Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་ཅེས་གྲགས་པ་སྐྱེ་བདུན་མྱོང་གྲོལ་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་ཅེས་གྲགས་པ་སྐྱེ་བདུན་མྱོང་གྲོལ་སྒྲུབ་པའི་ཟིན་བྲིས།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་ཅེས་གྲགས་པ་སྐྱེ་བདུན་མྱོང་གྲོལ་སྒྲུབ་པའི་ཟིན་བྲིས།


CMR014_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་ཅེས་གྲགས་པ་སྐྱེ་བདུན་མྱོང་གྲོལ་སྒྲུབ་པའི་ཟིན་བྲིས་ཞིབ་རྒྱས་ནག་པོ་འགྲོ་ཤེས་སུ་བཀོད་པ་སློབ་དཔོན་དཔེ་ཡིས་ཆོག་པ་ཡོད་ལགས་སོ།།


CMR014_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །མ་ཎི་བུམ་སྒྲུབ་ཏུ་གྲགས་པ་སྐྱེ་བདུན་ཤ་ཡི་སྒྲུབ་པ་འདི་ལ། གཏེར་ཁ་རེ་རེ་ནས་ཕྲན་ཚེགས་རེ་འབྱུང་ཡང་གྲགས་ཆུང་ཞིང་འགྲོ་དོན་ཆེར་མ་བྱུང་བས། དེའི་རྒྱུན་ཡང་སྲིད་ཙམ་ལས་མི་སྣང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་གུ་རུ་ཆོས་དབང་གི་གཏེར་ཀ་འདིས་འགྲོ་དོན་དཔག་ཏུ་མེད་ཀྱང་། ད་དུང་ཡང་ཀཐོག་སོགས་སུ་བུམ་སྒྲུབ་རྒྱུན་ཕྱག་ལེན་ཡོད་པར་སྣང་ཡང་། ཆོས་དབང་ཉིད་ཀྱི་ལུང་བསྟན་ལས། མི་རབས་བརྒྱད་ནས་དབང་ལུང་གི་རྒྱུན་ཙམ་ལས། བྱིན་རླབས་ཀྱི་རྒྱུན་ཆེར་མི་འབྱུང་བར་གསུངས་


CMR014_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། མི་རབས་བཅུ་ལྷག་སོང་བས་ཧ་ཅང་རྙིང་ཆེས། གྲགས་ཆེ་རྒྱས་ལ་ཚན་ཆེ་བྱིན་རླབས་ཀྱི་སོ་མ་ཉམས། ལྷག་པར་ཀཾ་ཚང་དང་འབྲེལ་ཆེ་བ་ནི་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་འདི་ལགས་སོ། །འདིའི་བུམ་སྒྲུབ་བྱེད་པ་ལ་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་གཉིས་སོ། །དང་པོ་ནི་གཞན་ཕན་གྱི་བླ་མ་དམ་པ་བྱང་ཆུབ་ཀྱི་སེམས་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་དཔག་ཏུ་མེད་པ་ཐུགས་རྗེ་ཆེན་པོའི་ཞིང་དུ་བཀོད་པའི་ཐུགས་བསྐྱེད་རྒྱ་ཆེན་པོས། རིལ་བུ་བུམ་སྒྲུབ་འཛུགས་པ་མང་དུ་བྱུང་ཡང་། བླ་མ་དམ་པ་དེ་དག་སློབ་གཉེར་རྐང་རྙིང་


