Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བུམ་སྒྲུབ་ཀྱི་ཕན་ཡོན་རྒྱས་བཤད།
   
   
   
   
   
   
   
   
   
   
   
   
   
   
   


 
previousབུམ་སྒྲུབ་ཀྱི་ཕན་ཡོན་རྒྱས་བཤད།next

བུམ་སྒྲུབ་ཀྱི་ཕན་ཡོན་རྒྱས་བཤད།


CMR014_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་སྒྲུབ་ཀྱི་ཕན་ཡོན་རྒྱས་བཤད་བཞུགས་སོ། །སྤྱན་རས་གཟིགས་ཀྱི་རིགས་གང་སྒྲུབ་ཀྱང་ཁྱད་མེད། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་ཡིད་ཆེས་བཅས་གཟིགས་མཛོད་མཆན་བུའོ།།


CMR014_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རིས་གཟིགས་ཀྱི་རྩ་རྒྱུད་པདྨ་དྲ་བ་ལས། འཇིག་རྟེན་མགོན་པོ་སྤྱན་རས་གཟིགས། །དཀྱིལ་འཁོར་ཆེན་པོའི་ཚོགས་འདི་རྣམས། །གང་གིས་ཡིད་ལ་བྱེད་པའམ། །ཡང་ན་ཅི་ཙམ་དྲན་ཡང་རུང་། །སྐལ་ལྡན་རིགས་ཀྱི་བུ་དེ་ནི། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྲས་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཤེས། །རིགས་ཀྱི་ལྷ་མོ་རྣམས་ཀྱི་ཡབ། །བྱིས་པ་རྣམས་ཀྱི་གཉེན་ཡིན་ནོ། །བདག་ཅག་རྣམས་ནི་དེ་ཡི་འབངས། །སྐྱེས་བུ་ཁྱུ་མཆོག་ཆེན་པོ་སྟེ། །བསོད་ནམས་ཀྱི་ནི་གཏེར་ལྡན་ཞིང་། །དེ་ཡི་ཚུལ་ཁྲིམས་རལ་བ་སོགས། །མི་དེ་སྐྱེ་བོ་དོན་


CMR014_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ལྡན། །ལྷ་རྣམས་དག་ནས་སྤྱི་གསེབ་ཏུ། །ཡེ་ཤེས་འོད་ཟེར་བདུད་རྩི་འཛུད། །འཇིག་རྟེན་འདི་ཡཾ། གདོན་རྣམས་ཇི་སྙེད་ཡོད་པ་རྣམས། །རིག་སྔགས་བྱད་སྟེམས་མ་ལུས་པས། །དེ་ལ་ཚུགས་པར་མི་འགྱུར་རོ། །ཆོ་ག་བཞིན་དུ་སྤྱད་པ་ཡིས། ཚངས་པའི་ཚེ་ཚད་གནས་ནས་ཀྱང་། །ཤི་བ་སེམས་དམྱལ་མེད་པར་ནི། །གནས་འཕོའི་ཚུལ་གྱིས་མཐོ་རིས་འཇུག །རྒྱལ་བའི་ཞིང་དུ་གཤེགས་ནས་ཀྱང་། །རྒྱལ་བ་རྣམས་ལ་ཆོས་ཉན་ཅིང་། །རྒྱལ་སྲས་རྣམས་ལ་སྟབས་གཅིག་ཏུ། །སྟོབས་དང་མི་འཇིགས་པ་བརྙེས་ཏེ། །མཚན་དང་དཔེ་


CMR014_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ལྡན་གྱུར་ནས། །སྐད་ཅིག་གློག་འགྱུ་ཇི་བཞིན་དུ། །འགྲོ་བ་མ་ལུས་དག་བྱེད་ཅིང་། །ཞིང་རྣམས་མ་ལུས་དག་པར་བྱེད། །ཅེས་ཡེ་ཤེས་ཁྲོ་བོ་ཐམས་ཅད་ཀྱིས་སྤྱན་རས་གཟིགས་ལ་ཞུས་སོ། །དེ་ནས་སྤྱན་རས་གཟིགས་ཀྱི་ཞལ་ནས།——མགོན་པོ་སྤྱན་རས་གཟིགས་དབང་གིས། །སྔགས་དང་བརྗོད་པ་ཙམ་ལ་ཡང་། །གཤིས་ངན་འཆི་བ་བཅོ་ལྔ་མེད། །སྐྱེ་བཟང་བཅོ་ལྔ་འཐོབ་པར་འགྱུར། །མུ་གེ་རྒྱལ་པོའི་ཆད་པ་དང་། །དུག་དང་མཚོན་དང་གཡུལ་འགྱེད་དང་། །སྟག་སོགས་སྦྲུལ་སོགས་སོ་ཅན་དུག །དུག་ཅན་ཟས་དང་མེ་ཆུས་འཆི། །སྲོག་ཆགས་བདུན་དང་ཉལ་ཉེས་དང་། །གཡོ་བྱེད་དང་ནི་ལྷ་འདྲེས་གཙེས། །གསོར་མི་རུང་དང་བདག་ལྕེབ་རྣམས། །དེ་ལ་ནམ་ཡང་མི་འཇིགས་སོ། །རྒྱལ་པོ་ཆོས་ལྡན་ཡུལ་སྐྱེ་ཞིང་། །འཕགས་པ་བཞུགས་དང་དུས་བཟང་ཡུལ། །གཉེན་བཤེས་བཟང་དང་དབང་པོ་ཚང་། །དགེ་ལ་དགའ་དང་ཚུལ་ཁྲིམས་ལྡན། །བྲན་འཁོར་བཟང་ཞིང་ནོར་མང་རྟགས། །གཞན་གྱི་ཞིང་དགོས་འདོད་ལ་སྦྱོར། །སེམས་བདེ་འཇིག་རྟེན་སྐྱོང་བས་སྲུང་། །སངས་རྒྱས་ཞལ་མཐོང་དོན་བཟང་རྟགས། །གཞན་ཡང་དམན་ལ་


CMR014_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་བསྐྱེད། །སྙིང་རྗེའི་མཆི་མ་འཁྲུགས་པ་དང་། །ཡོན་ཏན་དྲན་ནས་སྤྲོ་བ་དང་། །དཀོན་མཆོག་གསུམ་ལ་དད་པ་དང་། །ཕུལ་དུ་བྱུང་བའི་བློ་ཡི་འཕེལ། །ཚུལ་བཞིན་མ་ཡིན་ཡིད་བྲལ་དང་། །བཀའ་ལུང་དད་དམ་སྣོད་སྡེ་སྣོད། །ཡང་ནས་ཡང་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་དང་། དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བའི་མདོ་ལས། སྤྱན་རས་གཟིགས་ཀྱིས་དབང་ཕྱུག་སྤྱོད་པ་ཉོན། །བསྐལ་པ་བསམ་ཡས་བྱེ་བ་དུ་མ་བརྒྱར། །སངས་རྒྱས་སྟོང་ཕྲག་བྱེ་བ་མང་པོ་ལ། །སྨོན་ལམ་ཇི་བཞིན་རབ་ཏུ་རྣམ་པར་སྦྱངས། དེ་དག་བདག་གིས་བཤད་ཀྱིས་རབ་ཏུ་ཉོན། །ཉན་པར་བྱེད་ཅིང་བལྟ་བར་བྱེད་པ་དང་། །རིམ་གྱིས་དེ་ལྟར་རྗེས་སུ་དྲན་པ་ཡང་། །སྲོག་ཆགས་རྣམས་ནི་འབྲས་བུ་ཡོད་པར་འགྱུར། །སྡུག་བསྔལ་ཟློས་པའི་མྱ་ངན་ཐམས་ཅད་སེལ། །གལ་ཏེ་གསོད་པས་མེ་ཡི་ནང་དུ་ཡང་། །བསད་པར་བྱ་བའི་ཕྱིར་ནི་བོར་བའི་མིས། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཆུ་རླབས་བཞིན་དུ་མེ་དུག་ཞི་བར་འགྱུར། །རྒྱ་མཚོ་དང་ནི་མྱ་ངན་བསྒལ་ན་ཡང་། །ཀླུ་དང་འབྱུང་པོ་ལྷ་མ་ཡིན་གནས་སུ། །སྤྱན་རས་གཟིགས་


