Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སངས་རྒྱས་སྟོང་གི་དབང་གི་མཚམས་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་སྟོང་གི་དབང་གི་མཚམས་སྦྱོར།next

སངས་རྒྱས་སྟོང་གི་དབང་གི་མཚམས་སྦྱོར།


CMR014_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྟོང་གི་དབང་གི་མཚམས་སྦྱོར་བཞུགས་སོ།།


CMR014_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་འདི་ལ་སྤྱིར་སྒྲོན་བསྐལ་དང་མུན་བསྐལ་གཉིས་ལས༔ མུན་བསྐལ་ལ་སངས་རྒྱས་མི་འབྱུང་༔ སྒྲོན་བསྐལ་ལ་སངས་རྒྱས་འབྱུང་སྟེ༔ སྒྲོན་བསྐལ་འདི་ལ་སངས་རྒྱས་ནི་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་སངས་རྒྱས་སྟོང་དང་ལྔ་འབྱུང་བར་གསུངས༔ གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་སངས་རྒྱས་སྟོང་འབྱུང་བར་གསུངས༔ བསྐལ་པ་འདི་ཡི་འོག་ཏུ་མུན་བསྐལ་ཆེན་པོ་དྲུག་ཅུ་ལ་སངས་རྒྱས་མི་འབྱོན༔ དེ་ནས་སྒྲོན་བསྐལ་བསྐལ་པ་སྙན་པ་ཆེན་པོ་ལ་སངས་རྒྱས་ཁྲི་ཕྲག་འབྱོན༔ དེ་ནས་མུན་བསྐལ་ཁྲི་ཕྲག་གཅིག་ལ་སངས་རྒྱས་མི་


CMR014_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན༔ དེ་ནས་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་བརྒྱད་ཁྲི་འབྱོན༔ དེ་ནས་མུན་བསྐལ་སུམ་བརྒྱ་ལ་སངས་རྒྱས་མི་འབྱོན༔ དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ༔ སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་བསྐལ་བཟང་ནས་བཤད༔ དེ་ལ་ཞིང་འདིའི་བསྐལ་པ་དང་པོ་ཆགས་པའི་ཚེ༔ རྒྱ་མཚོའི་ནང་ནས་གསེར་གྱི་པདྨ་སྟོང་འཁྲུངས་ཏེ། ལྷ་རྣམས་ཀྱིས་སྨྲས་པ༔ ད་ནི་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱོན་པའི་ལྟས་ཡིན་ཏེ་བསྐལ་པ་འདི་ནི་བཟང་པོའོ༔ ཞེས་བརྗོད་པས་བསྐལ་པ་བཟང་པོ་ཞེས་གྲགས་སོ༔ དེ་ཡང་སྔོན་བསྐལ་པ་ཆེན་པོ་


CMR014_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཞེས་བྱ་བ་ལ༔ སངས་རྒྱས་རིན་ཆེན་སྙིང་པོ་ཞེས་བ་བྱོན་ཏེ༔ དེའི་ཚེ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ༔ སངས་རྒྱས་སྟོང་དང་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གི་འཁོར་དང་༔ བློན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ལ་སྲས་བརྒྱད་ཅུ་དང་སློབ་མ་བྲམ་ཟེ་སྟོང་ཕྲག་མང་པོ་ཡོད་པས་སངས་རྒྱས་ལ་ལོ་ཉིས་བརྒྱ་ལྔ་བཅུ་དང་ཟླ་བ་གསུམ་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས་ཏེ༔ དེའི་ཚེ་བྲམ་ཟེ་ཆེན་པོ་དེས་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པར་བསྐུལ་ནས༔ བྱང་ཆུབ་ཏུ་སེམས་བསྐྱེད་སྨོན་ལམ་བཏབ་པས༔ རྒྱལ་པོ་ནི་སངས་རྒྱས་ཚེ་དཔག་མེད་དུ་ལུང་བསྟན༔ རྒྱལ་པོའི་བུ་ཆེ་བ་མིག་མི་འཛུམ་པ་སྤྱན་རས་གཟིགས༔ བུ་གཉིས་པ་ནི་མཐུ་ཆེན་ཐོབ༔ གསུམ་པ་འཇམ་དབྱངས་སོགས་ཐམས་ཅད་བྱང་ཆུབ་ཏུ་ལུང་བསྟན་ཏོ༔ དེ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་༔ སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་བྲམ་ཟེའི་སྲས་བརྒྱད་ཅུ༔ བྲམ་ཟེའི་སློབ་བུ་སྟོང་ཕྲག་གཅིག༔ བྲམ་ཟེ་བྱེ་བ་ཕྲག་གསུམ་ཐམས་ཅད་བྱང་ཆུབ་ཏུ་ལུང་བསྟན་ཏོ༔ ་འདས་པའི་སངས་རྒྱས་གཙུག་ཏོར་ཅན་དང་༔ ཐམས་ཅད་སྐྱོབ་ཀྱི་བར་དུ་ལུང་བསྟན་ཏེ་སངས་


