Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཕྱི་ནང་གསང་གསུམ་སྒྲུབ་ཆེན་བུམ་སྒྲུབ་སོགས་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཕྱི་ནང་གསང་གསུམ་སྒྲུབ་ཆེན་བུམ་སྒྲུབ་སོགས་ཀྱི་ཟིན་བྲིས།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཕྱི་ནང་གསང་གསུམ་སྒྲུབ་ཆེན་བུམ་སྒྲུབ་སོགས་ཀྱི་ཟིན་བྲིས།


CMR014_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཕྱི་ནང་གསང་གསུམ་སྒྲུབ་ཆེན་བུམ་སྒྲུབ་སོགས་ཀྱི་ཟིན་བྲིས་གསལ་བ་ཡོད།


CMR014_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འགྲོ་དྲུག་འདྲེན་པའི་ལྷ་ལ་ཕྱག་འཚལ་ནས། །དེ་ཉིད་སྒྲུབ་པའི་ཞལ་ཁྲིད་ཟིན་བྲིས་བཀོད། །ཆོས་བདག་སྲུང་མས་བཀའ་འདི་གནང་བ་སྩོལ། །དེ་ཡང་ཕྱི་སྒྲུབ་རྒྱལ་བ་རྒྱ་མཚོའི་བུམ་ཆུ་ལ་བརྟེན་ནས་སྒྲུབ་པ་འདི་ལ། ཐུགས་རྗེ་གསང་འདུས་ཀྱི་ཕྱི་སྒྲུབ་ཡིན་ལ། གསང་འདུས་ཡོངས་རྫོགས་འདི་གཏེར་ཁ་གསུམ་ལ་བྱོན་པ་ལ། འདི་བསམ་ཡས་དབུ་རྩེ་ནས་བཏོན་པ་ལགས་སོ། །འདི་ཡི་དབང་ནི་ལོགས་སུ་མེད་དེ་གསང་འདུས་ཀྱི་དབང་གིས་གོ་ཆོད་དེ། ཞལ་ཕྱག་དང་ལྷ་གྲངས་མི་གཅིག་ཀྱང་ལྷ་གཅིག་པས་སོ། །འདི་ལ་སྒྲུབ་ལུགས་རྒྱས་


CMR014_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་གཉིས་ཏེ་སྒྲུབ་ཆེན་དང་སྒྲུབ་ཕྲན་གཉིས་སོ། །སྒྲུབ་ཆེན་ལྟར་བྱས་ན་སྒྲུབ་ཆེན་ཁོག་དབུགས་ནས་ཇི་སྐད་གསུངས་པ་ལྟར་བྱས་ལ། སྒྲུབ་གཞུང་ལྷ་བསྐྱེད་དང་སྔགས་དང་དམིགས་པ་ནི་ཕྱི་སྒྲུབ། རྒྱལ་བ་རྒྱ་མཚོ་ལྟར་བྱས་པ་ཡིན་ནོ། །དེ་ལྟར་བྱེད་ན་ལས་བྱང་གཞུང་བཟུང་མཁན་གསུམ་མམ་ལྔའམ་བདུན། ཐུན་པ་བཅུ་བཞི་ཉེར་གཅིག་ནས་བརྒྱ་ཡི་བར་གང་འཛོམ་སྟེ། སྔགས་རྒྱུན་བྱེད་ཅིང་དོན་རིལ་བུ་བུམ་སྒྲུབ་འདྲ་སྟེ་རིལ་བུའི་ཚབ་བུམ་ཆུས་བྱེད་པ་ཡིན་ནོ། །སྒྲུབ་ཕྲན་ལྟར་བྱེད་པ་ན་རྣལ་འབྱོར་པ་གཅིག་གིས་རུང་སྟེ། དེའི་སྒྲུབ་ཆེན་ལྟར་ཆ་ལག་འཛོམས་ན་


CMR014_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལེགས། མ་འཛོམས་ཕྱི་སྒྲུབ་ཁ་རྐྱང་དང་ལས་བྱང་གཉིས་ཁོ་ན་གབ་སྤྱད་པས་འཐུས་སོ། །དེ་གཉིས་གང་བྱེད་ཀྱང་སྟེགས་བུ་ས་ཆོག་སོགས་སྒྲུབ་ཆེན་ནས་གསུང་ལྟར་རམ། ཡང་ན་རས་བྲིས། ཐ་མོ་ཤོག་བུ་ལ་བྲིའམོ། དཀྱིལ་འཁོར་དུར་ཁྲོད་མེད་པའི་སྒོ་རྫོགས་ཅན་གཅིག་གི་ལྟེ་བ་དམར། དེ་རྒྱབ་འདབ་བརྒྱད་ལྷ་་སོ་སོའི་ཁ་དོག །དེ་རྒྱབ་འདབ་མ་བཅུ་དྲུག་ལ་སེམས་དཔའ་ཡབ་ཡུམ་བཅུ་དྲུག །སྒོ་བ་བཞི་ཐམས་ཅད་ལ་སོ་སོའི་སྐུ་མདོག་གི་ཚོན་སྤུངས་བཀོད་པའི་ཐིག་ལེ་བྲིའོ། །དེ་དབུས་བུམ་པ་རྫས་ལྡན་གཞུང་ལྟར་ལས། བྱང་སེམས་ནི་ཨུ་རྒྱན་ཡབ་ཡུམ་བྱང་སེམས་མ་ཎི་རིལ་བུ་ལ་འདྲེས་པས་མ་ཎི་རིལ་བུ་བཏབ་པས་འཐུས། བྷན་ཡང་མ་ཎི་རིལ་བུ་དང་ག་བུར་སོགས་གཞུང་གི་རྫས་དང་བུར་སྦྱང་སོགས་བྷན་ཆང་གིས་བཀང་བའི་ནང་དུ་བཏབ་དར་དམར་གྱིས་བཀབ་པ་དེ་བུམ་པའི་འོག་གམ་གཡས་སུ་བཞག །གཡོན་དུ་རཀྟ། མདུན་དུ་གཏོར་མ་རིན་ཆེན་འབར་བ། མཐར་མཆོད་པ་རྣམས་བསྐོར་བཤམས་བྱའོ། །སྔོན་འགྲོ་དཀར་བགེགས་ཕུལ་ནས་ལས་བྱུང་པདྨའི་ཕྲེང་བའི་བདག་བསྐྱེད་བྱས་ཏེ་ལྷ་བསྐྱེད་མ་ཚར་བར་འདོན། དེ་ནས་དཀྱིལ་འཁོར་གྱི་ལྟེ་བ་ལ་བུམ་