CMR014_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་པོ་དྲན་ན་ནི། །ཆུ་ཡི་ནང་དུ་ནམ་ཡང་མི་ནུབ་བོ། །རབ་ཏུ་སྡང་བའི་ཡིད་ཀྱིས་བསད་པའི་ཕྱིར། །རི་རབ་ལྷུན་པོའི་རྩེ་ནས་བོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། ཉི་མ་ལྟ་བུར་ནམ་མཁར་གནས་པ་ར་འགྱུར། །གལ་ཏེ་རྡོ་རྗེ་དག་གི་རིགས་དག་ཀྱང་། །བསད་པའི་ཕྱིར་ནས་སྤྱི་བོར་འོང་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །བ་སྤུའི་ཁུང་ཙམ་གཅེས་བར་མི་ནུས་སོ། །གལ་ཏེ་མང་པོ་དག་གིས་ཡོངས་བསྐོར་ཏེ། །བསད་པའི་སེམས་ཀྱིས་ལག་ན་མཚོན་ཐོགས་ན། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་མ་ཐག་ཏུ་བྱམས་པའི་སེམས་སུ་གྱུར། །གལ་ཏེ་གནོད་པ་ཉེ་བར་འོང་ནས་སུ། །གཤེད་མའི་དབང་དུ་གྱུར་པའི་ཚེ་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། དེ་ཡི་མཚོན་ཆ་དུམ་བུ་དུམ་བུར་འགྱུར། །དེ་སྟེ་ཤིང་ངམ་ལྕགས་ལས་བྱས་པ་ཡི། །ཁོང་སྒྲིབ་དང་ནི་གདོན་གྱི་བཅིངས་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཤིན་ཏུ་མྱུར་བར་གདུག་པ་དེ་ནི་མེད་པར་འགྱུར། །བཟང་པོའི་གློག་ཀྱང་འབྱུང་ཞིང་སྡུག་པ་ཡི། །སྤྲིན་ལས་ལྕེ་ལས་སེར་བ་ཆར་བབ་པ། །སྤྱན་རས་གཟིགས་ཀྱི་དབང་པོ་


CMR014_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ན་ནི། །དེ་མ་ཐག་ཏུ་རབ་ཏུ་མྱུར་བར་ཞི། །སྡུག་བསྔལ་མང་པོའི་བརྒྱའི་གཅེས་པ་རྣམས། །སྡུག་བསྔལ་མང་པོའི་གཅེས་པའི་སེམས་ཅན་མཐོང་། །ཡེ་ཤེས་དགེ་བའི་སྟོབས་ཀྱིས་སྤྱན་རས་གཟིགས། །དེ་བས་ལྷར་བཅས་འགྲོ་བའི་སྐྱོབ་པ་སུ། །རྫུ་འཕྲུལ་སྟོབས་ཀྱིས་ཕ་རོལ་སོན་པ་སྟེ། །ཅེས་སོགས་ནས། ་འཇིགས་ཆེན་གཡུལ་ངོར་སྐྱེས་བུ་སོང་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་མ་ཐག་ཏུ་དགྲ་རྣམས་རབ་ཏུ་ཞི། །ཞེས་སོགས་ནས། དག་པའི་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཐེ་ཚོམ་མེད་པར་དྲན་བྱོས་དྲན་པར་གྱིས། །འཆི་བའི་ཚེ་ན་ཉོན་མོངས་གཙེས་པའི་ཚེ། །མགོན་དང་སྐྱབས་དང་དཔུང་གཉེན་དག་ཏུ་འགྱུར། །ཞེས་གསུངས་པ་དང་། ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལས། སྤྱན་རས་གཟིགས་ཀྱི་མཚན་ནས་བརྗོད་ན་ཡང་། །སྡིག་སྒྲིབ་གྲངས་མེད་འབྱོང་ཞིང་། བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། འདི་ནས་འཆི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། མཚན་རབ་ཡོངས་སུ་བསྟན་པའི་མདོ་ལས། ང་ནི་ཐུགས་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་སྡུད་ཅིང་སྡུག་བསྔལ་ལས་སྐྱོབ་


CMR014_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། ང་ཡི་མིང་དྲན་པར་འགྱུར་ན་ཕ་རོལ་གྱིས་མདའ་འཕངས་ཀྱང་ཟུག་པར་མི་འགྱུར། མཚོན་རྣོན་པོའི་བཏབ་ཀྱང་ཆོད་པར་མི་འགྱུར། གྲགས་པ་ཆེ་ཞིང་རིགས་རྒྱུད་འཕེལ་བར་འགྱུར་རོ། །ཟས་ནོར་གྱིས་འཕོང་ཤིང་ལོངས་སྤྱོད་རྒྱས་པར་འགྱུར་རོ། །ང་ཡི་མིང་དྲན་པས་སུས་ཀྱང་ཐུབ་པར་མི་འགྱུར། འབྲོག་དགོན་པའི་ནག་ཁྲོད་དུ་སོང་ན་ཡང་སེངྒེ་དང་སྟག་གཟིག་དང་གཡག་རྒོད་སྦྲུལ་དུག་དང་བ་གཅན་གཟན་རྣམས་ཀྱིས་མི་གཡེངས། ང་ཡི་མིང་དྲན་པ་ཙམ་གྱིས་བགེགས་ཐམས་ཅད་འབྲོས་པར་འགྱུར། མེ་དཔུང་འབར་བའི་ནང་དུ་བོར་ན་ཡང་། ང་ཡི་མིང་དྲན་པ་ཙམ་གྱིས་པདྨས་གང་བའི་རྫིང་བུར་འགྱུར། ང་ཡི་མིང་དྲན་པ་ཙམ་གྱིས་ཆུས་མི་བྱིང་། ཆུས་མི་འཁྱེར། མེས་མི་འཚིག །གང་གི་ངའི་མིང་དྲན་པར་བྱེད་པ་མཐོང་བ་ཙམ་གྱིས་གཞན་དག་མོས་པར་འགྱུར། དགྲས་ཟིལ་གྱིས་མི་ནོན། མིག་གིས་མི་ཚུགས། ང་ཡི་མིང་ཐོས་ནས་དྲན་པར་བྱེད་ན། དེ་དག་ལྷ་དང་ཀླུ་དང་གནོད་སྦྱིན་དང་གྲུལ་བུམ་དང་སྲིན་པོ་དང་ཤ་ཟ་དང་ཡི་དྭགས་རྣམས་ཀྱིས་མདངས་འཕྲོག་པར་མི་ནུས་སོ། །ཕ་རོལ་སྔགས་ཀྱི་ཚུགས་པར་མི་འགྱུར་རོ། །ཞེས་གསུངས་པ་དང་། མདོ་སྡེ་ཟ་མ་