CMR014_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་མ་བཙུགས་པས་ཕལ་ཆེར་གསར་མ་ཡིན་པས་རྙིང་མའི་སྒྲུབ་ཆེན་སོགས་ཀྱི་ཐུགས་རྒྱུས་ཆུང་བ། འགའ་ཞིག་བླ་མ་དེ་དག་རྙིང་མར་མཁས་ཀྱང་སྐུ་ཆེ་གྲགས་པས། གྲྭ་པ་རྣམས་ལ་བྱེད་དུ་འཇུག་པ་མ་གཏོགས་ཕྱག་ལེན་བླ་མས་མཛད་མ་འཁྱོངས་པ་དང་། འགའ་ཞིག་བློ་མི་ཆེན་པོ་དེས་སྦྱིན་བདག་མཛད་པ་ཙམ་ལས་ཁོང་རང་ལ་བུམ་སྒྲུབ་དབང་ལུང་གི་རྒྱུན་ཙམ་ཡང་མི་བཞུགས་པས། གཞན་ནས་བླ་ཕྲན་འདྲ་བ་བོས་པས། དེ་རང་ལ་ཡང་ཇི་བཞིན་གྱི་ཕྱག་ལེན་མེད་པ་དང་། དེ་ལ་ཡོད་ཀྱང་ཐུན་དཔོན་གྱིས་མ་ལབ། ཐུན་དཔོན་དེས་ལེགས་པར་ཤེས་ཀྱང་། དེའི་རྒྱུན་རྒྱབ་མ་རྣམས་ཀྱིས་འཆུགས་ཤོར་བ་དང་། འགའ་ཞིག་ཤེས་རབ་ཆེ་བས་གསར་མ་སོགས་ནས་མང་དུ་སབ་པས་བཅོས་བསླད་ཀྱི་ཉེན་པར་སོང་བ་མང་དུ་བྱུང་བར་སྣང་། རིན་ཆེན་ཆོས་ཀྱང་དཀོན་ཅིང་རྟག་ཏུ་འཚེ་བ་མང་། །ཞེས་གསུངས་པ་ལྟར། ལྷོང་དང་ཆོ་འཕྲུལ་ཆེ་བར་གྲགས་པ་ནི། སྤྱིར་ཆོས་ཟབ་བདུད་ཀྱི་འཕྲང་དམ། །ཞེས་གསུངས་པ་ལྟར། སྣོད་བཀྲུས་ན་དྲི་མ་ལྡང་ཞེས་པའི་དཔེ། ཚེ་རབས་གཞན་དུ་ངན་སོང་མཐའ་མེད་དུ་འཁྱམས་པའི་ལས་སྒྲིབ་ཐམས་ཅད་སྒྲུབ་པ་ཟབ་མོ་འདིས་དག་སྟེ། ཚེ་འདིར་


CMR014_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་བར་ཆད་ཅུང་ཟད་རེ་རྩ་བ་ནས་དག་སྟེ། ཚེ་རབས་གཏན་བདེ་འགྲུབ་པ་སྡིག་པའི་མཐའ་སྡུད་ཡིན་ཚུལ། གསར་རྙིང་ཁྲིད་རིམ་སྤྱི་ནས་བཤད་པ་ལྟར་ཡིན་མོད་ཅིང་། དེ་ཡིན་པ་ལ་ཡིན་པར་དགོངས་ནས་བུམ་སྒྲུབ་འཛུགས་དུས་ཆོ་འཕྲུལ་ཆེར་བྱུང་ཡང་། མགར་དམ་པ་བས་ནས་ནི་ཐུགས་རྟོགས་ཆེར་བསྐྱེད་ནས་རྒྱུན་མ་ཆད་པར་མཛད་པ་ནི་སྐྱེས་བུ་དམ་པའི་དངོས་རྟགས་ངོ་མཚར་བའོ། །འོན་ཀྱང་ལྷོང་དང་རྩུབ་ཆགས་ཆེ་བའི་རྒྱུ་མཚན་ནི། རང་གར་ཡིག་དྲུག་འདོན་པ་ལ་ཕན་ཡོན་ཆུང་བས་བཟང་ངན་གྱི་རྟགས་འབྱུང་མི་ནུས་པས། སྒྲུབ་ཆེན་བྱས་ནས་མ་འཕྱུགས་ན་ཕན་ཡོན་བརྒྱ་འགྱུར་ཏེ། བྱེ་བ་ཆུང་བ་གཅིག་ལ་དུང་གཅིག་དང་། དུང་གཅིག་ཐོན་ན་དུང་བརྒྱ་ཡིན། ཅི་བཞིན་པ་མ་བྱུང་ན་འཕྲལ་དུ་བར་ཆད་འབྱུང་། བཀའ་གཉན་ནོ། །དེ་ལ་བར་ཆད་མི་འབྱུང་བའི་ཐབས་ནི། ཆོས་ལམ་དུ་འགྲོ་བ་ཞིག་གལ་ཆེ་བས། འདི་ལ་བསྔོས་པའི་སྲོག་བཅད་བཤས་མི་འགྲོ་བ་གལ་ཆེའོ། །ཐུགས་རྗེ་ཆེན་པོས་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་ཕ་དང་མ་ལྟ་བུ་ཡིན་པས། ཕྲལ་དབུ་ལག་སོགས་བུམ་སྒྲུབ་ལ་དམིགས་ནས་སེམས་ཅན་ལ་


