་བས་སོ་ཕག་


CMR014_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཁྲིའི་མཚམས། །འབུར་མོ་གསུམ་གྱི་དབུས་མ་ཕྱུང་། །རྒྱལ་བ་རྒྱ་མཚོས་སྣ་དྲངས་པའི། །སྐྱེས་རབས་ལུང་བྱང་ཐུགས་ཁྲིད་དང་། །སྒྲ་འགྱུར་ཞལ་ཐེམས་ལ་སོགས་ཡོད་། །རྒྱལ་པོ་ཕུད་གཏོར་བཤོས་བུས་མཆོད། །ཅེས་གསུངས་པ་ལྟར་གསང་ཐབས་སུ་བཏོན་པས་དཀོར་གཉེར་གྱིས་འཕྲིགས་ནས། གཏེར་སྟོན་ལ་གྲི་ལན་གསུམ་བརྒྱབ་ཀྱང་མ་ཟུག །གཏེར་ཐོན་ནས་བྲོས་པས་ཐར་ཙམ་བྱུང་ངོ་། །དེ་ལྟར་གསང་འདུས་འདིའི་ཆོས་དང་དམ་རྫས་གཏེར་ཁ་གསུམ་ནས་བཏོན་ནོ། །དེ་ནས་རིལ་བུ་བུམ་སྒྲུབ་ཀྱི་ཞལ་ཕྱེས་ཚུལ་ནི། བྱ་ལོ་ལ་དབུ་རུ་བྱང་འཕན་ཡུལ་གྱི་ཆོས་རྗེ་སྨོན་འགྲུབ་རྒྱལ་པོ་ཆོས་བདག་ཏུ་ལུང་བསྟན་པ་ལྟར་གདན་འདྲེན་བྱུང་། དེ་ནུབ་སྔགས་སྲུང་སྨུག་ནག་ཞིང་དབྱུག་དང་བྷན་དྷ་ཐོགས་པ་ཞིག་བྱོན་ནས། ད་ལེན་མྱུར་དུ་སྨན་རྩེར་ཐེགས། འགྱངས་ན་རྟེན་འབྲེལ་འཁྱུག་པ་ཡོད་ཟེར། ཕྱིར་ནངས་གདན་འདྲེན་པ་ཚོ་ལ་གསུངས་པས། ཆོས་རྗེ་སྙན་རྒྱུ་ཨེ་ཡིན་ཟེར་ནི་སྐྲག་ཅིང་མགྱོགས་པར་བྱོན་པས། སྨན་རྩེར་ཕེབས་ནུབ་མཁའ་འགྲོ་སེང་གདོང་མ་དང་སྔགས་སྲུང་གཉིས་བྱོན་ནས། ཁར་སེང་ནས་རྟེན་འབྲེལ་ཡོད་མྱུར་


CMR014_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱོན་སྨྲས་པ་མ་ཎི་དུང་ཕྱུར་ཚུགས་པར་འདུག་པས། སྐྱེ་བདུན་སྒྲུབ་པ་དོན་ལ་གཅེས་པ་ཡིན་མོད། ད་ཐུགས་བསྐྱེད་མཛོད་ཟེར་ནས་རིལ་བུ་བྲེ་བཅོ་ལྔ་ཙམ་སྦྱར་། ཚོགས་པ་སྟོང་ཚོ་ཙམ་གྱིས་ཡིག་བདུན་བརྒྱུན་ཏེ་དུང་བཏོན་ཚར་ནས། དབང་བསྐུར་ཉིན་ལ་རིལ་བུ་བུམ་པའི་ཁ་ཚང་ཁྲོད་ནས་ཡར་ཕྱུ་རུ་རུ་ཁོལ། འཇའ་ཚོན་གྱི་གུར་ཕུབ་། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་དངོས་སུ་བྱོན་པ་ཞལ་གཟིགས་ཚོགས་པའི་ནང་ནས་ཀྱང་ལས་དག་པ་འགའ་རེས་མཐོང་། རིལ་བུ་བཀྱེ་དུས་མེ་ཏོག་གི་ཆར་ཆུང་གྲྭ་ཡང་སེ་བའི་མེ་ཏོག་ཙམ་ཉིན་ཕྱེད་བར་དུ་བབ་བོ། །ཡང་འཕན་ཡུལ་དུ་རིལ་བུ་བཀྱེ་དུས་མེ་ཏོག་གི་ཆར་བབ། རྒྱ་མ་རུ་ཁྲོམ་དབང་མཛད་དུས་མེ་ཏོག་གི་ཚར་ཏིང་ཕོར་ཙམ་འཕང་ལོ་ཙམ་བབ། འཇའི་གུར་ཕུབ། བདེ་ཆེན་རྩེར་ཚོགས་པ་ཁྲི་ཚོ་ཙམ་ལ་རིལ་བུ་བཀྲེས་པ་དང་དབང་བསྐུར་དུས། ནམ་མཁའ་གཡའ་དག་པ་ལ་མེ་ཏོག་གི་ཆར་ཁ་བ་ཙམ་བབས་སོ། །དེ་ཡང་བསམ་ཡས་བྱང་ཆུབ་ཆེན་པོ་ནས་བཏོན་པའི་བྲམ་ཟེའི་སྐུ་ཤ་སྲན་མ་ཉིས་འགྱུར་ཙམ་པའི་རིལ་བུ་བདུན་ཅུ་དོན་གཅིག་ཨོ་རྒྱན་གྱི་སྨན་སྒྲུབ་ཞོ་ལྔ་ཙམ་ཞིག །བི་མ་


CMR014_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལའི་སྨན་སྒྲུབ་རིལ་བུ་སྲན་མ་ཉིས་འགྱུར་ཙམ་པ་བཅོ་བརྒྱད། ཨོ་རྒྱན་ཡབ་ཡུམ་བྱང་སེམས་རིལ་བུ་སྲན་མ་ཆེ་ཤོས་ཙམ་བཅུ་དྲུག །ཁྱུང་ཆེན་བྲག་ནས་ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་རིལ་བུ་བཅུ་ཐམ་པ།མཁོ་མཐིང་ལྷ་ཁང་ནས་བྲམ་ཟེ་དྲི་མེད་སྙིང་པོའི་ཐུགས་ཀྱི་ཤ་རིལ་སྲན་ཚད་ཉི་ཤུ་རྩ་བརྒྱད།གུ་རུའི་ཆོས་སྨན་མང་ཞིག——།མཁོ་མཐིང་ལྷ་ཁང་ཟུར་ཀ་ནས་བྲམ་ཟེའི་ཤ་རིལ་ཨ་ཚྭ་ཏའི་ལོ་རྒྱུས་དང་བཅས་པ། བྲག་དམར་རི་མོ་ཅན་ནས་ཚེ་རིལ་བཅུ་གསུམ། གུང་ཐང་མཁར་ནས་བྲམ་ཟེའི་ཤ་རིལ་དང་ཆོས་སྨན། དགེ་རི་བྲག་ནས་དགའ་རབ་རྡོ་རྗེ་དང་ཤྲཱི་སེང་ཧའི་སྨན་སྒྲུབ། ཨཱརྱ་པ་ལོའི་གླིང་ནས་སྐྱེ་བདུན་གྱི་སྒྲུབ་པ་ལོ་རྒྱུས། གནམ་སྐས་བྲག་ནས་བྲམ་ཟེ་དྲི་མེད་ཤ་རིལ། དགའ་རབ་ཤྲཱི་སེང་ཨོ་རྒྱན་གསུམ་གྱི་ཆོས་སྨན། བསམ་འགྲུབ་བདེ་ཆེན་གྱི་གཙུག་ལག་ཁང་ནས། དགའ་རབ་རྡོ་རྗེའི་ཆོས་སྨན་བྲམ་ཟེའི་ཤ་རིལ། དབེན་རྩ་ལྷ་ཁང་ནས། དགའ་རབ་རྡོ་རྗེ་དང་ཤི་སེང་ཧའི་སྨན་སྒྲུབ་ལ་ཨོ་རྒྱན་དང་བི་མ་ལ་གཉིས་ཀྱིས་བལ་ཡུལ་ཡང་ལེ་ཤོད་དགའ་རབ་ཤྲཱི་སེང་ཨོ་རྒྱན་གསུམ་གྱི་ཆོས་སྨན། བསམ་འགྲུབ་བདེ་ཆེན་གྱི་