CMR014_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་ཅེས་སོགས་སྒྲུབ་གཞུང་གི་མངོན་རྟོགས་དེ་བསམ་གྱིས་མི་ཁྱབ་པ་བསྐྱེད་དེ་ཞེས་པའི་བར་འདོན། འདིའི་གོ་བ་ནི་མདུན་བསྐྱེད་དང་བུམ་བསྐྱེད་གཉིས་གཅིག་ཡིན་ཏེ། བུམ་པ་དང་དཀྱིལ་འཁོར་གཞལ་ཡས་ཁང་གཉིས་དབྱེར་མེད། དཀྱིལ་འཁོར་གྱི་ལྷ་ཚོམ་བུ་དང་བུམ་ནང་གི་ལྷ་གཉིས་དབྱེར་མེད་ཡིན་གྱིས། མདུན་བུམ་སོ་སོར་བསྐྱེད་རྒྱུ་མིན་ནོ། །དེ་ནས་གཞན་དང་མི་མཚུངས་པར་ཤེས་པར་བྱ། དང་པོར་རང་གསང་འདུས་ཕྱག་གཉིས་པར་བསྐྱེད་ཡོད་ཀྱང་། བུམ་ནང་གི་རྒྱལ་བ་རྒྱ་མཚོའི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བའི་བྱིན་རླབས་བསྡུས་ནས་རང་ལ་ཐིམ་པས་བདག་ཀྱང་རྒྱལ་བ་རྒྱ་མཚོར་གྱུར་ནས་བུམ་བསྐྱེད་ལ་ཕར་ཐིམ། དེའི་ཐུགས་ཀ་ནས་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་འདྲེན་རྣམས་གཞུང་ཚིག་ལ་གོ་བ་ཐེབ་པར་བྱས་ཏེ། དེ་ནས་བུམ་པ་གཞལ་ཡས་ཁང་ཞེས་པ་ནས། མདུན་གྱི་ནམ་མཁར་སྤྱན་དྲངས་ཞེས་པའི་བར་འདོན། ལས་བྱང་ནི་མ་ཎི་སརྦ་བྷ་ག་ཝན་སོགས་ནས་སྤྱན་འདྲེན་ལ། ཐུབ་དྲུག་སངས་རྒྱས་སྟོང་གཉིས་སྒྱུར་ལ་འདོན། དེ་ནས་ལས་བྱང་མགོའི། རང་རིག་ལྷ་ལ་ཕྱག་འཚལ་ལོ། །སོགས་ཡན་ལག་བདུན་པ་ཨབྷཾ་སོགས། ས་མ་


CMR014_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་གཉིས་སུ་མེད་པར་གྱུར་བརྗོད། དེ་ནས་ལས་བྱང་ལྟར་བཞུགས་གསོལ་བྱ། དེ་ནས་བདག་མདུན་དབྱེར་མེད་གཅིག་ཏུ་བསྒོམ་པ་དེའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་མེད་སྤྲུལ་ནས་ཕྱག་འཚལ་བ་དང་མཆོད་བསྟོད་བྱེད་པ་ར་དམིགས་ལ་ལས་བྱང་ལྟར་ཕྱག་འཚལ་ནས་བསྟོད་པའི་བར་འདོན། བསྟོད་པའི་ནང་ནས་ནོར་འཛིན་གསང་འཛིན་ཐུབ་དྲུག་སངས་རྒྱས་སྟོང་རྣམས་སྐྱུར། དེ་འཕྲོ་འདོན་ནོ། །ཐུགས་དམ་བསྐུལ་པ་འདོན། དེ་ནས་འཛབ་དགོངས་ལས་བྱང་དེ་སྒྱུར། ཕྱི་སྒྲུབ་གཞུང་ནི་བྱེད་རྒྱུ་ཡིན་པས། དེའི་གནད་ནས། བདག་མདུན་བུམ་གསུམ་དབྱེར་མེད་གཅིག་ཏུ་བསྒོམས་ཡོད་པ་ལས། མདུན་བུམ་དབྱེར་མེད་དེའི་ཐུགས་ཀ་ནས་བདག་བསྐྱེད་དཀྱིལ་འཁོར་ཚང་མ་རྒྱལ་བ་རྒྱ་མཚོ་ཞིག་འོད་ཟེར་གྱི་ཚུལ་དུ་འཕྲོས་ནས། དེ་ནས་བདག་མདུན་གཉིས་སོ་སོར་ཡོད་པས་དེ་ནས་བདག་ཉིད་རྒྱལ་བ་རྒྱ་མཚོ་ཞེས་སོགས་ནས་མ་ཡེངས་ལ་གཏད་ལ་བཟླ། ཞེས་པའི་བར་གྱི་དམིགས་པ་དེ་བསྒོམ་ཞིང་། ཡིག་དྲུག་ནས་ཧཱིའི་བར་དེ་བཟླ་རྒྱུའི་སྔགས་སོ། །ཐུན་མགོར་ཉིན་རེ་ལན་རེ་ཙམ་གཟུངས་ཐག་ཐལ་མོའི་བར་དུ་བཟུང་ངོ་། །དེ་ལྟར་མདུན་