CMR014_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཀོད་པ་ལས། ཤཱཀྱ་ཐུབ་པས་བཀའ་སྩལ་པ། གང་གི་འཕགས་པ་སྤྱན་རས་གཟིགས་ཀྱིས་མིང་དྲན་པ་དེ་དག་ནི། བདེ་བ་དང་ལྡན་པ་ལགས་སོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བ་ལགས་སོ། །བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་སྣང་བ་མཐའ་ཡས་ལ་ཆོས་ཉན་པར་འགྱུར་རོ། །དེ་དག་གི་རྒྱུད་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་ཞིང་། རྒྱུད་ལ་ཉོན་མོངས་པ་དང་བཀྲེས་པ་དང་སྐོམ་པ་དང་འཕོང་བའི་སྡུག་བསྔལ་མི་འབྱུང་། མངལ་ན་གནས་པའི་སྡུག་བསྔལ་མི་འབྱུང་། ཆོས་ཀྱི་རོ་བསྐྱེད་པ་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡི་དམ་བརྟན་པོར་མཛད་པ་དེ་སངས་རྒྱས་ཀྱི་ཞིང་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་པ་དང་། ཟ་མ་ཏོག་བཀོད་པ་ལས། སྔོན་སངས་རྒྱས་གཙུག་ལྡན་ལ་ཐུབ་པས་གསན་པ། གང་གི་འཇིག་རྟེན་ཁམས་ན་སྤྱན་རས་གཟིགས་ཀྱི་དབང་པོའི་མིང་དྲན་པ་དེས་བསོད་ནམས་ཀྱི་ཚད་ནི་བསྒྲངས་བོར་མི་ནུས་སོ། །དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒས་པ་དང་ན་བ་དང་འཆི་བ་དང་སྡུག་བསྔལ་ལས་ཡོངས་སུ་


CMR014_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བ་ཡིན་ནོ། །དེ་དག་འཁོར་བའི་ཐ་མ་གཞན་མེད་པའི་སྡུག་བསྔལ་བར་མི་འགྱུར་རོ། །དེ་དག་ནི་གོས་དཀར་པོ་སྐྱ་བོ་བཞིན་དུ་བྱ་ངང་པའི་རྒྱལ་པོ་བཞིན་དུ་འགྲོགས་པ་དང་། །རླུང་གི་ཤུགས་ཀྱིས་འདེད་བཞིན་དུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལ་ཆོས་མངོན་སུམ་དུ་ཉིན་ཕྱིར་འགྲོའོ། །ཐོས་ནས་ཀྱང་དེ་དག་གི་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་། འདོད་ཆགས་ཞེ་སྡང་དང་གཏི་མུག་མི་འབྱུང་། རྒས་པ་དང་ཤི་བར་མི་འགྱུར། དེ་དག་གི་ལུས་ལ་བཀྲེས་པར་མི་འགྱུར། མངལ་ན་གནས་པའི་སྡུག་བསྔལ་ཤེས་པར་མི་འགྱུར་ཏེ། ཆོས་རོས་སྤྱོད་ནས། དེ་ཉིད་པདྨའི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་པོའི་ཡི་དམ་བརྟན་པོ་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཐར་པ་ལ་གཞོག་གིས་བར་དུ་འཇིག་རྟེན་གྱི་ཁམས་དེ་ན་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་གསུངས་སོ། །དེ་དག་སྤྱན་རས་གཟིགས་ཡིད་ལ་དྲན་ཞིང་བསྒོམ་པའི་ཕན་ཡོན་ཡིན་ཅིང་། བུམ་སྒྲུབ་འདིས་ཐུགས་རྗེ་ཆེན་པོ་ལ་མཆོད་པ་འབུལ་བའི་གཏོར་མཆོད་འདི་དག་ཕན་ཡོན་ནི། ཟ་མ་ཏོག་བཀོད་


CMR014_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་སྡེ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ། དུས་བསྐལ་པར་ལྷ་ཡི་ན་བཟའ་དང་། བ་དན་དང་ན་བའི་རྐྱེན་སྨན་དང་། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ན་གང་དེ་བཞིན་གཤེགས་པ་རྣམས་ལ་བསོད་ནམས་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་བས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་འཔགས་པ་སྤྱན་རས་གཟིགས་ལ་མཆོད་པའི་བ་སྤུའི་རྩེ་ལ་གནས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གླིང་བཞི་པའི་རི་རབ་དང་བཅས་པའི་རྡུལ་ཕྲ་རབ་སྙེད་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལྷའི་གསེར་རིན་པོ་ཆེ་ལས་བྱས་ཏེ། ཉིན་རེ་བཞིན་དུ་རིང་བསྲེལ་གྱི་མཆོད་རྟེན་གྱི་ནང་དུ་ཞུགས་སུ་གསོལ་ན་མཆོད་པ་བྱས་ན། བསོད་ནམས་ཀྱི་ཕུང་པོ་དེའི་ཚད་ནི་བསྒང་བར་ནུས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པའི་བསོད་ནམས་ཀྱི་ཚད་ནི་བསྒང་བར་མི་ནུས་སོ། །ཞེས་གསུངས་པས། གསང་འདུས་རྒྱུད་ལས། ཕྱི་ལྟར་བཟླས་པའི་ཡི་གེ་དྲུག །སྙན་


CMR014_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་རྨ་བྱའི་མགྲིན་ལྟར་བཟླས། ཨོཾ་མ་ཎི་པདྨེ་ཧཱུྃ༔ མདོ་ཡི་ལུགས་སུ་ཤེས་པར་བྱ། ཞེས་གསུངས་པས། གསང་འདུས་མདོ་ལུགས་སུ་ཡི་གེ་དྲུག་འདོན་ཐབས་ཡོད་ཅིང་། ཡིག་བདུན་ལ་ཡང་ཡིག་དྲུག་ཚང་བས། བུམ་སྒྲུབ་ལ་ཡིག་དྲུག་གི་ཕན་ཡོན་ཡོད་པར་སོ་བཞག་ཡིན་པས། དེ་ཡི་ཕན་ཡོན་ཐོ་ཙམ་བཤད་ན། ཡི་གེ་དྲུག་པའི་མདོ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཕགས་པ་ཡི་གེ་དྲུག་པ་ཤེས་རབ་ཀྱི་རམ་འབུ་འདི་ཡིད་ལ་བྱས་ནས་རིགས་སྔགས་འདི་བཟླས་བརྗོད་བྱས་ན། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །གདོན་གྱིས་མི་ཚུགས་པར་འགྱུར། དེ་དག་ཐམས་ཅད་ཞི་བར་འགྱུར། མཚམས་མ་མཆིས་པའི་སྡིག་པ་བྱང་བར་འགྱུར། ཚེ་རིང་ཞིང་ལོངས་སྤྱོད་འཕེལ་བར་འགྱུར་། ནད་གདོན་ཐམས་ཅད་ལས་ཐར་བར་འགྱུར། འཕགས་པ་ཡི་གེ་དྲུག་པའི་རིག་སྔགས་འདི། སྲུང་བ་དང་། ཡོངས་སུ་སྐྱོང་བ་ཡོངས་སུ་བཟུང་བ་དང་། ཡོངས་སུ་སྐྱབས་པ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་རོ། །ཞེས་དང་། མཚན་བརྒྱ་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་