CMR014_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་ནས་དགའ་རབ་རྡོ་རྗེའི་ཆོས་སྨན་བྲམ་ཟེའི་ཤ་རིལ་དུ་བསྒྲུབས་པའི་རིལ་བུ་གའུ་གང་། ཨོ་རྒྱན་གྱིས་མཁའ་རི་དགེ་གོང་དུ་བསྒྲུབས་པའི་ཆོས་སྨན་ཕྱེ་མ་གའུ་གང་། དེ་རྣམས་ཀྱི་ལོ་རྒྱུས་དང་བཅས་པ། དྭགས་པོའི་དྭགས་ལུང་ཁྲ་མོ་བྲག་ནས་བྲམ་ཟེ་དྲི་མེད་ཤ་རིལ། དགའ་རབ་ཤྲཱི་སེང་ཧ་ཨོ་རྒྱན་རྣམས་ཀྱིས་བསྒྲུབས་པའི་དམ་རྫས་དེ་རྣམས་བཏོན་ནོ། །དེ་རྣམས་ཀྱི་རྒྱུན་དེང་སང་གི་རིལ་བུ་ལ་ཡོད་པའི་རྒྱུ་མཚན་ནི། གཏེར་ནས་བྱོན་པའི་རིལ་བུ་སེལ་མེད། ད་ནི་རྙེད་པར་དཀའ་ཡང་། སྔར་བསྒྲུབས་པའི་རྒྱུན་ལ་རུ་རྩི་འདྲེས་པས། ཕབས་ཡོའི་ཕབས་ཀྱིས་རུང་བ་དང་འདྲ་སྟེ། རཏྣ་གླིང་པ་ཉིད་ཀྱིས་མཛད་པའི་གཏེར་འབྱུང་ཆེན་མོ་ལས། བྲམ་ཟེའི་ཤ་རིལ་ལ་སྔ་ཕྱི་བར་གསུམ་དུ་བསྒྲུབས་ཏེ་ཕྱོགས་ཐམས་ཅད་དུ་བཀྱེས་ཏེ་རིལ་བུ་ཟོས་ཚད་སྤྱན་རས་གཟིགས་ཀྱི་ཞིང་དུ་བཀོད་དེ་འགྲོ་དོན་མཐའ་ཡས་སོ། །གུ་རུའི་ཆོས་སྨན་ལ་ཕབས་སུ་བྱས་ཏེ་སྨན་སྒྲུབ་ཕྱོགས་མཚམས་མང་པོར་མང་དུ་བསྒྲུབས་ཏེ་འགྲོ་དོན་ཆེ། བྲམ་ཟེའི་ཤའི་རིལ་བུ་ལས་ཅན་འགས་དངོས་གྲུབ་ཐོབ། སྐྱེ་བདུན་ལན་འགའ་བསྒྲུབས་ཏེ་དངོས་གྲུབ་ཐོབ། །


CMR014_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བདུན་ལན་འགའ་བསྒྲུབས་ཏེ་འགྲོ་བ་དཔག་ཏུ་མེད་པ་ཐུགས་རྗེ་ཆེན་པོའི་ཞིང་དུ་བཀོད། ཨ་མྲྀ་ཏ་ལ་སྨན་སྒྲུབ་འགའི་ཕབས་བྱས། ཞེས་དང་། ཨ་མྲྀ་ཏ་རྣམས་བུ་ཆེན་འགས་དངོས་གྲུབ་ཐོབ། སྨན་སྒྲུབ་འགའ་བསྒྲུབས་ཏེ་ཕེབས་བྱས་སོ། །ཞེས་དང་། མི་སྟོང་ཕྲག་གསུམ་ལ་རིལ་བུ་བཀྱེས། རྗེས་སུ་ཕྱོགས་མཚམས་ཐམས་ཅད་དུ་ཡང་བཀྱེས་ཏེ་ཁམས་ཚ་བ་རོང་པའི་སློབ་དཔོན་རྒྱལ་མཚན་དཔལ་དང་ཁམས་སྟོན་ཆོས་རྒྱལ་མཚན་ལ་སོགས་ཀྱིས་ཁམས་སྟོད་སྨད། འཇམ་དབྱངས་དཔལ་སོགས་ཀྱིས་ཉང་ཀོང་རོལ་གསུམ་ལ་ཕྱི་ཆུ་བར་གྱི་བླ་མ་དབུ་མཛད་སོགས་ཀྱིས་ཀྱང་ཕྱོགས་ཐམས་ཅད་དང་། མདོར་ན་ཐམས་ཅད་དུ་ཁྱབ་སྟེ་རིལ་བུ་ཟོས་ཚད་ཐུགས་རྗེ་ཆེན་པོའི་ཞིང་དུ་བཀོད། འགྲོ་དོན་ཆེ་སྟེ་གཏེར་སྟོན་མི་གཅིག་གིས་འགྲོ་དོན་ལ་ཁོ་བོ་ཆེ་བསམ་པ་འགྲུབ། རྗེས་སུ་ཡང་སྨན་རྩེར་བསྒྲུབས་པའི་ཆ་དང་། བསྒྲུབས་པའི་སྤྱོད་རྒྱུ་ཡང་མང་དུ་བཞུགས། བདག་ཀྱང་བྲེ་དོ་ཙམ་གདན་དྲངས་ཏེ་དབུས་ཕྱོགས་ཡར་ལུང་ལྷོ་བྲག་ཤར་ནུབ། རྗེས་སུ་སྨན་རྩེར་སྒྲུབ་པའི་ཕབ་དང་། སྒྲུབ་པའི་སྤྱོད་རྒྱུ་མང་དུ་གཉལ་དང་ལོ་རོ་སོགས་ལྷོ་མོན་ཐམས་ཅད་


CMR014_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀོད་དེ། ཨོ་རྒྱན་རིན་པོ་ཆེའི་ཐུགས་དགོངས་རྫོགས་པར་བྱས་ཤིང་། གཞན་ཡང་སེལ་མེད་རང་གི་རིལ་བུ་བུ་ཆེན་འགའ་ལ་གཏད་དེ་འགྲོ་དོན་ལ་བསྐུར། ད་རུང་སྐུ་ཤ་སེལ་མེད་ཀྱི་རིལ་བུ་འགའ་བཞུགས་ཏེ་འགྲོ་དོན་ཕྱིས་འབྱུང་ཞིང་ཡུན་དུ་གནས་པར་གྱུར་རོ། །ཞེས་དང་བླ་མ་ཙ་རི་བ་དང་། ཞོང་ཁ་བ་དང་། སློབ་དཔོན་རྒྱལ་མཚན་གྲགས་པ་རྣམས་ལ། རིལ་བུ་སེལ་མེད་རེ་དངོས་གྲུབ་གནང་། གཞན་ཕྱོགས་ཕྱོགས་ཀྱི་བུ་ཆེན་རྣམས་ལ་ཡང་བཀྱེས། རིལ་བུ་ལ་བརྟེན་མ་ཎི་རིལ་བུ་བསྒྲུབས་པའི་ཐུན་ཁ་མང་དུ་བཙུགས་ནས་སྙིགས་མའི་འགྲོ་བ་རྣམས་ཐུགས་རྗེ་ཆེན་པོའི་ཞིང་དུ་བཀོད། ཆོས་སྨན་རྣམས་ལ་རང་དང་བུ་ཆེན་རྣམས་ཀྱིས་སྨན་གྱི་ཕབས་བྱས་ཏེ། བདུད་རྩི་སྨན་སྒྲུབ་ཕྱོགས་མཚམས་ཀུན་ཏུ་མང་དུ་བསྒྲུབས་ཏེ་འགྲོ་དོན་མཐའ་རྒྱས་སོ། །ཞེས་དང་། བྲམ་ཟེའི་ཤ་རིལ་ཨ་མྲྀ་ཏ་བྱང་སེམས་དཀར་དམར་རྣམས་ལ་རང་དང་བུ་ཆེན་རྣམས་ཀྱིས་སྒྲུབ་ཀ་དུ་མ་ཚུགས་ཏེ་ཕྱོགས་མཐའ་དབུས་ཐམས་ཅད་དུ་འགྲོ་དོན་དཔག་མེད་འགྲུབ་ཅིང་དར་རྒྱས་སུ་འགྱུར་རོ། །ཞེས་གསུངས་སོ། །དེས་ན་ད་རེས་སྒྲུབ་ཆེན་