CMR014_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་དབྱེར་མེད་དང་། བར་སྐབས་བདག་མདུན་བུམ་པ་དབྱེར་མེད་སོགས་དང་། ཡང་བདག་མདུན་གཉིས་སུ་ཕྱེ་བ་སོགས་ཅི་ཞིག །གང་དང་ཡང་མ་མཐུན་ནོ་སྙམ་དུ་ཐེ་ཚོམ་པར་མི་བྱ་སྟེ། རྟ་མགྲིན་གསང་འདུས་སྒྲུབ་གཞུང་ལས་ཨུ་རྒྱན་རིན་པོ་ཆེས། བློ་ལྡན་སྐྱེས་བུ་རིགས་ལྡན་གྱིསཿ བདག་བསྐྱེད་མདུན་བསྐྱེད་ཡེ་ཤེས་རྣམས༔ གང་ལྟར་རོལ་པ་གཅིག་ཏུ་བསྒྲུབ༔ དེ་ལ་ཅུང་ཟད་མི་བདེ་ན༔ གོང་བཞིན་བདག་ཀྱང་བསྐྱེད་བྱ་སྟེ༔ དམ་ཚིག་བཀུག་སྟེ་དབང་ཡང་བསྐུར༔ འཕྲོ་འདུའི་ཚུལ་དུ་དཀྱིལ་འཁོར་བསྒྲུབ༔ གང་ལྟར་སྒྲུབ་ཀྱང་ངེས་པར་འགྲུབ༔ འདི་དང་འཆི་ཁ་བར་དོ་རུ༔ ཡི་དམ་ལྷ་དང་བསྐལ་པ་མཉམ་ཞལ་འཇལ་ལུང་སྟོན་ཐར་ལམ་ཁྲིད། དུས་ལས་མི་འདའ་ཐུགས་རྗེའི་ལྷ༔ དམ་ཚིག་གཡར་དམ་གཅིག་ཏུ་འགྲུབ༔ ཞིང་ཁམས་དཀྱིལ་འཁོར་གཅིག་ཏུ་འགྱུར༔ ཅེས་གསུངས་པ་ཡི་དོན་ལགས་སོ༔ དེ་ནས་རྣལ་འབྱོར་པ་གཅིག་ཡིན་ན་འཛབ་སྟོང་ཚོ་རེའི་མཚམས་སུ། ཨེ་མ་ཧོ་སོགས་གཞུང་གི་གསལ་འདེབས་རེ་བྱའོ༔ ཐུན་པ་མང་པོ་ཡོད་ན། ཉིན་མཚན་ལན་དྲུག་ཏུ་ཐུན་དཔོན་གྱིས་འདོན་པར་འཐུས་ལ། ཉིན་རེ་ལན་རེ་


CMR014_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཐུན་པ་ལ་རྗེས་ཟློས་འདྲ་བ་རེ་བྱེད་བཅུག་ན་ལེགས། ནུབ་མོ་ཚོགས་དང་བཀའ་སྲུང་ཐམས་ཅད་ཀྱིས་གསོལ་ཁ་དང་། ཆད་མདོ་བརྟན་སྐྱོང་རྟ་བྲོ་བྱ། ཉིན་མཚན་ལན་གསུམ་རྩུབ་ན་དྲུག་གམ་བཞི་རུང་ཕོ་ཉ་སྒོས་བ་སྐུ་ལ་ཀུན་ཐུབ་རྒྱལ་མོ་དང་ཉུལ་ལེ་བསྐྲད། ཉིན་རེ་རེའི་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས་བཞིའི་སྦྱིན་བསྲེག་བྱ་སྟེ། གལ་ཏེ་མ་གྲུབ་ན་བཟའ་བཏུང་ནང་གི་ཐུགས་ཀའི་དམིགས་པ་གསལ་ན་འཐུས། དེ་ལྟར་ཞག་གསུམ་བདུན་ལྔ་ཉེར་གཅིག་གོམ་ཅི་ནུས་སུ་བསྒྲུབས་ནས། དེ་ནས་སྒྲུབ་ཆེན་ཡིན་ན། སྒྲུབ་ཆེན་གྱི་རྗེས་ལྟར་སྒྲུབ་ཕྲན་ཡིན་ན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཞེས་པའི་དམིགས་པ་དེ་སྤྱོད་ཅིང་རང་གིས་ཀྱང་སྒོམ་ཞིང་། རྩ་སྔགས་ལ་ཀཱ་ཡ་སིདྡྷི་ཨོ་སོགས་ལས་བྱང་ལྟར་དངོས་གྲུབ་སྔགས་སྟོང་བཟླས་ལ། ཧཱིདགོངས་ཤིག་སོགས་ནས། བདག་ཅག་རྣམས་ལ་བསྩལ་དུ་གསོལ་གྱི་བར་བརྗོད་ནས། རང་གིས་རང་ལ་དང་པོ་དབང་བླངས་ནས་ཐུན་པ་ལ་ཐུན་དཔོན་གྱིས་འགྲིམ་སྟེ། བུམ་པ་སྤྱི་བོར་བཞག་བུམ་ཆུ་བླུད། བྷནྡ་མགྲིན་པ། གཏོར་མ་སྙིང་གར། ཀཱ་ཡ་སོགས་རྩ་སྔགས་ལ་བཏགས་ཤིང་འགྲིམ། སླར་ཡང་གཏོར་མ་སྤྱི་བོར་བཞག་ལ་


CMR014_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་སིདྡྷི་ཧྲཱིཿབརྗོད། བྷནྡྷའི་བདུད་རྩི་བཀྱེ། དེ་ནས་ལས་བྱང་དཀྱིལ་འཁོར་བསྡུ་བ་ནས་བཟུང་སྟེ་བཀྲ་ཤིས་ཡན་བྱས་ལ་དཀྱིལ་འཁོར་བསྡུའོ། །བུམ་ཆུ་དང་བྷནྡྷའི་བདུད་རྩི་གཏོར་མ་རིན་ཆེན་འབར་བ་གསུམ་བསྲེས་པའི་རིལ་བུ་དཔག་མེད་བྱས་ཏེ། གཞུང་ལྟར་ཁྲོམ་ལ་བཀྱེ་བའི་ཕན་ཡོན་གཞུང་ལྟར་རོ། །བུམ་ཆུ་བཀྱེ་ཡང་རུང་ངོ་། །མིང་ནི་རྒྱལ་བ་རྒྱ་མཚོའི་གཟུངས་རིལ་ཞེས་བྱའོ། །ཕྱི་སྒྲུབ་ཟིན་བྲིས་སྤྱི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ནང་སྒྲུབ་ཀྱི་མཚམས་ཀྱང་རྡོག་མཚམས་ཙམ་གྱིས་ཆོག ། རྟེན་གསུམ་གང་ཡོད་དང་རྒྱུན་གྱི་གཏོར་མ་བསྔོས་པའི་ཕུགས་གཏོར་དང་མཆོད་པ་རྣམ་ལྔ་བཤམས། དཀར་གཏོར་བགེགས་གཏོར་སྔོན་འགྲོ་སྤྱི་འཚམས་གང་རུང་ཞིག་ཕུལ། འདི་ནི་སྤྲོས་མེད་ཡིན་པས་སྒྲུབ་ཆེན་དང་མི་སྦྲེལ། དཀྱིལ་འཁོར་བུམ་པ་སོགས་ཀྱང་མ་གསུངས་པའོ། །བདག་བསྐྱེད་རྐྱང་པ་ཡིན་གྱིས་མདུན་བསྐྱེད་མེད་ལས་བྱང་གི་སྐྱབས་སེམས་བྱ། དེ་ནས་བརྒྱུད་པའི་གསོལ་འདེབས་སམ། བུམ་སྒྲུབ་ནང་གི་གསོལ་འདེབས་སམ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ་ནས། རཏྣ་གླིང་པ༔ རྩ་བརྒྱུད་བླ་མ༴ ཡི་