CMR014_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་བརྗོད་བྱས་ན་ངན་སོང་གསུམ་དུ་མི་སྐྱེ། མནར་མེད་པར་མི་འགྲོའོ། །སུ་ཞིག་ནང་པར་ལངས་ནས་བཟླས་སམ། འདོན་ཏམ་བཟླས་བརྗོད་བྱས་ན། དེའི་ལུས་ལ་མཛེ་དང་ཤུ་བ་དང་གཡེན་པ་དང་། འབྲས་དང་། བལ་ལྡག་དང་། གློ་བ་ན་བ་དང་། དབུགས་མི་བདེ་བ་དང་། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྐྱེས་སོ་ལྕོགས་ཏུ་སྐྱེ་བ་དྲན་པར་འགྱུར་རོ། །འཆི་བའི་ཚེ་ན་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གར་སྐྱེས་གར་གནས་ཀྱང་འཕགས་པ་སྤྱན་རས་གཟིགས་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གཙུག་ལགས་ཐམས་ཅད་མཁས་པར་འགྱུར་རོ། །བསྟོད་པ་འདིས་བསྟོད་པ་བྱས་ན་སངས་རྒྱས་གངྒཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ལ་མཆོད་པར་འགྱུར་རོ། །ཞེས་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། སངས་རྒྱས་དམར་པོ་མཆོག་གི་བཀའ་སྩལ་པ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིགས་སྔགས་བཟླས་པར་བྱས་ན། སྤོབ་པ་མི་ཟད་


CMR014_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་རོ། །བྱམས་པ་ཆེན་པོའི་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཉི་མ་རེ་རེ་བཞིན་ཕ་རོལ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །རིག་འཛིན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པོར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཡི་གེ་དྲུག་པའི་རིགས་སྔགས་འདི་བརྗོད་ཅིང་རྟག་ཏུ་བཟླས་བརྗོད་ལ་བརྩོན་པ་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ། །དེ་དག་བཟླས་བརྗོད་བྱེད་པའི་ཚེ་སངས་རྒྱས་གང་གཱའི་ཀླུང་བྱེ་མ་སྙེད་དགུ་འདུ་བར་འགྱུར་རོ། །རིགས་ཀྱི་བུ་དེའི་བ་སྤུའི་ཁུང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་བཞུགས་སོ་། །བཞུགས་ནས་ཀྱང་རིགས་ཀྱི་བུ་ཁྱོད་ལ་འདི་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རྙེད་པར་འཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་རིགས་བདུན་ཐར་བར་བྱེད་པ་ཡིན་ནོ་ང་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་ལྟོ་བ་ན་སྲོག་ཆགས་གནས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ། །ལེགས་སོ་བྱ་བ་སྦྱིན་པར་འགྱུར་རོ། །ཞེས་དང་། ཟ་མ་


CMR014_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཀོད་པའི་མདོ་ལས། ཡུལ་འཁོར་འཇིགས་གིས་གྲོང་ཁྱེར་ཆོས་སྨྲ་བའི་གཤེས་གཉེན་གྱིས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལ་གསུངས་པ། ཆོས་གཞན་གྱི་རྣལ་འབྱོར་ནི་ཕུབ་མ་དང་འདྲའོ། །ཡི་གེ་དྲུག་པའི་རྣལ་འབྱོར་ནི་མཆོག་ཅེས་བྱ་སྟེ། མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །རིགས་ཀྱི་བུ་ཡིག་གེ་དྲུག་པ་ལན་གཅིག་བཟླས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ལ་ལ་ཞིག་གིས་ཡི་གེ་དྲུག་པ་ཡི་དམ་དུ་བྱེད་ཅིང་འཛིན་པ་དེའི་ལུས་ལ་རེག་ན་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །ཡི་གེ་དྲུག་པ་མིང་གཅིག་བཟུང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་མཉེས་པ་བྱས་པར་འགྱུར་རོ། །ཞེས་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། རྣལ་འབྱོར་པ་གཞན་རྣམས་ནི་འབྲས་ཀྱི་ཕུབ་མ་དང་འདྲའོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ནང་ནས་ཡི་གེ་དྲུག་པའི་རིགས་ཀྱི་རྒྱལ་པོ་འདི་ནི་འབྲས་ཀྱི་སྙིང་པོར་གྱུར་པའོ། །རིགས་ཀྱི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕརོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་


CMR014_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ལན་གཅིག་བཟླས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཡི་གེ་དྲུག་པ་ལན་གཅིག་བཟུང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་བཟའ་དང་བཤོས་དང་མལ་སྟན་དང་ན་བའི་རྐྱེན་སྨན་དང་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་པར་འགྱུར་རོ། །ཞེས་དང་། མདོ་སྡེ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ། གང་དག་ཕ་རོལ་གྱི་བུད་མེད་ལ་ཆགས་ནས་འདོད་ལོག་སྤྱོད་པ་དང་། སྲོག་གཅོད་པའི་ལས་དང་། ཕོ་མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མཆོད་རྟེན་བཤིགས་པ་དང་། གཙུགས་ལག་ཁང་བཤིགས་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མཚམས་མེད་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་། ཟ་མ་ཏོག་བཀོད་པའི་ཡི་གེ་དྲུག་མ་འདིས་རྩ་བ་ནས་དག་པར་བྱེད་དོ། །ཞེས་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། དེ་བཞིན་གཤེགས་པ་པདྨ་མཆོག་གིས་ཡི་གེ་དྲུག་པའི་རིགས་སྔགས་ཆེན་མོ་འདིའི་ཡོན་ཏན་བསྔགས་པ་


CMR014_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ངས་རྡུལ་ཕྲ་རབ་ཀྱི་ཚད་ནི་བསྒྲུང་བར་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིགས་སྔགས་ཆེན་མོ་འདི་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བསྒང་བར་མི་ནུས་སོ། །།རིགས་ཀྱི་རྒྱ་མཚོ་འཆིང་རྣམས་ཀྱི་བྱེ་མ་ནི་རེ་རེ་ནས་བསླང་བར་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་བསྒྲེང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་ཁྱིམ་དཔག་ཚད་བརྒྱ་ཐམ་པ་བྱས་ཏེ། འཕང་དུ་དཔག་ཚད་ལྔ་བརྒྱར་བྱས་ཏེ་ཏིལ་གྱི་འབྲས་བུས་ཡོངས་སུ་གང་བར་བྱས་ལ། དེ་ལ་ཁ་ཙམ་གྱིས་བུ་གང་ཡང་མེད་ལ་དེའི་སྒོར་སྐྱེས་བུ་མི་རྒས་མི་འཆི་བ་ཞིག་བཞག་སྟེ། དེས་བསྐལ་པ་བརྒྱ་འདས་ཤིང་། ཏིལ་གྱི་འབྲས་བུས་གཅིག་ཕྱིར་དོར་ཏེ། རྣམ་གྲངས་དེས་ཁྱིམས་གྱི་རྨིང་དང་། གཞི་ཡན་ཆད་ཟད་པར་འགྱུར་གྱིས། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་བསྒྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གླིང་བཞི་པ་རྣམས་ཀྱིས་ས་ཞིང་བྱས་ཏེ་ནས་