CMR014_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་བཅས་པ་འདིའི་དམ་རྫས་ཀྱང་། རཏྣ་གླིང་པའི་ཕྱག་གི་བདུད་རྩི་རིལ་བུ་གཅིག་དང་། རཏྣའི་དམ་རྫས་ལ་མཁར་དྲུང་གིས་བསྒྲུབས་པའི་བདུད་རྩི་ཆོས་སྨན་མང་བ་ཞིག་དང་། སངས་རྒྱས་གླིང་པས་བསྒྲུབས་པའི་བདུད་རྩི་ཆོས་སྨན་སེལ་མེད་བུངས་ཆེ་བ་གུང་ར་ལོ་ཆེན་གྱི་ཕྱག་ནས་བྱུང་བ་དང་། སྐྱེ་བདུན་ནི་སྐྱོ་བྲག་པ་དང་དྲུང་པ་སོགས་ནས་བྱུང་བའི་རྒྱུན་རིལ་བུ་བརྒྱ་དང་བཞི་བཅུ་ལྷག་ཙམ་གྱིས་རུ་རྩི་བྱས་པ་ཡིན་པས། དམ་རྫས་དེ་དག་ངེས་པར་རྒྱུན་ཡོད་པར་ངེས་སོ། །ཁྱད་པར་དུ་རཏྣ་གླིང་པས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལ་ཕུལ་བའི་བྲམ་ཟེའི་ཤ་རིལ་སླད་མེད་རྣམས་བརྡུལ་ཏེ་རྗེ་ཉིད་ཀྱིས་ཤངས་མཚལ་གྱིས་སྦྲུས་ཏེ་གསེར་གྱི་པ་ཏྲ་རུ་བཏུམས་ནས་ནང་རྟེན་དུ་བཞུགས་པ་དམ་ཅན་སྐྱེས་བུའི་ཕྲིན་ལས་ཀྱིས་བདག་གི་ལག་ཏུ་ཕྱིན་པ་རུ་རྩིའི་གཙོ་བོ་ངོ་མཚར་ཆེའོ། །དེ་ནས་གཏེར་ཆོས་འདིའི་འགྲོ་དོན་བྱུང་ལུགས་སྤྱིར་བཤད་པ་དང་། ཁྱད་པར་དབང་ལུང་འདི་གང་ལས་བརྒྱུད་ཚུལ་གཉིས་ལས། དང་པོ་ནི་ཨོ་རྒྱན་ལུང་བསྟན་ཆེན་པོ་ལས། ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མ་ལ། །ད་ལྟའི་ལོ་ཙཱ་ལང་གྲོ་དཀོན་མཆོག་འདི། །སྨོན་ལམ་དབང་གིས་སྐྱེ་བ་


CMR014_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་བརྒྱུད་ནས། །དེ་དུས་རི་བོ་ཁྱུང་ཆེན་ལྡིང་བའི་ལྷོར། །ལྕགས་ཁམས་ལུག་ལོར་པདྨའི་རིགས་ཅན་འབྱུང་། །ཁྱུང་ཆེན་རི་དང་མཁར་ཆུས་ཟབ་གཏེར་འདོན། །གསང་བའི་མཚན་ཡང་ཞིག་པོ་གླིང་པར་གྲགས། །གུང་ཐང་དགེ་རི་རྫོང་གསུམ་གཏེར་ཁ་འདོན། །གསང་བའི་མཚན་ཡང་རཏྣ་གླིང་པར་གྲགས། །བསམ་ཡས་བུམ་ཐང་གནམ་སྐས་གཏེར་ཁ་འདོན། །གསང་བའི་མཚན་ཡང་འགྲོ་འདུལ་གླིང་པར་གྲགས། །སྟོབས་ལྡན་སྐྱེས་བུ་ཤེས་རབ་བློ་གྲོས་ཅན། །དོན་གྱི་རྟོགས་ལྡན་གདུལ་བྱའི་བཀའ་བབས་པས། །འབྲེལ་ཚད་དོན་ལྡན་པདྨའི་རིགས་ཅན་ཏེ། །བུ་མཆོག་དེ་ཡིས་དོན་གཉིས་སྤྱོད་པར་འགྱུར། །ཞེས་གསུངས་པ་ལྟར། བར་ཆད་བྱུང་ན་སྐྱེ་བ་གསུམ་བཞེས་དགོས་པ་ལ་བར་ཆད་ཐམས་ཅད་བཟློག་ནས་སྐུ་ཚེ་མཐར་ཕྱིན། སྐྱེ་བ་གསུམ་གྱི་གཏེར་ཁ་ཐོན་པས་གཏེར་སྟོན་གཅིག་ལ་གླིང་པ་གསུམ་དུ་གྲགས། རྟེན་འབྲེལ་མ་འགྲིགས་པ་ཅུང་ཟད་ཀྱང་མ་བྱུང་བས་གཏེར་ཁ་འདི་བཀྲ་ཤིས་བྱིན་རླབས་ཆེ། ཞེས་སློབ་དཔོན་རྣམས་ཀྱིས་གསུངས་སོ། །དེ་ཡི་རྒྱུད་འཛིན་ལས་ཅན་ཆོས་ཀྱི་བདག །བཀའ་


CMR014_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བབས་བུ་ལྔ་ཉེ་བའི་ཐུགས་སྲས་བཞི། །རིགས་ལྡན་ལྔ་དང་དཀྱིལ་འཁོར་འཛིན་པ་བརྒྱད། །ལས་ཅན་སྐྱེས་བུ་ཆོས་བདག་ཉི་ཤུ་ལྔ། །རིགས་ལྡན་བུ་མོ་བཞི་དང་ཉི་ཤུ་གཅིག །དབང་རྫོགས་ཆོས་འབྲེལ་སེར་མོ་ཁྲི་ཕྲག་ལ། །འབྲེལ་ལྡན་གདུལ་བྱ་ནམ་མཁའི་སྐར་མ་ཙམ། །ཞེས་ལུང་བསྟན་པ་ལྟར་བྱུང་བར་གདའ་སྟེ། །ཀརྨ་པ་ཆོས་གྲགས་རྒྱ་མཚོ། འབྲུག་པ་རྒྱལ་དབང་ཆོས་རྗེས་གཙོར་བྱས་བླ་མ་སློབ་དཔོན་ཆེ་དགུ་དང་། ལ་ཕྱི་ཆུ་བར་མན་དང་རྒྱལ་མོ་རོང་ཡན་དུ་བླ་མའི་གོ་སར་གནས་ཤིང་དབང་བསྐུར། ཆོས་བཤད་བྱེད་པ་ཙམ་ནི་གྲོངས་ལས་འདས་ཞེས་གསུངས་པ་དང་། སྣེལ་གདོང་གོང་མ་ཆེན་པོས་གཙོར་བྱས་དབུས་གཙང་གི་སྡེ་པ་ཆེ་དགུ་ཐམས་ཅད་ཀྱིས་དབུའི་བླ་མཆོད་དང་བཀུར་སི་ཕུན་སུམ་ཚོགས་པ་བྱས་ཚུལ་རྒྱས་པར་གཏེར་སྟོན་ཉིད་ཀྱིས་མཛད་པའི་རྣམ་ཐར་ན་གསལ་ལོ། །དེ་ནས་བརྒྱུད་རིམ་ནི་དབང་ཆེན་རྟ་མགྲིན་གྱི་སྤྲུལ་པར་ལུང་བསྟན་པའི་རྒྱལ་སྲས་ཚེ་དབང་གྲགས་པ་ནི་འགྲོ་དོན་ཡབ་བས་ཀྱང་ཆེ། ཚེ་ཆུ་གསོལ་བས་དགུང་ལོ་བརྒྱ་དང་བཅུ་ཐུབ། འདས་དུས་དང་གདུང་བཞུ་དུས་ནམ་མཁའ་གཡའ་དག་པ་ལ་འཇའི་གུར་