CMR014_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་བྱས་ནས། བུ་ཡི་ཤ་བཅད་ནས་མ་ལ་བྱིན་པ་ལྟར་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མི་མཉེས་པས་དེར་མ་སོང་བ་གལ་ཆེ། དབང་མ་ཐོབ་པས་སྒྲུབ་པ་བྱས། གསང་སྔགས་ལོག་པར་སྒྲུབ་པ་ཡིན་པས་ཐུན་པ་རྣམས་ཀྱིས་རབ་དབང་རྒྱས་པ་ཡོངས་སུ་རྫོགས་པ། འབྲིང་བུམ་དབང་རྒྱས་པ། ཐ་མ་གཏོར་དབང་མ་ཐོབ་པ་ཐུན་པའི་གྲལ་མི་བཞག་པ་ག་ལ་ཆེ། དམ་ཚིག་ཉམས་པས་ཐུབ་དབང་གིས། །གསང་སྔགས་འགྲུབ་པར་མ་གསུངས་སོ། །ཞེས་པ་སོ་སོར་ཐར་པའི་སྡོམ་པ་མི་གཙང་བ་དང་། དཔོན་སློབ་འཁོན་ཞུགས་པ་དང་། མི་རྟ་བསད་པ་དང་། ་་དམེ་སོགས་བྱས་པའི་རིགས་མི་བཞག །ཁྱིམ་པ་ཉམས་རྟོགས་ཡོད་ཅིང་ཡིག་དྲུག་མང་དུ་ཐོན་པ་ལག་དམེ་མེད་པ་རུང་། དགེ་སློང་ཚུལ་ཁྲིམས་འཆལ་པ་གཏན་ནས་མི་བཞག །དགེ་ཚུལ་འཆལ་པས་སླར་དགེ་སློང་ཞུས་ནས་བཞག་གཏུབ། དགེ་བསྙེན་ཚུལ་ཁྲིམས་འཆལ་ན། རབ་དགེ་ཚུལ་ཞུ། དེ་མ་རེད་ན་དགེ་བསྙེན་གྱི་སྡོམ་པ་སྤར་ནས་བཞག་རུང་། ་འཚོགས་པའི་རྣལ་འབྱོར་ཕོ་མོ་རྣམས། །མདོ་ལྟར་སྡོམ་གསུམ་ཚུལ་ཁྲིམས་དང་། །སྔགས་ལྟར་རྩ་ལག་དམ་ཚིག་རྣམས། །ཉམས་ཆག་གསོ་ཞིང་སོར་ཡང་


CMR014_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ཞེས་གསུངས་པས། བླ་མས་དང་པོ་ཐམས་ཅད་ལ་སྐྱབས་སྡོམ་གནང་། དེ་ནས་བྱང་ཆུབ་སེམས་བསྐྱེད་བསྡུས་པའི་སྡོམ་ལུང་གནང་། དེ་ནས་དབང་རྒྱས་པ་བསྐུར་ཐོན་ན་ལེགས། དེ་ཙམ་མ་ཐུབ་ན་ཐུགས་རྗེ་ཆེན་པོའི་གཏོར་དབང་གནང་བས་དེ་ཐམས་ཅད་འདུས། དེ་ནས་རྡོ་རྗེ་སེམས་དཔའི་སྒོམ་ལུང་གནང་བས་ཞིག་ཁར་ཡར་བསྒྲུབས་པས་སྟ་གོན་ཆ་ལག་བསྒྲིགས་ཚེ་ཡིག་བརྒྱ་འདོན་བཅུག །ཡིག་བརྒྱ་མི་ཤེས་པ་གདའ་ན། ཨོ་བཛྲ་སཏྭ་ཧཱུྃ། ཞེས་རྡོར་སེམས་ཀྱི་སྙིང་པོ་བཟླས་བཅུག་སྟེ། འཚོགས་པ་སྤྱི་སོ་ནས་འབུམ་ཐེར་ཙམ་འགྲུབ་ན་བར་ཆད་མི་འབྱུང་བའི་རྟགས་ཚན་གསལ་བས་གནད་ཚེ། བུམ་སྒྲུབ་བཙུགས་ནས་མགར་དམར་འདི་སྒྲུབ་མི་དགོས་པར་ཤུགས་ཀྱིས་འཁོར་འོང་ཞིང་། དམ་ཅན་གྱི་སྒབ་འདྲེ་ཡང་དམ་ཅན་གྱི་ནུ་བོ་ཡིན་པས་མཉམ་དུ་ཕྱིན་འོང་ནས་གནོད་པས། དམ་ཅན་སྒབ་འདྲེ་སྤྱན་གསུམ་མནན་པ་ཐོན་ན་བཀྲ་ཤིས་མ་ཐོན་ན་སྦྱིན་སྲེག་བླུགས་གོ །བཀའ་སྲུང་མང་དུ་ཡོད་པ་ལ་གཏོར་མ་བསྔོས་ན། གཉེར་པ་ལ་མ་བསྟུན་པར་གཉེར་ཚང་ནས་སེ་ར་རྩིས་ཆེན་ལོངས་སྤྱོད་ན་གཉེར་པ་ཁྲོ་བ་དང་འདྲ། ཆོས་བདག་ཁོང་རྣམས་