CMR014_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གསང་འདུས་ལྷ་ཚོགས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། སོགས་གང་རིགས་གཅིག་དང་། རང་རིག་ལྷ་ལ་ཕྱག་འཚལ་ལོ༔ སོགས་ཡན་ལག་བདུན་པའི་སྐྱབས་སེམས་འདོན། སྐྱབས་ཡུལ་སྙིང་གར་བསྟིམས་ལ། བཀའ་བསྒོ་མཚམས་བཅད་ནས། ཙནྡྲ་མཎྜལ་ཧཱུཾ་ཞེས་གཞལ་ཡས་ཁང་བསྐྱེད་པ་ལས་བྱང་ལྟར་འདོན། དེ་ནས་ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །ཞེས་སོགས་ནས། དྲན་རྫོགས་འཛིན་མེད་འོད་སྐུར་གསལ། །ཞེས་པའི་བར་ནང་སྒྲུབ་གཞུང་ལྟར་འདོན་ནོ། །ལྷ་བསྐྱེད་ལུགས་ཨུ་རྒྱན་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་ཡིན་ལ། དཀྱིལ་འཁོར་དབུས་སུ་པདྨའི་སྡོང་པོ་ཞིག་ལ་འོག་ཏུ་པདྨ་གསུམ་བརྩེགས། དེ་སྟེང་པདྨ་ཆེ་བ་ཞིག་བསྒོམས་པའི་སྟེང་དུ་རང་ཉིད་ཨོ་རྒྱན་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་བསྒོམ། དེ་འོག་པདྨ་ཟླ་བའི་གདན་ལ་འཇམ་དབྱངས་ཤིག །དེ་འོག་པདྨ་ཉི་མ་ལ་རྟ་མགྲིན་ཞིག །དེ་འོག་བདུད་བཞི་དང་པདྨའི་སྟེང་དུ་ཕྱག་རྡོར། རང་གི་སྤྱི་གཙུག་གི་ནམ་མཁར་གཞལ་ཡས་ཁང་དབུས་ཕྱུར་བུར་མཆོད་རྟེན་གྱི་ནང་ལྟ་བུའི་ནང་དུ། འཇམ་དབྱངས་རྟ་མགྲིན་ཕྱག་རྡོར་གསུམ་ཐོ་བརྩེགས་ལྟ་བུར་མ་རེག་པ། ཕྱོགས་མཚམས་


CMR014_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དུ་རིགས་གསུམ་མགོན་པོ་ཉེར་བཞི་བསྐྱེད་པ་ནི། དཀྱིལ་འཁོར་ནང་གི་འདབ་བརྒྱད་སུམ་རིམ་ལའོ། །ཐམས་ཅད་ཞལ་གཙོ་བོ་ལ་གཟིགས་ཏེ། རྟ་མགྲིན་ལ་རྟ་མགོ་ཡོད་པ་མ་གཏོགས་རྟ་མགྲིན་ཕྱག་རྡོར་གཉིས་ཀྱང་ཞི་བ་སྟེ་ཐམས་ཅད་ཆ་ལུགས་གཙོ་བོ་ལྟར་བསྐྱེད་དོ། །སྒོ་སྲུང་མེད་དོ། །མ་ཎི་ནས། སརྦ་བྷ་ག་ཝན་སོགས་ནས་སྤྱན་འདྲེན་ལས་བྱང་ལྟར་ཏེ། མགོན་པོའི་ཤོ་ལོ་ཀ་གཅིག་དང་ཛཧཱུྃ་བཾ་ཧོ༔ བཞུགས་གསོལ་ནས་བསྟོད་པའི་བར་གཞུང་ལྟར་ལས། གཙོ་བོའི་བསྟོད་པ། རིགས་བདག་བསྟོད་པ་བྱ། །གཞན་སྒྱུར་ནས། གཞན་ཡང་བཀའ་འདུས་གསང་བའི་མན་ཆད་ཐུགས་དམ་བསྐུལ། འཛབ་དགོངས་སྐྱུར་ལ། ནང་སྒྲུབ་གཞུང་ནས། ངག་བཟླས་སྔགས་ཀྱི་རྣལ་འབྱོར་ནི། །ཞེས་སོགས་གསོལ་བ་བཏབ་ལ་བསྙེན་པ་བྱའོ། །གསུམ་པ་རྫོགས་རིམ་རྣལ་འབྱོར་ནི། ཞེས་སོགས་ཚིག་གིས་གསལ་བཏབ། དེ་ལྟར་ལས་བྱང་ཉིན་མཚན་གཉིས་སམ་ཉིན་རེ་རེ་རེས་ཆོག །ཚོགས་དང་བཀའ་སྲུང་སོགས་དང་པོ་གཅིག །ཚར་དུས་གཅིག་གིས་ཆོག །ཞག་བདུན་ཡན་ཆད་གང་འདོད། སྔགས་གྲངས་འབུམ་ཕྲག་གཅིག་ཡན། སུམ་