CMR014_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲྭ་བ་དྲྭ་ཕྱེད་མིག་མང་རིས་ཀྱིས་གང་བ་དང་། རིང་བསྲེལ་ཁ་དོག་སྣ་ལྔ་སྲན་མ་ཙམ་དང་ཡུངས་ཀར་ཙམ་དཔག་ཏུ་མེད་པ་བྱོན་ནོ། །དེའི་སློབ་མ་ཤཱཀྱ་བཀྲ་ཤིས་ནི་རྗོད་དུ་འཁྲུངས། སྐུ་ན་གཞོན་ནུ་ལ་རཏྣ་གླིང་པ་མཇལ་ཡང་དབང་ལུང་ཆེར་མ་ཐོབ། དད་པ་དབང་མེད་དུ་སྐྱེས་ནས་རྒྱུ་ཞིག་བསྒྲུབས་ནས་དབང་ལུང་ཞུ་སྙམ་ནས་རྔོད་དྷོ་ཁ་ན་ལོ་ཁ་ཡར་རྒྱུ་བཙལ་བས། གོས་ཆེན་ཡུག་བཟང་བ་གཅིག་ཐོན། དེ་ཁྱེར་ནི་སོང་བ་རཏྣ་གླིང་པ་ཞིང་བརྗེས་འདུག་པས་ཚེ་དབང་གྲགས་པ་ལ་གཏུགས། ཆོས་སྐོར་རེ་རེ་གནང་དུས་གོས་ཆེན་ཁ་རེ་ཕུལ་བས་གཏེར་ཆོས་རྫོགས་པ་དང་གོས་ཆེན་ཟད་པ་དང་མཉམ། ཚེ་དབང་གྲགས་པས་ཁྱེད་ལ་གོས་ཡུག་བཟང་པོ་འདི་འདྲ་གཅིག་ཡོད་ན་མ་བཅོད་པར་དང་པོ་ནས་མི་ཕུལ་བས་ཨང་གསུངས་པས། འོ་ན་ཁྱེད་ཀྱིས་ང་ལ་ཆོས་རྣམས་དུས་གཅིག་ལ་མི་གནང་དོ་ལེ་ལགས་ཞུས་པས། ཐམས་ཅད་བཞད་ཏི་རེ་སོང་སྐད། ཆོས་ཞུས་ཚེ་ཡང་ན་བཟའ་མེད་པས་སྐྱེ་ཆེ་བ་གཅིག་ཡོད་པ་ཉིན་ལ་གདན་དུ་བཏིང་། མཚན་ལ་གྱོན། དངོས་པོ་རྣམས་ཀྱིས་ཤོག་བུ་བསྒྲུབས་ནས་གཏེར་ཆོས་ཐམས་ཅད་བྲིས་ཏེ་རྔོད་དུ་བྱོན་


CMR014_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པས། གདུལ་བྱ་དཔག་ཏུ་མེད་པ་བྱུང་བ། ཚེ་དབང་གྲགས་པའི་དྲུང་དུ་ཁྱེར་ནས་ལན་གཉིས་བྱོན་ཏེ། ཕྱག་ལེན་ཐམས་ཅད་ལྷག་མ་ལུས་པར་བསླབས་པས། ལུང་ཟིན་གྱི་ཆོས་བདག་ཡིན་ཅིང་གཏེར་ཆོས་མཁས་པའི་གྲགས་པས་ཁྱབ་སྟེ། རི་བོ་ཆེར་ཆོས་རྗེ་མཁར་དྲུང་གིས་གདན་དྲངས་ནས་དབང་ལུང་རྣམས་གསན་པ་ལ། ཕྱེད་ཙམ་རྫོགས་ནས་ཕྱིར་ལོ་འབྱོན་ཆད་བྱས་ནས་བྱོན་སོང་། ཕྱིར་ལོ་གདན་འདྲེན་སོང་བས་ངའི་ཆོས་མཐུར་ལ་འགྲོ་བ་སྲོལ་ཡིན། འཕྲེད་ལ་ཡང་ཅུང་ཟད་རེ་འགྲོ། གྱེན་ལ་འགྲོ་ཁས་མི་ཉན་གསུངས་ནས་མ་བྱོན་ཏེ། གདན་དམའ་བ་ལ་ཅུང་ཟད་མ་དགྱེས་པར་འདུག་པས། ཆོས་རྗེ་མཁར་པས་ཀྱང་རི་བོ་ཆེའི་ཁྲི་རྒོག་འདིས་ངའི་ཆོས་དེ་རྣམས་ཚང་མ་མི་ཐོབ་པར་བྱས་ཨང་གསུངས་ནས་འགྱོད་དོ། །ཚེ་ཆོག་པདྨ་དབང་ཕྱུག་ཅེས་བྱ་བ་སྔར་ཡང་མཁར་དྲུང་ཉིད་དང་མཉམ་དུ་ཞུས་པ་ཤེས་རབ་བརྩོན་འགྲུས་དང་ལྡན་པ་དེ་ལ་འབུལ་བ་བསྐུར་ནས་འཕྲོ་ཐམས་ཅད་རྫོགས་པར་ཞུས་ཏེ། མཁར་དྲུང་ལ་ཕུལ་ལོ། །ཡང་ཚེ་དབང་གྲགས་པ་ནས་ལུང་ཟིན་གྱི་སློབ་མ་སོ་པ་མགོན་པོ་རྡོ་རྗེ། དེའི་སློབ་མ་ནི་འབྲང་བུ་ནང་སོ། དྲུང་


CMR014_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་རྒྱ་མཚོ་ཞེས་བྱ་བ་གོ་ཤྲིའི་ལས་ཀ་ཡོད་པས་ཐོབ་ཐང་ཆེ་ཞིང་། རཏྣ་ལུགས་ལ་མཁས་པའི་གྲགས་ཆེ་བ་དེ། རི་བོ་ཆེར་གདན་དྲངས་ནས་མཁར་དྲུང་དང་ཚེ་ཆོག་པ་གཉིས་ཀས་ཞུས་སོ། །དྲུང་མདོ་སྡེ་རྒྱ་མཚོ་ནི་བོན་པོ་ཚེ་དབང་རིག་འཛིན་ཞེས་པ་དང་མཐུ་ཁ་ཚད་པས་འདས་པ་ལ། མཁར་དྲུང་གིས་ངའི་བླ་མ་བསད་པའི་ཤ་ལེན་གསུངས་ནས་ཡང་བཟློག་རྡོ་རྗེ་ཕ་ལམ་དང་གུར་དྲག་གི་ཟློག་པ་སྤུ་དྲི་རང་གཤེད་བསྒྲུབས་ནས་བོན་པོ་དང་ཁ་ཆད་སྤར་རོ། །དེར་ཞག་ཉེར་གཅིག་ཙམ་ནས་བོན་པོ་ན་རེ། མདང་མཁར་དྲུང་གི་གྲ་ཁྲིའི་ཞབས་སུ་ང་བཀྱིགས་གདའ་བ་རྨིས་ཟེར་ནས་བོན་པོ་ལྐུགས་ནས་འདས་སོ། །ཚེ་དབང་གྲགས་པ་དང་ཞལ་སྤྲོད་ཤཱཀྱ་བཀྲ་ཤིས་འདྲ་སྐུའི་གསེར་ཐང་བཞེངས་ནས་དད་རྟེན་མཛད་པར་གདའ་བས། བླ་མ་དེ་ཉིད་མཁར་དྲུང་པའི་རྩ་བའི་བླ་མར་ཡིན་པར་སྣང་ངོ་། །མཁར་དྲུང་ནི་རྡོ་རྗེ་འཇིགས་བྱེད་ཀྱི་སྤྲུལ་པ། སྟག་ལུང་ངག་དབང་གྲགས་པའི་སྐུ་སྐྱེ་ཡིན་པར་བཤད་འདུག་ཅིང་། འཁྲུངས་དུས་འདས་དུས་གཉིས་ཀ་ཚེས་བཅུ་ལ་བྱུང་ཞིང་ཨོ་རྒྱན་གྱི་སྤྲུལ་པར་གྲགས། ཀུན་སྐྱོང་གླིང་པ་སོགས་ཀྱི་ལུང་ཟིན་གྱི་