CMR014_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། དེ་ཚོ་ལ་བསྐང་གསོ་རབ། ཐ་ན་ཡང་གཏོར་མ་ཁ་བསྔོས་རེ་མེད་ན་ངེས་པར་སྐྱོན་འོང་ངོ་། སྒྲུབ་ཆེན་གཞུང་ནས་གསུངས་པའི་སྔོན་འགྲོ་རྣམས་གོ་རིམ་གོང་འོག་སོང་བས་སྐྱོན་མེད་དེ། གསུངས་ལུགས་ཁྱད་ཡིན་སྟབས་གང་བདེ་ཆོག་གོ །དང་པོ་རིལ་བུ་སྔ་ཚེ་མ་བསྒྲིལ་ན་རུལ་ཤོར་བའི་ལོ་རྒྱུས་གདའ་བས་སྐམ་ཐག་ཆོད་དགོས། དེ་ལ་རུ་རྩི་སྔར་གྱི་རིལ་བུ་དང་རུ་རྩི་ཨ་མ་འདི་རྣམས་བྱ། དེ་ལ་ཨོ་རྒྱན་གྱི་ལུང་བསྟན་ནས་ཡོད་པའི་སྐྱེས་བུ་དམ་པ་ཐམས་ཅད་ཀྱི་སྐུ་ཤ་དང་གདུང་ཐལ་རུས་ཤངས་མཚལ་ན་བཟའ་གསང་ཆབ་སོགས་གང་རྙེད་བསྲེ་བ་ལག་ལེན་ཏེ། སྐུ་དངོས་དེ་མཁས་བཙུན་བཟང་གསུམ་འཛོམ་པ་དང་རང་ལ་བཀའ་དྲིན་ཆེ་བ་ཡིན་ཀྱང་། ཨོ་རྒྱན་གྱི་ལུང་གིས་མ་ཟིན་ན་བསྲེ་མི་རུང་སྟེ། དེའི་ཚེ་རབས་མང་པོའི་སྐྱེ་རྒྱུད་དང་། སྨོན་ལམ་གྱི་མཐའ་ཅི་ཡོད་མི་ཤེས་པས། དེ་བསྲེས་ན་འོ་མ་ལ་སྐྱུར་སོང་ན་རུལ་བ་ལྟར་མི་འབྲུབ་པའི་གེགས་བྱེད་པས། སྤྱིར་དག་སྣང་ཆེ་བ་མཆོག་ཡིན་ཀྱང་རིལ་བུའི་རུ་རྩི་དུས་རྣམ་རྟོག་དང་ཐེ་ཚོམ་མང་བར་བྱེད་པ་གལ་ཆེ་ཆེ། ཀཿཐོག་དང་དཔལ་འབར་དགོན་དུ་ཡང་། དང་པོ་རིལ་བུ་མང་པོ་དང་རུ་རྩི་བསྡུས་པ། ཕྱིས་ནོར་བའི་ཉེན་


CMR014_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་དོང་དུ་སྦ་དགོས་བྱུང་རབ་སྣང་ངོ་། །གཏེར་ཀ་འདིའི་ཆོས་བདག་གི་གཙོ་བོ་རྗེ་ཆོས་གྲགས་རྒྱ་མཚོ་དང་འབྲུག་པ་རྒྱལ་དབང་ཆོས་རྗེ་གཉིས་ཡིན་ཞིང་། ལྷག་པར་ཐུགས་རྗེ་ཆེན་པོ་འདིའི་ཆོས་བདག་ཆོས་གྲགས་རྒྱ་མཚོ་ཡིན་པས། དེའི་ན་རིམ་གྱིས་བྱིན་རླབས་རྟེན་གང་རྙེད་རུ་རྩིའི་མཆོག་ཡིན་ནོ། །དེ་ལྟར་བྱིན་རླབས་གང་རྙེད་ཞིབ་པར་བཏུལ༔ སྨན་བཟང་དྲུག་གླ་རྩི་ས་སྐྱ་དང་འབྲི་གུང་བའི་བདུད་རྩི་རིལ་བུ་སྔོ་རྟག་ངུ། དབང་པོ་ལག་པ། ཡབ་སྲས་ལྟ་བུའི་གསང་ཆབ་བྱ་རྒོད་ཀྱི་ཤ་མ་རུལ་བ། རྙེད་ན་གདུང་རྒྱུད་བཟང་པོའི་བྱིས་པ་ནད་ངན་པ་མིན་པར་ཤི་བའི་ཤ། དེ་རྣམས་བསྲེ་ལ་ཕྱེ་མ་མང་དུ་བྱ། དེ་ནས་འབྲས་སམ་གྲོ་གཉིས་གང་རུང་རྒྱུད་ནས་གསུངས་པས་འབྲས་རྙེད་ན་བཙོ་སྟེ་ཤིན་ཏུ་ཚོས་ན་འབྲས་ཀྱི་འབྲུ་ཞིབ་པར་བྱས་ཏེ། ཆུ་ཆོད་པར་བྱས་ལ་དེ་བསྣག་ནས་འབྲས་ཟན་བྱེད་པ་ཡིན་པའི་གསུང་རྒྱུན་གདའ་ནའང་། ལག་ལེན་མི་གདའ། དེང་སངས་ཁམས་འདིར་འབྲས་དཀོན་པས་གྲོ་ཞིབ་པར་བརྟགས་ལ། དེ་རས་ཀྱི་སྟེང་དུ་བརྡལ་བས་རས་ཕྱི་བའི་ཞིབ་བུ་དེའི་གྲོ་ཟན་སྤག་ལོ་བྱས། དེ་ལེགས་པར་བཙོ་བའི་གྲོན་མོ་དེ་བཙུན་པ་ཁྲིམས་གཙང་བ་མང་པོ་