CMR014_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སོ༔ དེནས་བྲམ་ཟེ་རིགས་བྱེད་ཀློག་པ་སྟོང་ལུང་བསྟན༔ དེ་རྗེས་རིགས་བྱེད་ཀློག་པ་སྟོང་གི་གཉིས་པ་སྐར་མ་སྐྱོང་ནི་བསྐལ་པ་འདིའི་སངས་རྒྱས་འཁོར་བ་འཇིག༔ གསུམ་པ་རུམ་བུ་རྒྱུ་ནི་གསེར་ཐུབ༔ བཞི་པ་ཀུན་བྱེད་སྲུང་བ་ནི་འོད་སྲུང་༔ ལྔ་པ་དྲི་མེད་འོད་ནི་བྱམས་པ༔ དེ་བཞིན་དུ་སངས་རྒྱས་དགུ་བརྒྱ་དང་གོ་དགུ་ལུང་བསྟན་ཏོ༔ བྲམ་ཟེའི་བསྙེན་བཀུར་བ་ལྔ་ཡང་བསྐལ་བཟང་འདི་ཡི་སངས་རྒྱས་སུ་ལུང་བསྟན༔ རིགས་བྱེད་ཀློག་པ་ཐ་ཆུང་ནི༔ སངས་རྒྱས་སྟོང་དང་བཞིའི་སྐུ་ཚེ་དང་གདུལ་བྱ་ཐམས་ཅད་ཁོང་ལ་འོང་བར་སྨོན་ལམ་བཏབ༔ སངས་རྒྱས་གསལ་མཛད་དམ་ཅུང་ཟད་དམ་མོས་པ་ཞེས་ཀྱང་བྱ་བར་ལུང་བསྟན་ཏོ༔ བྲམ་ཟེ་རྒྱ་མཚོའི་རྡུལ་ནི་སྙིང་རྗེ་ཆེ་བས༔ དུས་ངན་པ་ཚེ་ཐུང་བ་སྡུག་བསྔལ་ཆེ་བ་རྣམས་ཀྱི་དོན་དུ་སྨོན་བཏབ་པ་ནི་ཤཱཀྱ་ཐུབ་པ་ཡིན་པར་གསུངས་སོ༔ ཡང་སངས་རྒྱས་སྟོང་ཐམ་པ་འབྱོན་པ་ནི་སྔོན་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བ་ན༔ སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འབྱོན་ནོ༔ དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་


CMR014_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྲས་སྟོང་རྩ་གཉིས་ཡོད་པ་དེས་སངས་རྒྱས་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས་འཁོར་དགེ་སློང་རེ་རེ་ལའང་འཁོར་གཡོག་གསུམ་རེ་ཕུལ༔ སངས་རྒྱས་ལ་ཆོས་ཉན་ནོ༔ རྒྱལ་བུའི་སྲས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཤ་སྟག་ཏུ་སྣང་བས༔ཐོག་མར་གང་དེ་སངས་རྒྱས་བརྟག་པའི་ཕྱིར༔ བུ་རྣམས་ཀྱི་མིང་བྲིས་ཏེ༔ རིན་པོ་ཆེའི་བུམ་པར་བཅུག་སྟེ་ཞག་བདུན་མཆོད་པ་དང་སྒྲུབ་པ་བྱས༔ རྣལ་འབྱོར་པ་ནུས་ལྡན་རྡོ་རྗེ་ཞེས་བྱ་བས་བུ་དེ་རྣམས་ལ་དབང་བསྐུར་ནས༔ བུམ་པའི་ནང་ནས་མིང་རྣམས་བཏོན་པས༔ ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཀྱི་མིང་བྱུང་སཿ ས་གཡོས་དང་རོལ་མོའི་སྒྲ་བྱུང་སྟེ༔ སངས་རྒྱས་འཁོར་བ་འཇིག་གོ །རྣམ་པར་རྒྱལ་བ་ནི་གསེར་ཐུབ༔ དབང་པོ་ཞི་བ་འོད་སྲུང་དང་དོན་ཐམས་ཅད་འགྲུབ་པ་ནི་ཤཱཀྱ་ཐུབ་པའོ༔ སྐེ་རགས་ཅན་ནི་བྱམས་པའོ༔ མཆོག་གི་བློ་གྲོས་སེང་གེ༔ དེ་ལྟར་སྟོང་ལ་གཅིག་མ་ཚང་བའི་བར་རོ༔ བུ་ཆུང་བ་བློ་གྲོས་མཐའ་ཡས་ཀྱི་ཕུ་བོ་ཐམས་ཅད་ཀྱི་སྐུ་ཚེ་དང་འཁོར་དང་༔ འགྲོ་དོན་ཐམས་ཅད་དུས་གཅིག་ཏུ་བསྡོམས་པ་འབྱུང་བར་སྨོན་ལམ་བཏབ་པ་མོས་པ་