CMR014_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་སྟེ། བར་ལམ་ཁོག་འདིར་རྙིང་མའི་བསྟན་པ་ལ་ནི་ཁོང་བས་ཕན་སྟོབས་ཆེ་བ་མ་བྱུང་ངོ་། །ཚེ་ཆོག་པ་པདྨ་དབང་ཕྱུག་ནི་མཁར་དྲུང་གི་སློབ་དཔོན་དང་སློབ་མ་དང་མཆེད་གྲོགས་གསུམ་ཀ་ཡིན་ཏེ། རྙིང་མའི་དབང་ལུང་ཐམས་ཅད་ཕྱོགས་ཀུན་ཏུ་ཞུ་བ་ལ་བཏང་ནས་མཁར་དྲུང་གིས་གསན། —་བསྙེན་སྒྲུབ་དང་སྐུ་ཚེ་མཐར་ཕྱིན་པས། ཆོས་རྗེ་མཚོ་སྐྱེས་རྡོ་རྗེས་ཀྱང་དབང་ལུང་ཕལ་ཆེར་གསན། འདས་ཁ་དུས་ཆོས་རྗེའི་ཕྱག་ནས་བྱིན་རླབས་རྟེན་མང་དུ་བསྐུར་ནས་འདི་རྣམས་གསོལ་བ་དང་བདུག་པ་མཛོད། དེ་རིང་ཚེས་བཅོ་ལྔ་ཡིན་པས་དྲང་སྲོང་སོགས་སྐྱོར་པ་འོང་དོགས་གསུངས་པས། ཨ་ཨ་ངའི་ཕྲིན་ལས་ཐམས་ཅད་དྲང་སྲོང་གིས་སྒྲུབ་ཅིང་ཡོད་ཛ་ངའི་སྲོག་གཅོད་ཨང་། དེ་རིང་དུས་བཟང་ལ་ང་རང་འགྲོ་བསམ་སྟེ། ད་འདི་འདྲ་རྫི་ནས་ང་སང་ཉིན་བར་མི་འགྲོ། ངས་མར་ཐང་གི་བསྟན་པའི་དོན་ལ་གཏད་རྟ་རྒྱབ་གཅིག་ཙམ་ཡང་བརྒྱབ་སྟེ་ང་ནི་ཟངས་མདོག་དཔལ་རི་ན་འགྲོ་གསུངས་སྐད། དེ་ལྟར་ནམ་འཆི་དང་གར་འགྲོ་ལ་རང་དབང་ཡོད་པའི་རིག་འཛིན་ཆེན་པོ་ཞིག་ལགས་སོ། །དེའི་སློབ་མ་ནི་བཀྲ་ཤིས་དབང་ཕྱུག་ཅེས་བྱ་སྟེ་འདུལ་ཁྲིམས་


CMR014_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་ཙམ་ཡང་ཞུ་མ་མྱོང་ཁྱིམ་པ་རྡོ་རྗེ་འཛིན་པ་སྟེ། ་ཆ་ལུགས་གཟན་ཤམ་པད་ཞྭ་ཁཊཾ་སོགས་ཨོ་རྒྱན་གྱི་ཆ་ལུགས་ལྟར་མཛད། སྔགས་ཆོས་གསར་རྙིང་། སྒྲ་ས་རིས་ལྷ་བཟོ་སོགས་ཡོན་ཏན་ཤིན་ཏུ་ཆེ་བ་དེ་རི་བོ་ཆེར་ལན་མང་དུ་བྱོན་ཞིང་ཞྭ་ཐུལ་སོགས་དངོས་པོ་ཅི་འབྱོར་འབུལ་བ། རི་མོ་བྲི་བ་སོགས་ཕྱག་གཡོག་ཀྱང་ཅུང་ཟད་ཞུས་ཏེ། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་བཀའ་རྫོགས་ལུང་རྫོགས་སོགས་རཏྣའི་ཆོས་སྐོར་དང་། དྲེགས་པ་ཉི་ཤུ་རླུང་དམར་སོགས་དྲག་སྔགས་མང་པོའི་ཕྱག་ཁྲིད་དཔྱིས་ཕྱིན་པར་མཛད་དོ། །རྟ་མགྲིན་གསང་འདུས་དང་རྣམ་སྲས་དང་། ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་དང་། ཐུགས་རྗེ་ཆེན་པོ་གསང་འདུས་པོ་ཏི་སོགས། ཚེ་ཆོག་པ་རང་གི་ཕྱག་བྲིས་ཤཱཀྱ་བཀྲ་ཤིས་ཀྱི་ཕྱག་བྲིས་ལས་ཞལ་བཤུས་པ་རྣམས་ཀྱང་ཁོང་གི་ཕྱག་ན་གདའ་བས་ཐུགས་གཏད་ངེས་པའི་སློབ་མར་གདའ་འོ། །ཁོང་ནི་བོད་ཆོས་རྒྱལ་གྱི་གདུང་རིགས་མཁའ་སྤྱོད་པའི་གདུང་རབས་བདུན་པ་སྟེ། སྡོང་ལྷ་རྒོད་རྒྱལ་གྱི་སྐྱེ་བ་ཡིན་པ་དང་། སྐུ་གསུམ་སྒྲུབ་དུས་བླ་མ་སྐུ་གསུམ་རྨི་ལམ་དུ་ཞལ་གཟིགས་པ་དང་། མ་ནིང་གི་སེལ་རྫས་དྲེགས་པ་


CMR014_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་རྟེན་ནས་རི་བསྙིལ་བ་དང་། དགྲ་བོ་ལ་ཐོག་བརྒྱབ་ཅིང་ཆོ་འཕྲུལ་བཏང་བས་ནུས་པ་ཆེ་བའི་གྲགས་པ་ཐོན། དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་པས། བདག་གིས་ཀྱང་མཇལ་ཞིང་བྱིན་རླབས་དང་བཀའ་སྲུང་སྒྲུབ་པའི་ཞལ་བསྒོས་ཅུང་ཟད་གནང་། འདས་ཁ་ཟངས་མདོག་དཔལ་རིའི་སྨོན་ལམ་དང་བདེ་སྨོན་བརྩམས། ལེའུ་བདུན་མའི་ཙིཏྟ་ཨོ་རྒྱན་གནས་སུ་བབ་པ་ལས་ཞེས་པའི་ཚིག་དང་འགྲིགས་པར་འདས། བདུན་གསུམ་ལ་འོད་གསལ་བརྟན་པོ་ཟིན་ཅིང་ཐུགས་ལྗགས་སྤྱན་གསུམ་ཀུན་ཏུ་བཟང་པོ་དང་ཨོ་རྒྱན་གྱི་སྐུ། རིང་བསྲེལ་ཞུན་ཐིགས་མང་དུ་བྱོན། ཁོང་སྔགས་པ་ཡིན་ཀྱང་བྱང་བདག་པོ་བཀྲ་ཤིས་སྟོབས་རྒྱལ་བས། གཤིན་རྗེ་འཇོམས་མཛད་འབར་བ་སོགས་དབང་ལུང་གསན། དེ་མོ་སྐུ་སྐྱེ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང་ལྐོག་ཏུ་དབང་ལུང་གསན་ཞིང་གནང་སྦྱིན་མང་དུ་མཛད། སློབ་མ་བླ་མ་ཞིག་པོ་ཞེས་པ་གཙང་བཙུན་བསྙེན་སྒྲུབ་རེམ་ཞིང་རྫོགས་ཆེན་སོགས་ཕན་ཆེ་བ་གཅིག་བྱུང་། དེའི་ཚ་བོ་པདྨ་དབང་དྲག་ནི་ཁུ་བོ་ལས་དབང་ལུང་ཐམས་ཅད་གསན། གཞན་བླ་མ་མང་དུ་བསྟེན་ཀྱང་ཐུགས་རྗེ་ཆེན་པོ་འདི་