CMR014_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲོ་དང་འབྲས་དང་རྒྱ་སྲན་དང་བལ་སྲན་ལ་སོགས་པ་དང་། རྒྱ་ཤུག་དང་སྲན་ཆུང་ལ་སོགས་པ་རྣམ་པ་སྣ་ཚོགས་པ་བྱས་ཏེ། ཀླུའི་རྒྱལ་པོས་ཀྱང་དུས་སུ་ཆར་པའི་རྒྱུན་ལེགས་པར་ཕབ་ནས། འབྲས་བུ་དེ་དག་གྲུབ་པ་དང་། སྨིན་ཅིང་བརྗེས་ནས་འཛམ་བུའི་གླིང་གཡུལ་གཅིག་བྱས་ལ། ཤིང་རྟ་དང་། ཁུར་བ་དང་། བེམས་པོ་བསྐོན་སྟེབས་བཅས་སྟེ་གཡུལ་དེའི་ནང་དུ་བཅུག་ནས། བ་ལང་དང་བོང་བུ་དག་གིས་བཅག་སྟེ་ཕུང་པོར་བྱས་ཀྱང་། རིགས་ཀྱི་བུ་ངས་འབྲས་བུས་རེ་རེ་བསྒང་བར་ནུས་ཀྱིས། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་གཅིག་བཟླས་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཆུ་བོ་ཆེན་པོ་འཛམ་བུའི་གླིང་དུ་ཉིན་མཚན་འབབ་པ་འདི་ལྟ་སྟེ། སི་ཏ་དང་། གངྒཱ་དང་། ཡ་མུ་ན་དང་། སིནྡྷུ་དང་། པཀྵ་དང་། ཤ་ཏ་རུ་དང་། ཙནྡྲ་བ་ག་དང་། ཨའི་ར་ཏི་དང་། སུ་མ་ག་དང་། ཧི་མ་ཀ་ལ་དང་། ཀོ་ཏ་བ་རི་རྣམས་ཆུ་བོ་རེ་རེ་བཞིན་འཁོར་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། ཉིན་མཚན་དུ་རྒྱ་མཚོའི་འཆིང་རྣམས་སུ་འབབས་སོ། །རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་འདི་ལན་གཅིག་བཟླས་


CMR014_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་བཞིན་དུ་འཕེལ་ལོ། །དེ་ནས་ཆུ་བོ་ཆེན་པོ་དེ་དག་གི་ནི་ངས་ཐིག་པ་རེ་རེ་བགྲང་བར་ནུས་ཀྱིས་ཡི་གེ་དྲུག་མའི་རིག་སྔགས་ལན་གཅིག་བཟླས་པའི་བསོད་ནམས་བསྒྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་རྐང་བཞི་པའི་བ་གླང་དང་། བོང་བུ་དང་། མ་ཧེ་དང་། རྟ་དང་བ་གླང་དང་། ཁྱི་དངཝ་དང་ར་དང་ཕྱུགས་དེ་དག་དང་། དེ་བཞིན་ཏུ་སེངྒེ་དང་སྟག་དང་རྟ་རག་ཀླུ་དང་རི་དྭགས་དང་། སྤྲེའུ་དང་རི་བོང་དང་། ཕག་དང་བྱི་བ་ལ་སོགས་པའི་སེམས་ཅན་དེ་དག་གིས་སྤུ་རེ་རེ་ནས་བསྒྲང་བར་ནུས་ཀྱི། ཡི་གེ་དྲུག་པའི་རིག་སྔགས་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བསྒྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བའི་རི་ཡི་རྒྱལ་པོ་འཕངས་སུ་དཔག་ཚད་དགུ་ཁྲི་དགུ་སྟོང་ཡོད་པའི་ས་འོག་ཏུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དེ། རིའི་རྒྱལ་པོ་རྡོ་རྗེ་ལྕགས་ཀྱུ་དེའི་ངོས་རེ་རེ་ཞིང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ། རིའི་རྒྱལ་པོ་དེའི་ངོས་ལ་སྐྱེས་བུ་མི་རྒས་མི་འཆི་བ་ཞིག་ཡོད་ལ། དེ་བསྐལ་པ་གཅིག་འདས་ཤིང་ཡུལ་ཀ་ཤི་ཀ་ནས་བྱུང་བའི་གོས་ཀྱི་ལན་གཅིག་ཕྱིས་


CMR014_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་ལྟར་བྱས་ཀྱང་དེ་ཟད་ཅིང་དེང་པར་འགྱུར་གྱིས། ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་འདི་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བསྒྲུངས་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོའི་འཆིང་ནམ་ཆེན་པོ་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་། ཞིང་དུ་རྟ་རྒོད་མའི་གདོང་པའི་མཐའི་བར་དུ་དཔག་ཏུ་མེད་པ། ངས་སྐྲ་ཡི་རྩེ་མོ་བརྒྱར་འཆར་ཐིགས་པ་རེ་རེ་ནས་བསྒང་བར་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནས་ངས་བསྒྲང་བར་མི་ནུས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཤིང་ཤིར་ཤ་ཚལ་གྱི་ལོ་མ་ནི་ངས་རེ་རེ་བསྒྲུངས་བར་ནུས་ཀྱི། ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་འདིས་བསོད་ནམས་ཀྱི་ཕུང་པོ་ནི་བསྒྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གླིང་ཆེན་པོ་བཞི་ན་གནས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པར་འགྱུར་ན། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་དེ་བས་ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་འདི་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ཤིན་ཏུ་ཆེའོ། །རིགས་ཀྱི་


CMR014_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འདི་ལྟ་སྟེ་དཔེར་ན་ཟླ་བ་བཅུ་གཉིས་ལོའམ་ཟླ་བ་གཅིག་ལྷག་པར་བསྒྲུང་བའི་ཟླ་བ་བཅུ་གསུམ་གྱི་ལོ་ཚང་བར་འགྱུར་གྱི་བར་ཉིན་མཚན་དུ་ཆར་བབ་ན་རིགས་ཀྱི་བུ་ངས་ཐིག་པ་རེ་རེ་བསྒྲུང་བར་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་འདི་ལན་གཅིག་བཟླས་པའི་ཕན་ཡོན་ངས་བསྒྲང་བར་མི་ནུས་སོ། །དེ་ལྟེ་རིགས་ཀྱི་བུ་མང་དུ་བརྗོད་མི་དགོས་ཀྱིས་ང་དང་འདྲ་བའི་དེ་བཞིན་གཤེགས་པ་བྱེ་བ་གནས་གཅིག་ཏུ་ལྷའི་བསྐལ་བ་ན་བཟའ་དང་། བཤོས་དང་མལ་བསྟན་དང་། ན་བའི་རྐྱེན་གྱི་སྨན་གྱི་ཡོ་བྱད་ཀྱི་གནས་པར་བྱས་ཏེ། བསྙེན་བཀུར་ཐམས་ཅད་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ཡི་གེ་དྲུག་པའི་རིགས་སྔགས་ཆེན་མོའི་བསོད་ནམས་ཀྱི་ཕུང་པོ་བསྒྲང་བར་མི་ནུས་ན་ང་གཅིག་པུའི་འཇིག་རྟེན་གྱི་ཁམས་འདི་ན་གནས་པ་ལྟ་ཅི་སྨོས། ཅེས་གསུངས་སོ། །པདྨ་རྒྱལ་པོའི་རྒྱུད་ལས། ཨོཾ་མ་ཎི་པདྨེ་ཧཱུཾ། རྒྱ་མཚོ་ནང་གི་རིན་ཆེན་བཞིན་ལན་གཅིག་མོས་པས་བརྗོད་པ་ན་སེམས་ཅན་དམྱལ་བའི་ནད་ལས་ཐར། ལན་གཉིས་བརྗོད་པས་ཡི་དྭགས་སུ། འགྲོ་བའི་སྒོ་ཡང་འགགས་པར་འགྱུར། གསུམ་བརྗོད་དུད་འགྲོའི་སྒོ་ཡང་འགགས། འདོད་