CMR014_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ སྨོན་ལམ་གྱི་དབང་གིས་འདིའི་བསྟན་པ་ལ་སེམས་ཅན་རྣམས་ཀྱི་ཚེ་ཡང་དཔག་ཏུ་མེད་དོ༔ ཁྱེའུ་ཆོས་སེམས་ནི་ཕྱག་ན་རྡོ་རྗེ་དང་༔ ཆོས་ཀྱི་བློ་གྲོས་ནི་ཚངས་པ་གཙུག་ཕུད་ཅན་དང་༔ རྒྱལ་པོ་ཡུལ་འཁོར་སྲུང་ནི་མར་མེ་མཛད་དང་༔ ནུས་ལྡན་རྡོ་རྗེ་ཨོ་རྒྱན་རིན་པོ་ཆེའོ༔ དེ་ལྟར་བསྐལ་པ་འདི་ལ་ལོ་བརྒྱད་ཁྲི་ནས་བརྒྱའི་བར་དུ་སངས་རྒྱས་འབྱོན་ཏེ༔ མོས་པ་ནི་མ་གཏོགས་སོ༔ འཇིག་རྟེན་གཞན་དུ་ནི་ངེས་པ་མེད་དོ༔ དེ་ལ་བསྐལ་པ་འདི་ལ་སངས་རྒྱས་སྟོང་དུ་ངེས་པ་ནི་མཛད་པ་དངོས་སུ་སྟོན་པའི་དབང་དུ་ཡིན་གྱིས༔ དེ་བས་གྲངས་མང་བ་ཡང་བཀག་པ་མེད་པར་འཕགས་པ་གྲོལ་སྡེའི་གསུངས་སོ༔ དེ་ལྟར་བསྐལ་བཟང་གི་སངས་རྒྱས་སྟོང་ཡང་དོན་ལ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་སྟོང་གི་སྤྲུལ་པ་ཡིན་པས་སྔར་ནས་སངས་རྒྱས་པ་ཡིན་ཀྱང་༔ སེམས་ཅན་གྱི་དོན་ལ་སེམས་བསྐྱེད་པ་ཚོགས་བསགས་སྒྲིབ་སྦྱངས་བསྐལ་པ་གྲངས་མེད་པ་དུ་མར་མཛད་ནས་སླར་སངས་རྒྱས་ཚུལ་སྟོན་པ་ཡིན་ནོ༔ དེ་ནས་བསྐལ་བཟང་གི་སངས་རྒྱས་སྟོང་ཐམ་པ་འཛམ་བུའི་གླིང་འདིར་རིམ་པར་འབྱོན་པ་ཐམས་ཅད་སྤྱན་


CMR014_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་ཀྱི་སྤྲུལ་པ་ཡིན་པ་ཁོ་ནར་མ་ཟདི༔ འཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ སངས་རྒྱས་སྟོང་བྱེ་བ་ཕྲག་བརྒྱ་འབྱོན༔ དེ་བས་ཀྱང་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་འབྱུང་བ་བཞིའི་རྡུལ་ཕྲ་རབས་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་སྟོང་རྩ་གཉིས་དེའི་གྲངས་དང་མཉམ་པ་འབྱོན་པར་བཤད་དེ༔ དེ་ཐམས་ཅད་ཀྱང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཕྱིརཿ ཐུགས་རྗེ་ཆེན་པོའི་དབང་ལ་སངས་རྒྱས་སྟོང་དབང་འདི་ཡོད་པ་ཡིན་ནོ༔ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསངས་རྒྱས་སྟོང་གི་དབང་གི་མཚམས་སྦྱོར།next