CMR014_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཀྲ་ཤིས་དབང་ཕྱུག་ལས་བཀའ་རྫོགས་ལུང་རྫོགས་གསན། ང་རང་གི་རྡོ་རྗེ་འཆང་ཡིན་གསུངས་ནས་དད་འདུན་དཔག་ཏུ་མེད། ཕྱིས་གདུང་གཡོག་སོགས་ཆག་ཕྱི་ཡང་ཕན་ཆེ་བ་བསྒྲུབས་སོ། །ཁོང་གིས་གུར་དྲག་ལོ་ཞུགས་སོགས་བསྙེན་སྒྲུབ་མང་དུ་ཐེམས་ཏེ། མཚམས་ཁུང་དུ་མཁའ་འགྲོ་མས་མར་ཁུ་དངོས་སུ་འདྲེན་པ་དང་། དགུན་རྒྱལ་ཟླ་བའི་ཚེས་བཅུ་ནུབ་ཚོགས་ཀྱི་གྲིབ་དེར་སྲུག་རློན་པ་དབྱར་གྱི་འདྲ་བ་སྤུངས་ནས་འདུག་པ་དེ་ཚོགས་པ་ཀུན་གྱིས་ཟ་རྒྱུ་ཡོད་པ་དང་། ཆོས་སྐུའི་སྒྲུབ་པ་དུས་རྡོ་རྗེ་ཕག་མོ་དངོས་སུ་མཇལ་བ་དང་། སྐུ་གསུམ་སྒྲུབ་པ་ལན་འགའ་མཛད་པས་རྨི་ལམ་དུ་ཨོ་རྒྱན་ཡང་ཡང་མཇལ་བ་དང་། དྲག་སྔགས་ཞིག་སྒྲུབ་དུས་ལིངྒ་འཕར་བ་དང་ཐུན་ཁུང་ཁ་བཅད་པའི་ནང་དུ་ཁྲག་སློ་སླེབས་པ་སོགས་ནུས་པ་ཐོན། གཞན་ལ་ཡང་ཕན་ཐོགས་ཆེ། ཇོ་ཟོར་འཕངས་པ་མདའ་རྒྱང་ཙམ་དུ་སོང་ནས་འདྲས་པའི་ཐོག་ཁར་སླེབས་པ་སོགས་བྱུང་། ཕྱིས་དྲུང་པ་ཚེར་ལུང་བའི་དྲུང་དུ་རྒན་ཞུགས་མཛད་པས་ཀརྨ་དོན་ཡོད་བཏགས། མ་འདས་བར་ཆབ་ལེན་ལྷམ་ཕུད་གདན་གཅིག་མཐར་ཕྱིན། ད་ཁྱེད་རྣམས་འཛོམ་ཚེ་ང་ཤི་ན་


CMR014_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བས་ཟངས་མདོག་དཔལ་རིར་འགྲོ་བ་ཐེ་ཚོམ་མེད་གསུངས་ནས། ཆོས་སྐུ་འོད་གསལ་གྱི་འཕོ་བ་མཛད་པས་ཞག་བདུན་བཀྲག་མདངས་གསོན་དུས་བས་སུམ་འགྱུར་བཟང་། གདུང་སྦྱངས་པས་ཀུན་གྱིས་མཐོང་བར་མེ་ཏོག་གི་ཆར་ལྷོ་ནུབ་ངོས་ནས་བབ། ལ་ལས་མཐོང་བ་འཇའི་ཀ་བ་དང་ནམ་མཁར་ཉི་ཟླ་སྐར་གསུམ་འཛོམ་པ་བྱུང་། བདག་གིས་མཐོང་བ་ལ་སྤྲིན་འཇའ་དཀར་པོ་ལ་བཀྲ་ཤིས་པའི་རྟགས་བརྒྱད་ལ་པདྨ་མ་གཏོགས་གསལ་བར་ཤར། ཐུགས་ལྗགས་སྤྱན་གསུམ་ཨ་ཡིག་གཉིས་ཧཱུཾ་གཉིས་ཞིང་སྐྱོང་དང་ཕྱག་བཞི་པ་དང་དམ་ཅན་གྱི་སྐུ། ཆུ་ཤེལ་འདྲ་བའི་ཤ་རི་རཾ་ངོ་མཚར་བ་མཁྱུད་གང་ཙམ། རིང་བསྲེལ་མཆོང་གི་མདོག་འདྲ་གཉིས་ཚེམས་ལས་བྱོན། ཁྱད་པར་དུ་དུང་དཀར་གཡས་འཁྱིལ་མོན་སྲན་ཙམ་ཤིན་ཏུ་དོད་པ་ཞིག་བྱོན་པ་སུས་མཐོང་ངོ་མཚར་དུ་བྱས། དགོངས་ཞག་མ་རྫོགས་བར་མཁར་གྱི་ཐད་ནམ་མཁའ་ལ་འཇའ་ཚོན་འཁྱིལ་བ་སོགས་བྱུང་སྟེ། །ཐུགས་རྗེ་ཆེན་པོའི་སྒོ་ནས་ཁོང་གར་སྐྱེའི་རྨི་ལམ་བརྟགས་པས་ཀྱང་ཟངས་མདོག་དཔལ་རིར་སྐྱེ་བའི་རྟགས་གསལ་པོར་བྱུང་། ཕྱིས་མི་འགྱུར་རྡོ་རྗེས་གསུང་གིས་ཁོང་རྒྱལ་པོ་ཁྲི་སྲོང་


CMR014_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཧོར་འདྲ་བསམ་ཡས་བཞེངས་དུས་འུ་ལག་པ་རྣམས་བརྡུང་བཙོག་བྱེད་མཁན་འདོད་རྒྱལ་ཞེས་བྱ་བ་གཅིག་རེད། ད་ལྟ་ཨོ་རྒྱན་གྱི་དྲུང་ན་བཞུགས་གདའ། ད་དེ་ལོ་བརྒྱ་ཙམ་ན་རིག་འཛིན་གྱི་ས་ཐོབ་ནས་སྤྲུལ་པ་གཅིག་རིགས་རྒྱུད་འདི་ལ་འཁྲུངས་ཏེ་རང་གི་ཆོས་རྒྱུད་འཛིན་པ་གཅིག་འོང་བར་གདའ་གསུངས་སོ། །ཁོང་ལ་སློབ་མ་ཡང་བླ་མ་ལྔ་ཙམ་དང་། སྔགས་པ་བསྙེན་སྒྲུབ་ཐོན་པ་ལྔ་ཙམ་བྱུང་ངོ་། །དེ་ལ་བདག་གིས་ཐུགས་རྗེ་ཆེན་པོ་འདི་དབང་རྫོགས་ལུང་རྫོགས་སུ་ཞུས་སོ། །དེའི་བརྒྱུད་པ་ནི་ཚེ་དབང་གྲགས་པ། ཤཱཀྱ་བཀྲ་ཤིས། མཁར་དྲུང་བསོད་ནམས་བཀྲ་ཤིས། ཚེ་ཆོག་བླ་མ་པདྨ་དབང་ཕྱུག །སྔགས་འཆང་བཀྲ་ཤིས་དབང་ཕྱུག །སྦས་པའི་རྣལ་འབྱོར་ཀརྨ་དོན་ཡོད། དེས་བདག་ལ་སྟེ། ཉེ་རྒྱུད་ལ་མཁར་དྲུང་མི་དགོས་སོ། །ཡང་ན་ཚེ་དབང་གྲགས་པ་ནས། སོ་པ་མགོན་པོ་རྡོ་རྗེ། དྲུང་མདོ་སྡེ་རྒྱ་མཚོ། མཁར་དྲུང་དང་པདྨ་དབང་ཕྱུག་གཉིས་ཀ་ལའོ། ཡང་ཚེར་ལུང་བ་འདི་སངས་རྒྱས་མོས་པའི་སྤྲུལ་པར་རྣམ་ཐར་རྣམས་སུ་འདུག་པས་བྱིན་རླབས་ཆེ་བར་བསམས་ནས། ཐུགས་རྗེ་ཆེན་པོ་གསང་འདུས་གསང་