CMR014_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་ལྔ་སྤྱོད་ཀྱང་། འདི་དང་མ་བྲལ་རྡུང་མར་གནས། བཟའ་དང་བཏུང་བའི་ལོངས་སྤྱོད་ཀྱང་། འདི་ཉིད་དྲན་པས་ཉེས་པ་མེད། བདུད་ཀྱི་བར་དུ་གཅོད་པ་ཀུན། །སྔགས་ཀྱི་རྒྱལ་པོ་བསྒྲངས་བས་ཞི། ཞེས་གསུངས་སོ། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས་ཐུགས་རྗེ་ཆེན་པོའི་མཐའ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཅེས་པའི་ཡི་གེ་དྲུག་པ་འདི་ལ་ཐུག་གོ །རང་དོན་སྒྲིབ་པ་སྦྱང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །གཞན་དོན་འགྲོ་དྲུག་གནས་སྦྱོངས་ཡི་གེ་དྲུག་པ་འདི་ཡིན་ནོ། །ཚེ་འདི་ལ་ཐུན་མོང་གི་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཕྱི་མ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅེས་པའི་ཡི་གེ་དྲུག་པ་འདི་ཟློས་ཤིག ། སྒྲུབས་ཅིག་སྒྲོངས་ཤིག་སྟོན་ཅིག་ཤོད་ཅིག །སྔ་མའི་སངས་རྒྱས་གྱི་གཤེགས་ཤུལ། ད་ལྟར་སངས་རྒྱས་ཀྱི་བསྟན་པ། ཕྱི་མའི་སངས་རྒྱས་ཀྱི་ལམ་ཡིན་ནོ། །ཞེས་དང་། མི་ཀུན་བསོད་ནམས་མར་འགྲིབ་པའི་དུས་ངན་པ་གཅིག་འོང་། དུས་དེ་ཙམ་ན་བདེ་སྐྱིད་འཛོམ་འདོད་ན། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་གསོལ་བ་ཐོབ་ཅིག་།ཞེས་དང་སྙིང་པོ་ཡི་


CMR014_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གེ་དྲུག་པ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་འདི་ཟློས་ཤིག །ཚེ་འདི་ཡི་དགོས་འདོད་བདེ་སྐྱིད་ཐམས་ཅད་འདི་ལས་འབྱུང་བས་རིན་པོ་ཆེ་ལ་གསོལ་བ་ཐེབས་པ་དང་འདྲའོ། །ཕྱི་མ་སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ་པ་ལ་གདོན་མི་ཟའོ། །ཚེ་འདི་ལ་ཡིད་གཉིས་དང་ཐེ་ཚོམ་མ་བྱེད་ཅིག །ཅེས་སྤྲུལ་པའི་རྒྱལ་པོའི་ཞལ་ཆེམས་སུ་བཞགས་སོ། །ཨུ་རྒྱན་རིན་པོ་ཆེས་དུས་ངན་སྙིགས་མ་འབྱུང་ཚུལ་ལུང་བསྟན་སྐབས། དེ་དུས་ལྷ་གོང་བྱིན་རླབས་ཆེ། ཆོས་བྱས་ན་འབྲས་བུ་ཡོད་དམ་མེད་ཞུས་པས། ལྷ་ཚོགས་བྱིན་རླབས་ཐུགས་རྗེ་ཆེན་པོ་ཆེ། དམ་ཆོས་བྱས་ན་འབྲས་བུ་དེ་དུས་ཆེ། ཞེས་གསུངས་སོ། །ཨུ་རྒྱན་རིན་པོ་ཆེས། མི་གང་དག་ནད་གདོན་གྱི་ཉེན་པ་ལ། འཇིག་རྟེན་རྐྱེན་ཟློག་རིམ་གྲོ་ཅི་བྱ་བ་བས། ཡི་གེ་དྲུག་པ་རྐྱེན་བཟློག་ཆེའོ། །སྨན་དཔྱད་རིམ་གྲོ་ཅི་བྱས་པས་ཡི་གེ་དྲུག་པ་སྟོབས་ཆེའོ། །ཡི་གེ་དྲུག་པའི་ཕན་ཡོན་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཅེས་ཀྱང་བརྗོད་པ་དང་། བསྒྲུང་བའི་ཚད་ལས་འདས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་འགྲོ་བ་རིགས་དྲུག་ལ་ཐུགས་རྗེ་རྒྱུན་ཆད་མེད་པར་གཟིགས་པའི་ཐུགས་རྗེ་ཡང་སྙིང་ཡིན་


CMR014_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པས། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་ཕྱིར་རོ། །དེས་ན་ཕྱི་རབས་རྗེས་འབྲངས་ཐམས་ཅད་ཐུགས་རྗེ་ཆེན་པོ་ཟུངས་ཤིག །ཡི་གེ་དྲུག་པ་ཟློས་ཤིག །ངན་སོང་དུ་འགྲོ་བའིདོགས་པ་མེད་དོ། །བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས་དད་གུས་མོས་པས་གསོལ་བ་ཐོབ་ཅིག །བྱིན་རླབས་དངོས་གྲུབ་འབྱུང་ངོ་ཡིད་གཉིས་ཐེ་ཚོམ་མ་བྱེད་ཅིག །ཆོས་འདི་ལས་ཟབ་པ་འབྱུང་བ་ནི་དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས་ཏེ། པདྨ་འབྱུང་གནས་བདག་གིས་ཀྱང་མ་གསུངས་མ་ཤེས་སོ། །ད་ལྟར་བཞུགས་དང་ཕྱི་རབས་འབྱོན་པ་ཡི། བོད་ཀྱི་རྗེ་འབངས་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག །ཅེས་ཞལ་ཆེམས་བཞགས་ནས་གཤེགས་སོ། །མ་གཅིག་ལབ་སྒྲོན་གྱི་ཞལ་ནས་ཀྱང། སྙིང་པོ་ཡི་གེ་དྲུག་པོ་ནི། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་མདོ་དོན། རྒྱུད་སྡེ་ཐམས་ཅད་ཀྱི་གཞི་མ། མདོ་སྔགས་གཉིས་ཀྱི་བཅུད་བསྡུས་པ། གསུང་རབ་རྒྱ་མཚོ་འདྲ་བ་རྣམས་ཀྱི་འོ་མ་ལྟར་བསྲུབ་པའི་སྙིང་པོ་མར་བྱུང་བ་ལྟ་བུའི་ཆོས་ཡིན་ནོ། །ནད་གདོན་བགེགས་རིགས་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པ་ནི། རྫས་ཀྱི་རྡོ་རྗེ་ཕ་ལམ་དང་འདྲ་ཞིང་། འདོད་