CMR014_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ། བདུན་འབུམ་བྱེ་ཆུང་སོགས་གང་འགྲུབ་ཡིན། རྒྱུན་དུ་ཐུགས་དམ་འདོད་ན་ནི་ལས་བྱང་དང་མངོན་རྟོགས་མི་དགོས། ཡིད་ཀྱིས་བསྒོམ་ཞིང་སྔགས་བཟླས་པས་ཀྱང་ཆོག་སྟེ་འདི་སྨོས་མེད་ཏིང་འཛིན་གཙོ་བོ་ཡིན་པས་སོ། །རྗེས་ཆོག་ཀྱང་ལས་བྱང་ལྟར་བྱས་པས་འཐུས་སོ། །ནང་སྒྲུབ་ཟིན་བྲིས་གསལ་བྱེད་སྤྱི་ལདེ་ནས་གསང་སྒྲུབ་ལ་སྤྲོས་བཅས་བྱེད་ན་སྒྲུབ་ཆེན་གྱི་ཁོག་ཕུབ་སྒྲུབ་ཆེན་ཇི་ལྟ་བ་ལྟར་སྔོན་འགྲོ་དངོས་གཞི་རྗེས་རྣམས་བྱ་ཞིང་སྒྲུབ་པའི་གཞུང་གསང་སྒྲུབ་བྱེད་པ་ཡིན་ནོ། །སྤྲོས་མེད་བྱས་ན་དབང་ཆོག་རྒྱས་པའི་སྟ་གོན་དང་གསང་སྒྲུབ་ཀྱི་སྟ་གོན་གབ་སྤྱད་པས་ཆོག་སྟེ་སྒྲུབ་ཆེན་གྱིས་སབ་མི་དགོས་སོ། །གཞན་ཐམས་ཅད་གསང་སྒྲུབ་གཞུང་དུ་གསལ་ལྟར་ལ། ལས་བྱང་གཞུང་ལྟར་ལས་གཞུང་བསྐྱེད་མ་ཚར་བར་དུ་འདོན། དེ་ནས་ལས་བྱུང་ནི་གཙོ་བོའི་མངོན་རྟོགས་སྐྱུར་ལ། དམིགས་མེད་སྟོང་པའི་ངང་ཉིད་ལས༔ ཞེས་པ་གཉིས་མེད་ཟུང་འཇུག་དག་ཏུ་བསྒོམ༔ ཞེས་པའི་བར་གསང་སྒྲུབ་མངོན་རྟོགས་བཙུད་ནས། གསང་འདུས་སྐུའི་དབུ་གཙུག་ཅེས་པ་ནས་འཛབ་དགོངས་ཀྱི་བར་གཞུང་ལྟར་འདོན། འཛབ་དགོངས་ཀྱང་ཚར་གཅིག་འདོན་ལ་ལྷ་ཚོགས་ཀྱི་


CMR014_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་ཚར་རེའམ་གསུམ་རེ་ཙམ་སྔགས་མཆོད་ཚུལ་དུ་བྱ། གོང་བཞིན་གཙོ་བོར་གསལ་བའི་ཞེས་སོགས་གསང་སྒྲུབ་གཞུང་གི་དམིགས་པ་དེ་ངག་ཏུ་གསལ་བཏབ་ཀྱང་ལེགས། ཡིད་ཀྱིས་བསྒོམ་ཞིང་ཡིག་བདུན་བསྒོམ་མོ། །འདི་ལ་དཔེ་ཕལ་ཆེར་ལ་ཡིག་དྲུག་གཡོན་དུ་འཁོར་བར་བསམ། ཞེས་པ་བྱུང་ཡང་འདི་རྒྱུད་ཀྱང་ཕ་རྒྱུད་ཡིན་ལྷ་ཡང་ཕོ་རིགས་ཡིན་པས་གཡོན་དུ་འཁོར་བ་ཡི་གེ་མ་དག་པ་འདྲ་བསམ། ཡིག་དྲུག་གཡོན་དུ་འཁོར་བར་བསམ་ཞེས་པས་དགོད། མི་འགྱུར་རྡོ་རྗེ་སྐུ་ཕྲ་དུས་མཚམས་དམ་རིག་པ་དྭངས་དུས་དགོངས་པས་དག་མ་དག་སོགས་ཐམས་ཅད་གཟིགས་ཆོག་པར་འདུག་པས། ཐུགས་ཀར་ཞི་བའི་འཁོར་ལོ་དཀར་པོ་རྩིབས་དྲུག་པ་ཞིག་ཟླ་བའི་གདན་ལ་མ་རེག་པ་ཙམ་དུ་གཡོན་དུ་འཁོར་། འཁོར་ལོའི་སྟེང་དུ་ཡིག་དྲུག་གཡས་སུ་འཁོར་བ། ལྟེ་བ་ལ་མ་རེག་ཙམ་དུ་ཧཱུྃཡིག་གཡོ་འགུལ་མེད་པར་བསྒོམ་གསུངས་པས་དེ་ལྟར་བྱེད་པའམ། ཡང་ན་ཟླ་སྟེང་ཧཱིཿཡི་མཐར་ཡིག་དྲུག་གཡས་སུ་འཁོར་བས་འཐུས་སོ། །མི་འགྱུར་རྡོ་རྗེའི་གསང་སྒྲུབ་ལ་ཁྱད་པར་རྟ་མགྲིན་མེད་གསུངས་ཏེ། བསྡུས་པར་གསང་སྒྲུབ་གཙོ་རྐྱང་བྱེད་ན་རྟ་མགྲིན་མི་དགོས་པ་


CMR014_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལྟར་འཐད་པར་འདུག་ནའང་། འདིར་ལས་བྱང་དང་གབ་སྤྱད་ནས་རྒྱས་པར་བསྒོམ་ཚེ་རྟ་མགྲིན་སྦྲེལ་དགོས་ཏེ། ཡང་སྙིང་འདུས་པ་དང་གསང་འདུས་གཉིས་མཚུངས་པར་འཛབ་དགོངས་སྐབས་སུ་ཐུགས་ཀ་འི་རྟ་མགྲིན་ག་ལ་ཆེ་བའོ། །རང་གི་སྙིང་དབུས་ཧྲུལ་ཡིག་དྲུག །སྙིང་གི་ཆ་སྨད་རྩ་སྦུག་གི་སྒོ་སྲུང་ཚུལ་དུ་རྟ་མགྲིན་བསྒོམ་དགོས་ཏེ། དེའི་གནད་འཛབ་དགོངས་ན་གསལ་ལོ། །སྔ་དྲོ་རིང་བདག་བསྐྱེད་དམིགས་པ་གཞུང་ལྟར། དགོང་ཀ་འོད་ཟེར་ཕར་འཕྲོས་སོགས་མདུན་བུམ་ལ་དམིགས་པ་གསང་སྒྲུབ་ལྟར་བྱ། སྐབས་སུ་འཛབ་དགོངས་ཀྱིས་གསང་སྒྲུབ་དམིགས་པ་བྱ། སྲོད་དང་དགོང་མོ་འཛབ་དགོངས་ཀྱི་དམིགས་པས་བགེགས་བསྐྲད་དམིགས་པ་བྱ་སྟེ། སྔགས་ཧཱུྃ་ཕཊ་དང་ཧཱུྃ་ཧཱུྃཕཊ་འདྲ་མིན་རྒྱུད་དང་མི་གཅིག་ཀྱང་ཧཱུྃ་ཧཱུྃཕཊ་དག་གོ །དེའི་ཅིའི་ཕྱིར་ཞེ་ན། འདི་གསང་སྒྲུབ་ཡིག་བདུན་གཙོ་བོ་ཡིན་པས། ཉམས་རྟོགས་སྤར་ཞིང་དགོངས་པ་སྐྱོང་སོགས་གསུངས་པས་རབ་བསྐྱེད་རྫོགས་ཟུང་འཇུག །དེ་མ་ཐུབ་ན་སེམས་ངོ་དང་དམིགས་པ་གཉིས་རེས་མོས་སུ་ཐུན་ཐམས་ཅད་ལའོ། །དུས་གྲངས་གཞུང་ལྟར་གང་འདོད་ཐེམས་ནས། ལས་སྦྱོར་དམིགས་པ་