CMR014_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཀྲུས། ཁ་རས་ཀྱིས་དཀྲིས་ལ་སྣོད་གཙང་མར་བྱིན་རླབས་རྟེན་གྱི་ཕྱེ་མ་དེ་བཏབ་ཅིང་འདྲེས་ངེས་བསྣག་དེ་གོང་དུ་ཕོར་པ་ཙམ་མང་དུ་བྱས་ལ། རས་གཙང་མ་ཆུར་སྦང་བས་དཀྲིས་ལ་བཞག །དེ་ནས་རིལ་བུ་སྲིན་མ་རློན་པ་ཙམ་བསྒྲིལ་ཏེ། རེ་ཞིག་གྲིབ་མ་ནང་དུ་རས་སྟེང་དུ་སྐམ་བཅུག །བུམ་སྙིང་རིལ་བུ་ཤིན་ཏུ་ཆེ་བའི་བརྒྱ་བསྡོམས་གཅིག་གམ་ལྔ། །བཅུ་བསྡོམས་མང་བ་ལ་ཡིག་དྲུག་གི་ཐེལ་བརྒྱབས་པ་མང་པོ་བྱ། ་ཤོག་རེད་ཡག་རེད་པ་དང་ལྷུང་བཟེད་ནང་དུ་ཧ་ཅང་མི་མང་བར་བླུགས། རས་ཀྱིས་གཏུམ། བཙུན་པ་མང་པོས་རིལ་ཆག་ནན་ཏན་བྱ། སྐམ་ཐག་མ་ཆོད་པར་མཚལ་ཕྱེ་བཏབ་ན་རིལ་བུ་སྣུམ་ཞད་ཆུང་བ་གཅིག་འོང་། གཞུང་ནས་སྐྱེར་པའི་ཁནའི་ཁུ་བ་དང་གུར་གུམ་གྱི་ཁུ་བ་གསུངས་ཀྱང་། ཕྱག་ལེན་ལ་ཟར་མའི་ཁུ་བས་བྱེད་སྲོལ་གདའ་ལྟར། མཚལ་སྐྱོས་ལ་རིལ་བུ་སྐམ་ཐག་ཆོད་པ་དང་བླུགས་ནས་ཡང་རིལ་ཆོག་བྱས་ན། མཚལ་འགྲོ་ཆེ་སྟེ་རིལ་བུ་སྣུམ་ཧྲུག་གེ་བ་འོང་། དེ་ནས་སྣོད་གཅིག་ཏུ་བླུགས་ལ་གེགས་མི་འཇུག་པའི་ཕྱིར། སློབ་དཔོན་གྱིས་རྟ་མགྲིན་གྱི་སྔགས་ཕྲེང་སྐོར་ཙམ་གྱིས་ཞལ་ཕུ་རབ་གནས་བྱས་ལ་བཞག་གོ །དེ་ནས་བུམ་པ་ནི་ས་གཅིག་ཏུ་