CMR014_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་རྣམས་མྱུར་དུ་འགྲུབ་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཡི་གེ་དྲུག་པ་ཞེས་སྲས་ལ་གདམ་པའོ། །དེ་ལྟར་ཕན་ཡོན་ཆེ་ཆོས་འདི་ལ་རྩིས་མེད་པ་སྐད་བྱེད་པ་ནི་དུས་ངན་པ་མཐར་ཐུགས་པའི་རྟགས་ཡིན་པར་གསུངས་ཏེ། སྙིགས་དུས་མ་ཎི་པདྨེ་ཆོས་སུ་མི་རྩི་བའི་དུས་ངན་འབྱུང་བར་ཨུ་རྒྱན་རིན་པོ་ཆེས་ལུང་བསྟན་ནོ། །རྒྱལ་པོ་སྲོང་བཙན་སྒམ་པོས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི་རྒན་པོ་དང་བྱིས་པའི་ཆོས་ཡིན་ཟེར་ནས་ཁྱད་གསོད་བྱེད་པ་འགའ་འོང་བས། དེ་རྣམས་བདུད་ངག་ལ་ཞུགས་པ་བྱ་བ་ཡིན་པས་ཕྱི་མ་གཏན་སྡུག་དམྱལ་བའི་དཀྱིལ་དུ་འགྲོ་བ་ཡིན་པས་ཐུགས་རྗེ་ཆེན་པོའི་ཆོས་ལ་ཐེ་ཚོམ་མི་ཟ་བར་སྒྲུབས་ཅིག །སྒྲུབ་ཐབས་འགྲུབ་ཐག་འདི་བས་ཉེ་བ་མེད་དོ། །ཞེས་གསུངས་སོ། །གཤིན་རྗེ་ཆོས་རྒྱལ་གྱི་ཀུ་སུ་ལུ་པ་ལ་གསུངས་འཕྲིན་བཀུར་བ་ལས་ཀྱང་། གཤིན་ཡུལ་ཁྲ་མོ་འགྲིམས་ནས་འོང་ཙ་ན། ཟོག་ཡོད་བརྒྱ་བས་མ་ཎི་པདྨེ་རྡོག་གཅིག་ངོ་ཆེ་དོ་གྱིས། བྲ་ང་ཁམས་ལ་བདག་འཛིན་མགོ་བོ་མ་ནོན་པའི་མིས་ཕྱི་ནང་གསང་གསུམ་གྱི་ཆོས་མ་ལུས་པ་འཆད་ཉན་ཤེས་པ་བས། འདི་ན་འོང་ཆིས་ཀྱི་དེ་ཁོ་ན་ལ་དམིགས་པའི་མ་ཎི་རྡོག་


CMR014_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཙམ་གྱི་ངོ་ཆེ་དོ་གྱིས། ཅེས་གསུངས་སོ། །དེ་ཡན་ཆོད་ཡི་གེ་དྲུག་པའི་ཕན་ཡོན་ནོ། །དེ་ནས་བུམ་སྒྲུབ་དུས་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་དང་བཅས་པའི་ཕྱག་རབ་མཚན་འབུམ་འདོན་དགོས་པའི་ཕན་ཡོན་ནི། རྣལ་འབྱོར་པ་གང་ཞིག་གིས། ཉན་ཐོས་སོ་ཐར་བྱང་སེམས་དང་། རིག་འཛིན་བླ་མེད་སྔགས་སོགས་ཀྱི། ཉམས་ཆགས་དག་ཅིང་བསྐང་བ་དང་། བླ་མ་རྒྱལ་པོ་ཆེ་བཙུན་སོགས། ་རྐྱེན་བཟློག་སྐུ་ཡི་རིམ་གྲོ་སོགས། །སྟོབས་ཆེན་གསོན་པོའི་ཆོ་ག་དང་། །གཤིན་དོན་བར་དོའི་འགྲོ་བ་རྣམས། །ངན་སོང་གནས་ནས་དྲངས་བའི་ཕྱིར། །བདག་ཉིད་པདྨ་འབྱུང་གནས་ཀྱིས། །དུས་གསུམ་སངས་རྒྱས་མཚན་འབུམ་བསྟན། །ཅེས་པ་ནས་དུས་གསུམ་སངས་རྒྱས་མཚན་འབུམ་འདི། །རྣ་བར་ལན་གཅིག་ཐོས་པས་ཀྱང་། །ངན་སོང་འཁོར་བ་དོང་ནས་སྤྲུག །འཇིགས་པ་བརྒྱད་སོགས་ཞི་བ་དང་། །སྐྱབས་གནས་རིམ་གྲོ་ཆེ་བར་འགྱུར། །ཞེས་དང་། པདྨ་དཀར་པོ་ལས། སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པ་བས། སྤྱན་རས་གཟིགས་ཀྱི་མཚན་བརྗོད་ཅིང་ཕྱག་འཚལ་ན་བསོད་ནམས་ཆེ་བར་གསུངས་པ་དང་། །


CMR014_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་བསྐལ་བ་བཟང་པོ་ལས། བསྐལ་བ་འདི་ལ་སངས་རྒྱས་གང་དེ་དག །དེ་དག་གི་ནི་མཚན་འདི་བསྒྲགས་པ་རྣམས། །འབྲས་བུ་མྱ་ངན་འདས་ཞེས་བྱ་བ་གང་། །ཉན་པ་དེ་དག་འདི་ལ་རྨོངས་མི་འགྱུར། །སོགས་ནས། དེ་དག་གི་ནི་མཚན་རྣམས་ལེགས་ཐོས་ནས། །མྱ་ངན་སྡུག་བསྔལ་ཞི་ཕྱིར་མྱོང་མི་འགྱུར། །སོགས་ནས། གང་གི་མི་ཤེས་བསྐལ་པ་བྱེ་བར་ནི། །སྡིག་པའི་ལས་བྱང་འབྲས་བུས་རྣམ་སྨིན་ཀུན། །དེ་ནས་ཟད་བྱས་རྒྱལ་བ་དེ་དག་གིས། །མཚན་ནི་བཟུང་ནས་ཀྱང་ནི་རྒྱལ་བར་འགྱུར། །ཞེས་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པས་ཀྱང་། །དེ་དག་ཀུན་གྱི་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པ་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནི། །སྐུ་གཟུགས་དག་ལ་མགོས་བཏུག་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ངག་ཏུ་བསྐུར་བའི་གནས་སུ་འགྱུར། ཞེས་གསུངས་སོ། །བུམ་སྒྲུབ་འདི་དུས་མར་མེ་སྨོན་ལམ་དང་། མཚན་ཐུབ་


CMR014_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སོགས་མར་མེ་ཕུལ་བའི་ཕན་ཡོན་ནི། མར་མེ་ཕུལ་བའི་མདོ་ལས། མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་གཟུགས་མཆོག་རྣམས་ཀྱང་མཐོང་། །དེ་ནས་ཤི་ནས་མཐོ་རིས་ངེས་འགྲོ་ཞིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །དེ་ནི་དེ་ཡི་མར་མེ་ཕུལ་བའི་འབྲས། །དེ་དང་དེ་ནས་ཚེ་རབས་དེར་དྲན་འགྱུར། །བྱ་བའི་འོས་མིན་ལ་ནི་དེས་མི་སྤྱོད། །གདོན་མི་ཟ་བར་དེ་ནི་ཁྱིམ་ནས་འབྱུང་། །ལོང་བར་མི་འགྱུར་ཞ་བོ་མི་འགྱུར་ཞིང་། །དེའི་མིག་ནི་མེད་པ་འགྱུར་མ་ཡིན། །ནད་ཅན་མ་ཡིན་འཇིགས་རུང་དགྲ་སྡང་མིན། །བླུན་པོར་མི་འགྱུར་མི་ཤེས་མི་འགྱུར་རོ། །མིག་མེད་པར་ནི་ནམ་ཡང་མི་འགྱུར་ཞིང་། །དེ་ཡི་མིག་ནི་ན་བར་འགྱུར་མ་ཡིན། །མིག་གཅིག་མ་ཡིན་ཁྲག་ལོང་མིག་མ་ཡིན། །དེ་ཡི་མིག་ལ་མི་གསལ་མེད་པར་འགྱུར། །མིག་གི་རང་བཞིན་གཞན་ལས་རྣམ་པར་གསལ། །སྲིད་པའི་མིག་ནི་དག་འགྱུར་བ་སྟེ། །ནོར་བུ་འོད་བཟང་ལྟར་ནི་དོན་ཞིབ་རྟོགས། །བསྐལ་པ་གྲངས་མེད་དཔག་ཏུ་ནམ་ཡང་དེའི། །ཤ་ཡི་མིག་ནི་ཡོངས་སུ་ཉམས་