CMR014_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཤམ་སྦྱར་ཏེ། དཔེར་ན་སྒྲུབ་པ་ཞག་བདུན་བས་མ་བྱས་ན། ལས་སྦྱོར་ཞག་གཅིག་སྟེ། སྔ་དྲོ་ཞི་བ། ཕྱེད་རྒྱས་པ། དགོང་མོ་དབང་། སྲོད་ལ་དྲག་པོ་བྱའོ། །སྒྲུབ་པ་ཡུན་རིང་ན་དེ་དང་དཔག་སྟེ། ལས་སྦྱོར་སྒྲུབ་པའི་བཅུ་ཆ་གཅིག་གིས་ཚད་ཙམ་བྱའོ། །རྗེས་ནས་སྒྲུབ་ཆེན་དང་སྦྲེལ་ན་སྒྲུབ་ཆེན་གྱི་རྗེས་ཆོག་ཐམས་ཅད་བྱ། མ་སྦྲེལ་ན་ལས་བྱང་ལྟར་དངོས་གྲུབ་བླང་ཆོག་བཏོན་ལ་བུམ་ཆུ་གཏོང་བ་སོགས་གོང་ལྟར་རོ། །འདི་བྷནྡྷའི་རྫས་བུམ་ཆུ་སོགས་སྒྲུབ་པའི་རུ་རྩི་ནི་བྱའོ། །ལོགས་སུ་ཁྲོམ་ལ་འགྱེད་པར་མི་བྱ་སྟེ་རང་དོན་གཙོ་བོའི་སྒྲུབ་པ་ཡིན་པས་སོ། །གསང་སྒྲུབ་ཀྱི་ཟིན་བྲིས་སྤྱི། དེ་ནས་རྒྱུན་བསྙེན་བྱ་ཐབས་ནི་མཚམས་སོགས་ཐུབ་ན་ལེགས། མ་གྲུབ་ཀྱང་འཕྲོག་ཡང་ཅི་མི་ཏོ། ཞོགས་པའམ་ནི་ནམ་འདོད་ལས་བྱང་ཚར་རེ་བཏོན། འཛབ་དགོངས་ཀྱང་འདོན་ལ་སྔགས་རྣམས་ཚར་རེ་སྔགས་མཆོད་ཚུལ་དུ་བྱའོ། །དེ་ནི་ཕྱི་མདོ་ལུགས་སུ་བསྙེན་པའི་དམིགས་རིམ་འཛབ་དགོངས་ལྟར་བྱས་ལ། ཡི་གེ་དྲུག་པ་བསྙེན་ཞག་བདུན་ཡིན་ནས་ལོ་ཟླའི་བར་ཅི་འདོད་དོ། །ནང་སྔགས་ལྟར་སྒྲུབ་པའི་འདོན་ལུགས་སོགས་ཐམས་ཅད་གོང་


CMR014_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལས། ནང་སྔགས་ལྟར་སྒྲུབ་པའི་དམིགས་རིམ་འཛབ་དགོངས་ལྟར་བྱས་ཤིང་ཡི་གེ་བཅུ་པ་བསྙེན་ནོ། །ཡང་གསང་སྙིང་པོའི་ལུགས་ལྟར། སྒོམ་དང་སྒྲུབ་པ་བྱེད་ལུགས་གོང་ལྟར་ལས། ཡང་གསང་དམིགས་པ་འཛབ་དགོངས་ལྟར་དམིགས་པ་གསལ་བས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧཱིཝཕཊཐཟླ། དེ་ཡང་ཕྱི་སྒྲུབ་ཡིག་དྲུག་དུས་ཧཱུྃ་ཕཊ་བཟླ། ཡིག་བཅུ་དུས་ཡིག་བཅུ་ལ་ཕཊ་སྦྱར་རོ། །དྲེགས་པ་ཚར་གཅོད་དམིགས་པ་འདི་ནད་པ་བྱིན་རླབས་དུས་དང་། འཕྲལ་དུ་གནོད་འཚེའི་རིགས་གང་བྱེད་ཀྱང་བྱེད་པ་སྟེ། ལྷ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པས་ཀྱང་ཆོག་གོ །དེ་ལྟར་རྒྱུན་བསྙེན་ལ་ཚོགས་དང་བཀའ་སྲུང་ཆད་མདོ་སོགས་ནི་ཚེས་བཅུ་དགུ་གཏོར་སོགས། སྤྲོ་དུས་བྱའི་རྒྱུན་དུ་མི་དགོས། རྒྱུན་བསྙེན་ཟིན་བྲིས་སྤྱི༔ དེ་ནས་སྒྲུབ་ཆེན་ལ། སྒྲུབ་ཆེན་དབང་དང་འབྲེལ་བའི་ལུགས། སྒྲུབ་ཆེན་བུམ་སྒྲུབ་དང་འབྲེལ་བའི་ལུགས། སྒྲུབ་ཆེན་ཁ་རྐྱང་དང་གསུམ་མོ། །སྒྲུབ་ཆེན་དབང་དང་འབྲེལ་ན་སྤྱིར་སྒྲུབ་ཆེན་ནས་གསུངས་པ་ལས། སྒྲུབ་ཆེན་དབང་བུམ། གཉིས་གབ་སྤྱད་ལ། སློབ་མ་སྟ་གོན་བྱས་དངོས་གཞི་སྒྲུབ་ཆེན་དང་བཅས་པ་ཞག་བདུན་སོགས་བྱས་ན་