CMR014_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་ན་རྫའི་བུམ་པ་སྙེམ་པ་བཅོ་བརྒྱད་ཤོང་བ་ལས་མི་ཆུང་བ། ཁག་མང་པོར་གྱེར་ན་ཟངས་ཀྱི་བུམ་པ། རྫ་ཡིན་ན་དཀར་པོ་བྱུགས། རིལ་བུ་མང་ན་བུམ་པ་ཆེ་ཆུང་ལྔ་བྱའོ། །ལྷུང་བཟེད་ནང་དུ་བཞག་པ་སོགས་ནི་མི་འཐད། བུམ་པ་གཅིག་ཡིན་ན་རིགས་ལྔའི་ཕྱག་མཚན་བྲིས་སམ་ཙཀ་ལི་བཏགས། ལྔ་ཡོད་ན་ཕྱག་མཚན་སོ་སོར་བྲི། བུམ་པ་ལ་སུམ་བྷ་ནི་བརྗོད་ཅིང་ཡུངས་དཀར་བྲབ། གུ་གུལ་བདུག །དེ་ནས་རིལ་བུ་དྲིལ་བུ་ཞིག་ལ་མཇལ་ནས་དུ་སོང་ཡི་གེར་བྲིས་ལ་བུམ་པ་རྣམས་སུམ་གཉིས་དགང་རུ་གཅིག་སྟོང་པར་བཞག །བུམ་སྙིང་རིལ་བུ་རུ་རྩི་རྣམས་དཀྱིལ་དུ་བཅུག །བརྒྱ་དོ་རྣམས་ཀྱང་བཅུག །ཁ་དཀྲིས་ཁ་བཏགས་སོགས་ཀྱིས་གཏུམ་ཀུ་ཤ་རྨ་བྱའི་མདོངས་རྣམས་ཁ་ཐག་སྟེང་ནས་ནང་དུ་བཅུག །མགྲིན་པ་དར་གྱིས་བཅིངས་པར་ཐིལ་བརྒྱབ། སྟེང་དེར་གཟུངས་ཐག་རྡོ་རྗེ་དུང་ཆོས་གཉིས་ཀྱང་ཀུ་ཤ་ལ་བཏགས་མི་བྲུལ་བར་བསྡམས། བུམ་པ་རེ་ལ་རིལ་བུ་བདུན་རེ་ཡིན་ཟེར་བ་དང་། བཅོ་ལྔ་ལས་མང་མི་རུང་ཟེར་མཁན་སྣང་སྟེ་མི་བདེན། རཏྣ་གླིང་པས་རིལ་བུ་ཏྲེ་བཅོ་ལྔ་ཙམ་དང་པོ་སྒྲུབ་པའི་ལོ་རྒྱུས་དང་། སྤུ་བོ་སོགས་སུ་རིལ་བུ་ཤ་སྒྲོ་དོ་གང་


CMR014_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྲོལ་ཡོད་པར་སྣང་བས། འགྲོ་དོན་ཁྱབ་གང་ཆེ་ཡིན་པས་མང་ཚུགས་བུམ་པར་ཤོང་ན་ལེགས། བུམ་ཕྲིན་བཞི་དང་དགུ་ཡང་རུང་། བུམ་པ་ལྷ་གྲངས་ཀྱང་རུང་ངོ་། །དེ་ཡང་རུ་རྩིའི་བྱིན་རླབས་རྟེན་བསླད་མེད་རྣམས་སྲན་མ་ཙམ་རེ་ལ། གྲོའམ་འབྲས་ཕྱེ་ཕུལ་རེ་ཙམ་སྦྱར་བ་ནི་ཚད་ཡིན་ནོ། །དེ་ནས་ལ་ལས་སཱཙྪ་བླ་མའི་ལོ་གྲངས་སུམ་འགྱུར་བས་མི་ཉུང་བ་གདབ༔ ལ་ལས་ཆུ་གཏོར་གང་མང་བཏང་། ལ་ལས་བརྔན་བསང་རྒྱས་པ་བཏང་། གསར་སྙིང་གང་རུང་ལྟར་གསེར་སྐྱེམས་འབུལ། སྒྲུབ་ཆེན་ལྟར་མདོ་སྣ་་སྒྲུབ་ཁང་ཕྱོགས་བཞིར་ཚར་རེ་འདོན། མ་རྙེད་ན་ཞལ་ནས་གསུངས་པའི་མདོ་གང་རྙེད་འདོན། དགེ་སློང་བཞི་ལ་དྲོ་དྲངས་ལ་དཀོན་མཆོག་རྗེས་དྲན་སོགས་གཞུང་ལྟར་བྱ་འཇུག །མི་ནག་སྤྲང་པོ་རྣམས་ལ་ཟས་སྦྱིན། བྱིས་སྦ་རྣམས་བསྡུས་ལ་ཟས་སྦྱིན། ལྷ་བཟོ་ལ་རྒྱལ་ཐོ་དང་ཙཀ་ལི་བྲི་བ་སོགས་དེ་རྣམས་སྔ་ཚེ་ནས་གང་ཐོན་བྱའོ། །དེ་རྣམས་སྟ་གོན་སྔོན་དུ་བྱ་བའོ། །སེང་ལྡེང་ངམ་སྐྱེར་ཕུར་སོར་བཞི་གཉིས། ལྕགས་སམ་སེང་ལྡེང་ངམ་སྐྱེར་ཕུར་མཐོ་རེ་བ་བཅུ།། གཞན་ཕུར་པ་ལེགས་པ་གཅིག །ཕུར་པ་གང་རྙེད་གཉིས་གསུམ་ཙམ།