CMR014_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་ལུང་ཞུ་ཝིག་བྱས་པའི་བརྒྱུད་པ་ནི། རཏྣ་གླིང་པ། ཀཿཐོག་ནམ་མཁའ་སེང་གེ །བྱང་ཆུབ་སེང་གེ །བཀྲ་ཤིས་རྒྱ་མཚོ། དཀོན་མཆོག་བློ་གྲོས། ཀརྨ་རབ་གསལ། ལུང་རིགས་ཉི་མ། ཀརྨ་སྒྲུབ་བརྒྱུད།བསྟན་པ་རྣམ་རྒྱལ། བདག་རཱ་ག་ཨ་སྱའོ། ། ་་་ཡང་གཏེར་སྟོན་བདུད་འདུལ་རྡོ་རྗེ་ལ་འདིའི་གཏོར་དབང་ཞུས་སོ། བརྒྱུད་པ་གོང་མ་དེའི་བླ་མ་དེ་དག་གི་ལུང་བྱུང་ཡང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཞལ་གདམས་ལས། མ་གཅིག་མཚོ་རྒྱལ་གྱིས་གསུངས་པ། མ་འོངས་གཏེར་ལ་མོས་པའི་གང་ཟག་རྣམས་། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན། །ཞེས་དང་། །ལུང་བསྟན་བཀའ་རྒྱ་མར། མདོར་ན་ཨོ་རྒྱན་ངའི་བསྟན་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས། །ཕྱི་རབས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤོངས། །གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོགས། །ཞེས་གསུངས་པ་ལྟར་ཡིན་པར་ངེས་སོ། །ཡང་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་འདིའི་དབང་


CMR014_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཐམས་ཅད་ཕུལ་བ་ཡིན་ཀྱང་། ཁོང་རནྣའི་ཆོས་བདག་ཏུ་ལུང་བསྟན་ཡོད་པ་ལྟར། རྨོང་ལམ་དུ་རཏྣ་གླིང་པ་ཡབ་ཡུམ་གཉིས་བྱོན་ནས། དབང་བཞི་ཆགས་ལམ་ལྟར་བསྐུར་རཏྣའི་གཏེར་ཆོས་ཐམས་ཅད་རྫོགས་པར་གནང་། ཕྱིར་ནངས་རཏྣ་གླིང་པ་དངོས་སུ་བྱོན་ནས་རཏྣ་གླིང་པ་ཉིད་ཀྱི་བླ་སྒྲུབ་ཕྱི་ནང་གསང་གསུམ་གནང་གདའ་བས། བཀའ་བབས་བརྒྱུད་པ་ཉེ་བསམས་ནས་ཐུགས་རྗེ་ཆེན་པོའི་གཏོར་དབང་དང་པོད་དབང་ཞུས་སོ། །ཁོང་གིས་གསུངས་པའི་ཐུགས་རྗེ་ཆེན་པོ་ཕྱི་ནང་གསང་གསུམ་གྱི་ཞལ་གདམས་གེགས་སེལ་སོགས་གདམས་ངག་ཁྱད་པར་ཅན་ཡང་ཡོད་དོ། །བདག་གི་རྨི་ལམ་དུ་རྒྱལ་དབང་བཅུ་པ་ལ་ཡིག་བདུན་གྱི་ལུང་ཐོབ་པ་ནི་རྟེན་འབྲེལ་བཟང་སྙམ་མོ། །དེ་ལྟར་བརྒྱུད་པ་བཞི་ཙམ་ལས་ཐོབ་པའི་དབང་མོ་ཆེ་འདི་ལྟ་བུ་ཐོབ་པའི་ཕན་ཡོན་ནི། གསང་བ་འདུས་པའི་རྒྱུད་ཉིད་ལས། ཀྱེ་སྟོན་པ་བཅོམ་ལྡན་འདས། །ས་ལམ་རིམ་པ་དབང་གིས་འགྲོད། །སྨིན་བྱེད་དབང་བསྐུར་གང་ལྟར་ལགས། །ཞེས་ཞུས་པས་དབང་གི་ལེའུ་གསུངས་ནས། དེ་ནས་འགྲོ་འདུལ་དབང་ཡང་བསྐུར། །ལྷ་བསྒོམ་སྔགས་ཀྱི་


CMR014_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ལུང་སྦྱིན། །ཁྱད་པར་ཡོན་ཏན་ཆེ་བ་བརྗོད། །ལེགས་འོང་སྐལ་ལྡན་བུ་མཆོག་རྣམས། །ཡིག་བདུན་འདྲེན་ལ་བརྩོན་པ་བསྐྱེད། །དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་པ། །ཡིག་བདུན་དག་ལ་ཡང་དག་རྫོགས། །དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ། །ཞེས་སོགས་ནས། ཡིག་བདུན་དབང་དང་ལུང་ཐོབ་མིས། །ལས་དང་ལས་ཀྱི་རྣམ་སྨིན་རུང་། །མི་དགེ་བཅུ་དང་མཚམས་མེད་ལྔ་། །དུས་འདི་ཉིད་ལ་སྦྱང་བར་བྱེད། །ཅེས་དང་། དེ་བཞིན་དུ་ཡང་སྙིང་འདུས་པའི་རྒྱུད་ལས་ཀྱང་། དེ་ནས་དབང་གི་ཕན་ཡོན་བརྗོད་པ་ནི། ཨེ་མ་ཧོ། ལེགས་འོང་བུ་ཁྱོད་སྐལ་བ་བཟང་། །དེ་ལྟར་དབང་རྫོགས་སྤྱན་རས་གཟིགས། །ཁྱོད་ནི་སངས་རྒྱས་སྐུ་གསུམ་འཆང་། །མཁའ་མཉམ་འགྲོ་དོན་ད་སྤྱོད་ཅིག །དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་ཀུན། །ཡིག་བདུན་དབང་ལ་ཡང་དག་རྫོགས་། །དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ། །རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས། །སྟོང་གསུམ་འཇིག་རྟེན་ཁམས་འདི་དག །ཏིལ་འབྲུར་བསིལ་ནས་བགྲང་ན་


CMR014_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཛད། །འདི་ཐོབ་ཡོན་ཏན་ཟད་མི་ཤེས། །ཡིག་བདུན་དབང་ཐོབ་འཛིན་བཟླས་མི། །ལས་དང་ལས་ཀྱི་རྣམ་སྨིན་རུང་། །མི་དགེ་བཅུ་དང་མཚམས་མེད་ལྔ། །དུས་འདི་ཉིད་ལ་སྦྱོང་བར་བྱེད། །ཅེས་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་ཏོ། གཞན་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་བ་ཡི་ཡོན་ཏན་ནི། །ཡང་དག་ཏུ་ནི་བཤད་བྱ་སྟེ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། །དབང་བསྐུར་ནས་ནི་བསྐོར་བར་བྱ། །སྒྲུབ་པ་ཡི་ནི་དཀྱིལ་འཁོར་ཡང་། །དབང་བསྐུར་ནས་ནི་བསྒྲུབ་པར་བྱ། །ཕྲིན་ལས་ཐམས་ཅད་བྱ་བ་ཡང་། །དབང་བསྐུར་ནས་ནི་གནང་བར་བྱ། །དབང་བསྐུར་གནང་བ་ཐོབ་ནས་ནི། །གང་བརྩམས་ལས་ནི་འགྲུབ་པར་འགྱུར། །སངས་རྒྱས་བྱང་སེམས་ཐམས་ཅད་ལ། །ཡིད་ལ་ཅི་དགའ་དབང་ལས་འགྲུབ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོར། །ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས། །འཇིག་རྟེན་འདི་ཡི་ཡོན་ཏན་ཡང་། །བསམ་གྱིས་མི་ཁྱབ་འགྲུབ་པར་འགྱུར། །དམྱལ་བར་སྐྱེ་བར་ངེས་ན་ཡང་། །དབང་བསྐུར་པ་ཡི་ཡོན་ཏན་གྱིས། །དམྱལ་བར་ནམ་ཡང་