CMR014_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་སྒྲུབ་ཆེན་དབང་གི་སྐབས་སུ་དབང་ཆེན་པོ་བསྐུར། དེ་ཡང་སློབ་མ་སྣོད་ལྡན་ཡོད་ན་མཆོག་དབང་གསུམ་དམ་ཅན་བཀའ་གཏད་ཡན་བྱས། རྗེས་སྒྲུབ་ཆེན་ལྟར་རོ། །སྒྲུབ་ཆེན་ཁ་རྐྱང་དབང་མི་བསྐུར་ན་སྒྲུབ་ཆེན་གཞུང་ལྟར་ལས་ཐོག་མར་སློབ་མ་སྟ་གོན་མི་དགོས། རྗེས་ནས་སྒྲུབ་ཆེན་གྱི་སྐུ་གསུང་ཐུགས་དབང་དང་ཚེ་དབང་གཉིས་མ་གཏོགས་དབང་ཆེ་ཆུང་གང་ཡང་མི་བསྐུར་བ་ནི་ཁྱད་པར་རོ། །འདི་ནི་རང་དོན་དུ་སྒྲུབ་ཆེན་བྱ་བ་ཡིན་ལ་དབང་དང་འབྲེལ་ན་སློབ་མའི་དོན་དུ་སྒྲུབ་ཆེན་བྱེད་པའོ། །སྒྲུབ་ཆེན་གཉིས་པོ་དེ་ལ་སྒྲུབ་པའི་གཞུང་ལས་བྱང་ཡིན། དམིགས་པ་ལས་བྱང་འཛབ་དགོངས་གཙོ་ཆེ་སྔགས་ཀྱང་གཙོ་འབུམ་འཁོར་ཁྲི་བཞི་འགྱུར་རམ། རབ་ཡིག་བདུན་ལ་བདུན་འབུམ་ཉི་ཁྲི། རིགས་བདག་ལ་བཞི་ཁྲི། རིགས་ལྔ་ཡབ་ཡུམ་ལ་བཞི་ཁྲི། སེམས་དཔའ་ཐུབ་དྲུག་སོགས་ལ་ཁྲི་རེ་ཙམ་བྱ། སྐབས་སུ་ནི་འཛབ་དགོངས་ཀྱི་ཡིག་བདུན་དམིགས་པ་ལ་སྦྱར་ཏེ། ཡིག་དྲུག་ཡིག་བཅུའི་དམིགས་པ་ནི་མི་སྦྱར། དགོང་མོ་དྲེགས་པ་ཚར་གཅོད་སྔགས་དམིགས་ཕྲེང་སྐོར་རེ་ཟུང་སྦྱར་རོ། །རྗེས་ཐམས་ཅད་སྒྲུབ་ཆེན་གྱི་རྗེས་ཀྱི་ལས་ཁྲིགས་དང་ལས་བྱང་གི་རྗེས་


CMR014_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གབ་སྤྱད་དོ། །རིལ་བུ་བུམ་སྒྲུབ་དང་སྒྲུབ་ཆེན་སྦྲེལ་བའི་ལུགས་ལ། དབང་རྒྱས་པར་མི་བསྐུར་བའི་ཕྱིར་སློབ་མ་སྟ་གོན་མི་དགོས། གཞན་སྒྲུབ་ཆེན་གྱི་སྟ་གོན་ཐམས་ཅད་བྱ་སྟེ་སྒྲུབ་ཆེན་སྐྱེས་མ་ལ་དཀྱིལ་འཁོར་གྱི་སྟེང་དུ་གསང་འདུས་ཀྱི་གསེར་སྐུའམ་དེར་སྐུ་བཞུགས་དགོས་ལ། སྒྲུབ་ཆེན་དབང་དང་འབྲེལ་ན་དཀྱིལ་འཁོར་བུམ་པའི་མཐར་ལྷ་གྲངས་ཀྱི་དབང་ཙཀ་བཀོད་པའམ་བཞུགས་དགོས་ཤིང་། སྒྲུབ་ཆེན་བུམ་སྒྲུབ་དང་འབྲེལ་ཚེ་བུམ་པའི་ཁ་ཚང་ལ་ལྷ་གྲངས་ཀྱི་ཙཀ་ལི་བཀོད་གསུངས་པས། ཕྱག་ལེན་ལ་ཙཀ་ལི་དར་གདུགས་སྟེང་ན་ཕུབ་བོ། །དེ་མ་འཛོམས་ན་ཐབས་ཆག་པ་མིན་པས་གཙོ་བོ་དང་རིགས་བདག །ནོར་འཛིན་གསང་འཛིན། རྟ་མགྲིན་དུས་གསུམ་སངས་རྒྱས་ཙམ་བཙུགས་ཀྱང་རུང་ཙམ་ཡིན་ནོ། །སྒྲུབ་པ་དངོས་ནི་ལས་བྱང་གི་གཞུང་བཟུང་། ལས་བྱང་གཙོ་བོའི་ལྷ་བསྐྱེད་རིགས་བདག་གཉིས་སྐྱུར་ལ། བུམ་སྒྲུབ་ཚིགས་བཅད་མའི་གཙོ་བོའི་ལྷ་བསྐྱེད་དེ་སྦྱར། དེའི་འཕྲོས་ལས་བྱང་གཞུང་ལྟར་འདོན། འཛབ་དགོངས་ལས་བྱང་གི་དེ་འདོན། སྔགས་རྣམས་གསུམ་མམ་ལྔ་བདུན་གང་འགྲུབ་སྔགས་མཆོད་ཚུལ་དུ་འདོན། དེ་ནས་བུམ་སྒྲུབ་ཚིག་ལྷུག་