CMR014_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བོང་བུའི་ཆུ་སྡོང་ལ་འུག་པའི་མགོ་བཏགས་པའི་ཐོ་བ་རྙེད་ན་རབ། མིའི་རྐང་ལག་གི་རུས་པ་མི་ལྤགས་ཀྱི་ཤར་མོ་བཏགས་པས་ཀྱང་རུང་། མ་རྙེད་ན་ཕུར་པས་ཆོག་སྟེ། ཉུལ་ལེ་བསྐྲད་པའི་རྫས། དམ་སྲིའི་ལིངྒ་བྲི། དེ་བཅུག་པའི་ཧོམ་ཁུང་། ཐུན་རྒྱུའི་ཡུངས་ཀར་དང་ཡུངས་ནག །དུར་རྡོའམ་རྦབ་རྡོའི་ཕྱེ་མ་མང་པོ། དུར་རྡོའི་རྡོ་ལེབ་ལ་རོ་སོལ་གྱི་རྡོ་རྗེ་རྒྱ་གྲམ། ཁ་ཡ་ན་རི་རབ་གླིང་བཞི་བྲིས་པ། རྒྱལ་མཚན་བཞི། མདའ་དར་བཞི། མེ་ལོང་བཞི། སྟག་གཟིག་གི་སྒབ་སྐོར། ཚོན་སྐུད་དྲྭ་བ། གཟུངས་ཐག་ཕྱོགས་ཐམས་ཅད་དུ་འཐེན་པ་གུར་གྱི་བྱ་ལག་འདྲ་བ། ཁྲུས་བུམ། ཡོད་ན་ཁྲོ་འབགས་དཀར་ནག་གཉིས། འཆམ་གོས་ལྔ་ལས་མི་ཉུང་བ། དེའང་མཉམ་པའི་མ་རལ་དབུ་རྒྱན་ཚེ་མདའ་དར། གཡུ་བཀྲག་བཟང་ཤྭ་དང་དུང་བཏགས་པ། དམ་ཅན་རྟེན་མདའ་འུག་སྒྲོ་མ་དར་དམར་བཏགས་པ། སྙུག་རྒོད་རྔ་ཁྲབ་མེ་ལོང་བཏགས་པ། ར་ཚིལ་གྱི་གསུར་རྒྱུན་རྣམས་སྔ་ཚེ་ནས་འཛོམ་པར་བྱའོ། །དེ་ནས་བུམ་ཁང་གང་བྱེད་དེ་དཀྱིལ་འཁོར་བསྐོར་བ་ཉན་སར་ས་བརྟགས་བསླངས་བྱས་ལ་སྟེགས་བུ་འདོམ་གང་དང་མཐོ་གང་། ཚད་འདོམ་གང་