CMR014_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྟུང་སྟེ། །ངན་སོང་གསུམ་པོ་ཀུན་སྤངས་ནས། །བླ་མེད་འབྲས་བུ་འགྲུབ་པར་འགྱུར། །ཚེ་ཟད་འཆི་བར་ངེས་ན་ཡང་། །དབང་འདི་རབ་ཏུ་བསྐུར་ནས་ནི། །ཚེ་ཚད་དཔག་མེད་འཐོབ་པར་འགྱུར། །འཇིག་རྟེན་པ་ཡི་ཡོན་ཏན་ནི། །རང་བཞིན་རྣམ་གསུམ་ཡན་ཆད་ནས། །ཀུན་ཏུ་བཟང་པོའི་དགོངས་པ་ཀུན། །སེམས་ཀྱིས་བསམ་པ་ལྷུན་གྱིས་འགྲུབ། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཏེ། །འབྲས་བུ་རྫོགས་པའི་ངང་ལ་གནས། །ཞེས་གསུངས་པ་དང་། ཀློང་གསལ་ཉི་མའི་རྒྱུད་ལས། །དབང་བསྐུར་རིགས་ཀྱི་བུ་དེ་ནི། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་མངོན་པར་རྫོགས་སངས་རྒྱས། །ཞེས་དང་། རྡོ་རྗེ་སྙིང་པོའི་རྒྱུད་ལས། དབང་བསྐུར་པ་ཡི་ཆོ་ག་མཆོག ། གང་གི་ལེགས་པར་བྱས་གྱུར་ན། །དེ་ནི་སངས་རྒྱས་ཉིད་དུ་འགྲུབ། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འདི་ཉིད་མཐོང་ཐོས་རེག་པ་འམ། །རླུང་གི་ཕྱོགས་སུ་སྐྱེས་པ་ཡང་། །མ་སྨིན་པ་ནི་སྨིན་བྱེད་དེ། །སྐད་ཅིག་ཉིད་ལ་གྲོལ་གྱུར་ཏེ། །རིག་འཛིན་ཐོབ་པར་སྨོས་ཅི་དགོས། །ཞེས་གསུངས་སོ། །ཞེས་དེ་དག་གི་དོན་བཀྲོལ་ཏེ་


CMR014_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱའོ། །སྤྱིར་གཏེར་ཆོས་རྣམས་དུས་སྐབས་སོ་སོར་དར་ནས། གཏེར་ཆོས་མཁའ་འགྲོས་གདན་འདྲེན་པས། སངས་རྒྱས་བླ་མ་སོགས་སྔ་སྔ་རྣམས་ཀྱི་དཔེ་ཆ་ཡང་མེད་པ་ཆེས་མང་བར་འདུག་ཅེས་བྱང་བདག་པོས་སོགས་གསུངས། དེ་བཞིན་དུ་ཉང་དང་ཆོས་དབང་སོགས་ཀྱང་མི་རབས་བརྒྱད་ནས་ཉམས་པ་དང་། པདྨ་གླིང་པ་ནི་མི་ལོ་སུམ་ཅུ་ནས་ཉམས་པར་གསུངས་ཀྱང་། རཏྟ་ལུགས་དང་ཐུགས་རྗེ་ཆེན་པོ་འདི་མཐའ་རྒྱས་སུ་འགྲོ་བར་ལུང་བསྟན་ཏེ། གསང་བ་འདུས་པའི་རྒྱུད་ལས། ཁ་བ་ཅན་གྱི་རྒྱལ་ཁམས་སུ། །འགྲོ་མགོན་ཐུགས་རྗེའི་འདུལ་ཞིང་དེར། །ཐུགས་རྗེའི་སྤྲུལ་སྲས་རྒྱུད་འཛིན་གྱིས། །ཡིག་བདུན་བསྟན་པ་འཛིན་སྐྱོང་སྲུང་། །རིམ་པ་བཞིན་དུ་དོན་གཉིས་སྤྱོད། །ཅེས་དང་། ལང་གྲོའི་ཞུས་ལན་ལས། བུ་བས་ཀྱང་ཡང་སློབ་རྗེས་སློབ་ཀྱི་དུས་ནས་མར་ལ་བསྟན་པ་མཐའ་རྒྱས་སུ་འགྲོ་བར་འགྱུར་རོ། །ཞེས་དང་། ལུང་བསྟན་ཆེན་པོ་ནས། རཏྣ་གླིང་པ་ཉིད་ལུང་བསྟན་ནས། སྐལ་ལྡན་དེ་ཡི་གདུལ་བྱ་རྗེས་འཇུག་རྣམས། །སློབ་མ་ནས་ཡང་སློབ་རྗེས་སློབ་དུས། །རིམ་པ་བཞིན་དུ་བསྟན་


CMR014_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་རྒྱས་འགྱུར། །ཕྱོགས་མཚམས་མཐའ་དབུས་ཀུན་ཏུ་ཆོས་འདི་དར། །སྙིགས་མའི་འགྲོ་བ་ཕྱམ་གཅིག་ཐར་ལམ་བགྲོད། །ཕྲད་ཆོག་མཐོང་གྲོལ་འགྱུར་ཏེ་ངོ་མཚར་ཆེ། ཞེས་དང་། དག་སྣང་ཡིད་བཞིན་ནོར་བུའི་སྐབས་སུ། མ་གཅིག་མཚོ་རྒྱལ་གྱི་དུང་དཀར་གཅིག་དང་། རྡོ་རྗེ་དྲིལ་བུ་གཅིག་གནང་བ་ཨོ་རྒྱན་ལ་ཕྱག་རྟེན་ཕུལ་བས། ཨོ་རྒྱན་ཆེན་པོའི་ཞལ་ནས། ཁྱོད་ཀྱི་རྟེན་འབྲེལ་བཟང་། རྡོ་རྗེ་འདིས་ཁྱོད་ཀྱི་བུ་སློབ་ཡང་སློབ་བརྒྱུད་པར་བཅས་པ་རྣམས། མི་འགྱུར་རྡོ་རྗེ་ལྟ་བུའི་དོན་རྟོགས་པས། དུང་འདིས་ཁྱོད་ཀྱིས་སྤྱོད་པའི་གཏེར་ཆོས་འདི་རྣམས་ཀྱིས་མི་ཁྱབ་པ་དང་། མ་ཐོས་པ་མེད་པ་གཅིག་འོང་བ་ཡིན། དྲིལ་བུ་འདིས་ཐབས་ཤེས་དབྱེར་མེད་ཀྱི་དོན་གྱིས། ཁྱོད་འཁོར་བཅས་འདིར་མྱུར་དུ་འོང་བར་འདུག་གོ །ཞེས་སོགས། དེས་ན་ད་རུང་བྱིན་རླབས་ཀྱི་སོ་མ་ཉམས་པ་དང་། མ་འོངས་པ་ན་ཡང་ཆོས་འདི་དར་ཞིང་། ཕྱོགས་ཀུན་ཏུ་འཕེལ་བའི་རྟེན་འབྲེལ་ཡོད་པས། མཐའ་བཟང་ཞིང་བསྟན་པའི་རྒྱུན་རིང་བ་དང་། འབྲེལ་ཚད་དོན་དང་ལྡན་པ་ཡིན་ནོ། །ཞེས་པ་ཐུགས་རྗེ་ཆེན་པོའི་དབང་ཆེན་པོའི་མཚམས་སྦྱོར་ཆེན་པོ་རྣལ་འབྱོར་པ་


CMR014_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ག་ཨ་སྱས་སྦྱར་བ་ལ། ཉེས་པ་མཆིས་ན་ལྷ་དང་བཀའ་སྲུང་ཚོགས་ལ་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་མྱུར་དུ་སྨིན་ཅིང་གྲོལ་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ཏེ་འཕགས་པ་ཐུགས་རྗེ་ཆེན་པོ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉམ་པར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR014_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་དབང་གི་མཚམས་སྦྱར་ཟབ་རྒྱས་ཆོས་ཀྱི་འབྲུག་སྒྲ།next