CMR014_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་དམིགས་པ་བསྒོམ། དམིགས་པ་དེ་སྔ་དྲོ་ཐུན་པ་ལ་ཐུན་དཔོན་གྱིས་སྤྱད། འཛབ་དགོངས་ནང་གི་ཡང་གསང་ཡིག་བདུན་གྱི་དམིགས་པ་ཡང་བྱའོ། །དགོང་མོ་དྲེགས་པ་ཚར་གཅོད་དམིགས་པ་ཐུན་པ་རྣམས་ལ་སྤྲད་ནས། ཧཱུཾ་ཧཱུཾཕཊ་སྦྱར་བ་བརྒྱའམ་སུམ་བརྒྱའམ་རྩུབ་པ་རྐྱེན་ཆག་ཆེ་ན་སྟོང་ཙམ་དྲག་ཏུ་བཟླའོ། །དེ་ལྟར་སྒྲུབ་ཆེན་ཐམས་ཅད་ལ་ལས་བྱང་དུས་དྲུག་གམ། ཡོངས་གྲགས་ཐུན་བཞི་སྟེ་སྔ་དྲོ་ཉིན་གུང་དགོང་མོ་སྲོད་དང་བཞིར་བཏང་། དགོང་མོ་ལས་བྱང་ལ་རང་གི་གཏོར་བསྔོས་གང་ཤེས་རྒྱས་པ་དང་། དམ་ཅན་སོགས་བཀའ་སྲུང་ཐམས་ཅད་འདོན་ཚོགས་དང་ཆད་མདོ་བརྟན་སྐྱོང་བྱ། མི་མང་ན་གཞན་ཡི་དམ་གང་རུང་གི་བསྙེན་པ་ཐེམ་པ་ཞིག་གིས་ཉུལ་ལེ་ཐུན་དྲུག་གམ་བཞིར་སྤྱད༔ མི་ཉུང་ན་ཐུན་དཔོན་རང་གིས་ཐུན་མཚམས་སུ་བྱའོ། །དེ་ལྟར་བུམ་སྒྲུབ་སྟ་གོན་ཞག་གཅིག །དངོས་གཞི་ཞག་བདུན་སྔགས་རྒྱུན། རྗེས་ཞག་གཅིག་དང་དགུ་བས་ཉུང་ཐབས་མེད། བཅུ་བཞི་བྱེད་ན་བཅུ་དྲུག་ཐོག་གོ །ཉེར་གཅིག་བྱེད་ན་ཉེར་གསུམ་ཐོག་གོ །ཟླ་གཅིག་བྱེད་ན་སྔོན་འགྲོ་རྗེས་ཞག་གཉིས་རེ་སྟེ་བཞི་བྱའོ། །ཟླ་གཅིག་ཞག་བཞི་


CMR014_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་བཀའ་སྲུང་བསྐང་གསོ་གཟབ་པར་བྱ། རྗེས་ཀྱི་བྱ་བ་དངོས་གྲུབ་ཞུ་བ་དབང་བླང་བ་རྣམས་སྒྲུབ་ཆེན་གཞུང་ལྟར་སློབ་དཔོན་རང་གིས་བྱེད། དལ་བསྡུ་གཏེར་སྦ་མ་གཏོགས་རྫོགས་པར་བྱས་ལ། དེ་ནས་ཁྲོ་བོ་ཆེན་པོ་བསྡུས་ལ་དབང་བུམ་གྱི་སློབ་མ་ཁྲུས་ནས་དབྱུང་བ་སོགས་འཇུག་ཆོག་ཁག །མཚམས་གཅོད། སྐྱབས་སེམས་གསོལ་གདབ་དབང་བུམ་ལྟར་བྱིན་འབེབས་གཏོར་དབང་ནས་སབ། དེ་ནས་ཁྲོམ་ལ་རིལ་བུ་བུམ་པ་དེ་ཤིང་ཁྲི་བཅིངས་ལ་ལེགས་པར་བསྡམས་ལ་གྲྭ་པ་བཞིས་ཁྱེར། དར་ཐག་ནས་སློབ་དཔོན་གྱིས་བཟུང་ལ་ཁྲོམ་རྣམས་ཀྱི་མགོ་ཐོག་འགྲིམ། དེ་ནས་སྒྲུབ་ཆེན་ལྟར་ཚིག་འགྲེས་བཤངས་ལ་སྐུ་གཏོར་མ་ལ་བཙུགས་པ་སྤྱི་བོ། ཡིག་བདུན་མགྲིན་པ། མེ་ལོང་སྙིང་ག །རྨ་བྱའི་མདོངས་ལྟེ་བར་འགྲིམ་ཞིང་དབང་སྐུར། རིལ་བུ་གསུམ་མམ་རེ་རེ་སྦྱིན་ལ་བུམ་ཆུས་ཕུལ་བཅུག་གོ །གསང་འདུས་གསང་སྒྲུབ། མངོན་རྟོགས་ལུང་ཟིན་ཡིག་བདུན་ཁས་ལེན་བྱེད་བཅུག་ལ། འོ་ད་ཕྱིན་ཆད་ཐུགས་རྗེ་ཆེན་པོའི་སྐུར་བསྒོམ། སྙིང་པོ་ཡི་གེ་དྲུག་པ་བཟླའོ། །ཕྱིན་ཆད་སྡིག་པ་སྤངས་བར་བྱེད་ན། སྔར་སྡིག་པ་ཆེ་ཡང་ངན་སོང་དུ་མི་འགྲོ་ཨོ་རྒྱན་


CMR014_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བཀའ་ཡིན་ནོ། །ཞེས་སོགས་སྐྱེ་བདུན་ལོ་རྒྱུས་ཕན་ཡོན་བཤད་དོ། །གཏེར་སྦ་བ་བཀྲ་ཤིས་སོགས་སྒྲུབ་ཆེན་ལྟར་རྒྱས་པར་བྱའོ། །དེ་ནས་བུམ་སྒྲུབ་ཡུན་ཐུང་ངུར་འཇུག་ལགས་སོ། །དེ་ལྟར་སྒྲུབ་ཆེན་ཡུན་ཐུང་ངུར་རས་བྲིས་ལ་བརྟེན་པའི་ཕྱིར་དང་། ས་སྟེགས་མ་འགྲུབ་སྒོ་ཁྲི་དང་གདན་བརྩེགས་པ་སོགས་ལ་ས་མི་བརྐོ་བས་ལྟོ་འཕྱེ་དང་ས་བརྟག་པ་སོགས་མི་དགོས་སོ། །སྒྲུབ་ཆེན་ཟིན་བྲིས་བསྡུས་པ་ཨ་རཱ་གས་སོ།། །།མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR014_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཕྱི་ནང་གསང་གསུམ་སྒྲུབ་ཆེན་བུམ་སྒྲུབ་སོགས་ཀྱི་ཟིན་བྲིས།next