CMR014_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར། །དེ་ལ་མིག་ནད་དག་ནི་མི་འབྱུང་སྟེ། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། གལ་ཏེ་བརྒྱ་སྟོང་ཁྲག་ཁྲིག་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་འགྱུར་པ། །བསྒྲངས་དང་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟར་མིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །བུམ་སྒྲུབ་ཚེ་ནུབ་རེ་ཚོགས་རེ་དགོས་པའི་ཕན་ཡོན་ནི། །བདེ་མཆོག་ངེས་བརྗོད་བླ་མ་ལས། སྐྱེ་བོ་ཉན་ཐོས་དཔག་མེད་ལ། །སྦྱིན་དངབསོད་ནམས་སྤེལ་བ་ལས། །ཚོགས་ཆུང་གཅིག་བྱས་བསོད་ནམས་ཀྱང་། །འབུམ་གྱི་ཆར་ཡང་མི་འཕོད་དོ། །ཞེས་དང་། ཚོགས་ཀྱི་འདུ་བ་ལས། ཚོགས་ཀྱི་འཁོར་ལོ་གཅིག་བསྐོར་ལ། །མུ་གེའི་བསྐལ་པ་དག་ལས་ཐར། །གཉིས་བསྐོར་ན་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་སྲིད་འཐོབ། གསུམ་བསྐོར་ན་གྲུབ་ཆེན་བརྒྱ་ཐོབ། བཞི་བསྐོར་ཧེ་རུ་ཀའི་གོ་འཕང་ཐོབ། ་ལྔ་བསྐོར་ན་དོན་གཉིས་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །འདི་ལྟར་སྒྲུབ་ཆེན་དཀྱིལ་འཁོར་ཕོ་བྲང་བཞེངས་པའི་ཕན་ཡོན་རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་


CMR014_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས། །འཕགས་པ་རྒྱལ་བའི་དཀྱིལ་འཁོར་བྱས་པ་ནི། །རྐང་ལགས་སོར་མི་དྲ་བས་འབྲེལ་བ་དང་། །ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མེད་འགྱུར། །ཞེས་གསུངས་སོ། །འདི་ལྟར་སྒྲུབ་ཆེན་བྱེད་ཚེ་ཐུན་པ་རྣམས་ལ་གསོལ་བ་དང་ཐུན་ཇི་དྲངས་བའི་ཕན་ཡོན་ནི། གསལ་རྒྱལ་གྱིས་ཞུས་པ་ལས། སུ་དག་རབ་ཏུ་བྱུང་དང་འཚམས་པ་ཡི། ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །ཁ་ཟས་ཁ་དོག་རོ་ལ་སོགས་ལྡན་འཐོབ། །སུ་དག་རབ་ཏུ་བྱུང་དང་འཚམས་པ་ཡི། །འཁོར་བར་ཡོངས་སུ་འཁོར་བ་ན། །སྦྱིན་པ་མ་གཏོགས་གཉེན་མེད་པས། བཏུང་བ་རྒྱ་ཆེན་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །བཏུང་བ་ཁ་དོག་སོགས་ལྡན་སྣ་ཚོགས་འཐོབ། །ཅེས་དང། སའི་མདོ་ལས། བློ་ལྡན་ཕུན་ཚོགས་འདོད་པ་ཡིས། །རབ་ཏུ་འབད་དེ་སྦྱིན་པར་བྱིན། །ཞེས་སོ། །སྒྲུབ་ཆེན་དུས་ཇ་མ་ལག་བདེ་བ་འདྲེན་པ་སོགས་དད་གུས་ཀྱིས་བྱས་ན། ཕན་ཡོན་ནི། སྐྱེས་བུ་དམ་པའི་མདོ་ལས། དད་པས་སྦྱིན་པ་བྱིན་ན་ཕྱུགས་དང་ནོར་དང་ལོངས་


CMR014_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བྲན་འཁོར་མང་ཞིང་། གུས་པས་བྱིན་པ་དང་། རང་གི་ལག་གིས་བྱིན་པ་དང་། དུས་སུ་བྱིན་པས་ནོར་དུས་སུ་འཐོབ་པ་དང་། ནོར་དང་ལོངས་སྤྱོད་བྲན་འཁོར་མང་བར་གསུངས་སོ། །བུམ་སྒྲུབ་དུས་ཐུན་ཇ་སོགས་དུས་ལ་ཁྲིག་ཁྲིག་འཕྲོད་ན་ཕན་ཡོན་ནི། ཆོས་གསུམ་པའི་མདོ་ལས། དུས་སུ་སྦྱིན་པ་སྦྱིན་བྱེད་ན། །ཤི་ཡང་དེ་ནི་ཤི་བ་མིན། །བརྒྱག་བཟང་པ་ཡི་མགྲོན་པོ་བཞིན། །ཞེས་གསུངས་སོ། །དེ་ལྟར་མ་ཎི་བུམ་སྒྲུབ་ཀྱི་སྒྲུབ་ཆེན་འདི་ནི་ཕན་ཡོན་གང་ཆེ་ཆེ་གཅིག་ཏུ་བསྡུས་པ་ལྟ་བུ་ཡིན་པས། འདི་ལ་ཉམས་ལེན་དང་ཐུན་བཟུང་བ་དང་མཐུན་རྐྱེན་གྱི་དངོས་པོ་སྦྱར། རྒྱུ་བ་རོག་དན་དང་། འཚོགས་ཆུ་ལེན་པ་སོགས་བྱས་ན་ཕན་ཡོན་བསམ་ལས་འདས། འདི་ནི་ཚོགས་གཉིས་རྫོགས་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས་ཕྱི་རབས་རྣམས་ཀྱི་འདི་ལ་བློ་རྩེ་གཏད་པར་ཞུ་ཞུ། ཞེས་པ་འདི་ནི་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རཱ་ག་ཨ་སྱས་རང་གི་དད་པ་གསོ་བ་དང་། གཞན་ལ་ཕན་པའི་བསམ་པས་སྦྱར་བ་ལ། ཉེས་འགལ་དུ་མཆིས་ན་ལྷ་དང་བཀའ་སྲུང་རྣམས་ལ་བཤགས། དགེ་བས་འགྲོ་ཀུན་བདེ་ཆེན་ཞིང་དུ་སངས་རྒྱས་པའི་རྒྱུར་གྱུར་ཅིག །


CMR014_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབུམ་སྒྲུབ་ཀྱི་ཕན་ཡོན་རྒྱས་བཤད།next