CMR014_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གང་ཆེ་ཚད། འདོམ་གང་ཆུང་ཚད་དེ། དང་པོ་མར་ཁྲུ་གང་བརྐོས་པར་ཡར་བརྩེགས་ཏེ། ཁྲུ་གང་བས་མི་དམའ་བ་བརྩེགས་ཏེ། དེ་འོག་ཕྱོགས་བཞི་དབུས་ལྔར་བུམ་ཆུང་ལྔ་འབྲུ་སྣ་རིན་པོ་ཆེ་སོགས་ཀྱིས་བཀང་བ་དང་པོ་ནས་སྦྱའོ། །གྲུ་བཞི་དབུས་ཅུང་ཟད་མཐོ་བ། ཤར་དམའ་ཞད་ཅན་བྱ། བ་དམར་གྱི་ལྕི་བ་གཅིན་འོ་མ་བསྲེས་པའི་ཆུས་ཞ་ལ་བྱ་བ་སྔ་ཚེ་ནས་སྐམ་ཐག་ཆོད་པར་བྱ། མ་སྐམ་ན་སོག་མའི་མེ་འབུད། དེ་ནས་ཐིག་དང་རྡུལ་ཚོན་འགྲུབ་ན་ལེགས། ལྷ་བཟོ་ཡོད་ན་དེ་ལ་དཀྱིལ་འཁོར་བྲི། མ་འཛོམས་ན་རས་བྲིས་སོ། །རྟེན་འབྲེལ་གྱིས་ཐིག་ཆེན་བརྒྱད་གདབ། རྡུལ་ཚོན་རྟེན་འབྲེལ་ཙམ་ཕྱོགས་མདོག་བཏབ། དེ་སྟེང་རས་བྲིས་བཏིང་། རས་ཀྱི་ཞལ་ཁེབས་བྱ། དེ་ཚོ་བྱེད་ཚེ་ཐུན་པ་རྒྱུན་འདུག་རྒྱུ་རྣམས་ཡིག་བརྒྱ་ཁོ་ནས་ཐུགས་དམ་བྱེད་འཇུག །དེ་ནས་རྒྱལ་ཐོ་བཙུགས་པ་སྤྲོས་བཅས་བྱེད་ན་འཚམ་དང་བཅས་པས་ཕྱོགས་བཞིར་བཙུགས། བསྡུ་ན་འཆམ་མེད་ཀྱང་རུང་། དམ་སྲི་མནན། སྒོ་བྱང་བཏགས། དེ་ནས་ཕྱི་རྒྱབ་མི་གཏུགས་མཚམས་ཡིན། སྒོ་རྩར་ཐོ་དཀར་པོ་ཞིག་གི་རྩར་ཡུལ་ལྷ་སྤྱི་དང་གནས་བདག་ལ་དཀར་གཏོར་བསྔོས་ལ།


CMR014_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་བར་ཆད་ནང་དུ་མི་བཏང་། ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞེས་བཀའ་བསྒོ། བགེགས་གཏོར་སྤྱི་ལྟར་བཏང་ལ་སྒྲུབ་ཁང་དུ་ཐུན་བྲབ། གུ་གུལ་བདུག །ཐུན་པ་ཐམས་ཅད་ཡན་ལག་ལྔ་ཁྲུས་བྱ། གོས་སྟན་ཐམས་ཅད་གུ་གུལ་བདུག །ཐུན་དཔོན་དཀྱིལ་འཁོར་གྱི་ཤར་དུ་འདུག་པ་དང་། དེའི་རམ་བུ་བ་རྣམས་དེ་དང་མཉམ་དུ་འདུག་པ་ཐུན་པ་ཐམས་ཅད་ཕྱོགས་ཐམས་ཅད་ནས་བསྐོར་ཏེ་མལ་ས་སྤོ་བ་དང་། སྟན་སྤྲུག་མི་ཉན་པས་དེ་ལུགས་ལེགས་པར་བཟོ། དང་པོ་ཁྲུས་བྱས་ནས། དེ་ནས་ཁྲུས་དང་ཁ་ཆུས་བཤལ་མི་རུང་བས། གལ་ཏེ་འདོད་ན་ལས་བུམ་དུ་རྟ་མགྲིན་དང་བདུད་རྩི་འཁྱིལ་པར་བསྐྱེད་བཟླས་བྱས་པའི་ཆུས་ནི་རུང་ངོ་། ཐུན་དཔོན་གྱི་གཡས་གཏོར་སྒམ་ནང་དུ་བླ་མ་དབུས། ཡི་དམ་གཡས། མཁའ་འགྲོ་གཡོན། དེ་ནས་ཆོས་སྐྱོང་སྤྱིའི་གཅིག །དེ་ནས་དམ་ཅན་སོགས་བཀའ་སྲུང་སོ་སོའི་གཏོར་མ་གང་བདེར་ལེགས་པར་བཤམས་ཏེ། རྒྱུན་ཏུ་འཇོག་ན་ཨ་བསྣོ་ཆུ་མ་འདྲེས་པ་ལ་བྱས་ན་མི་རུལ། དེ་རྣམས་ནམ་ཡང་མི་བསྒུལ་ལོ། །དེ་ནས་མཚམས་ཁོང་དེར་གཏུག་ཏུ་དགོས་པ་དེར་འཛོམ་པར་བྱ། མ་འཛོམས་ན་དེའི་མིང་ཡིག་དང་རྡེའུ་རེ་


CMR014_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་ལྟར་བྱས་པ་དེ་མང་པོ་གཏུགས་ཀྱང་སྐྱོན་མེད། དེ་མིན་པའི་ངོ་སར་མཚམས་ཁང་དུ་མི་གཏུག །མི་གཏུག་ཁ་མེད་བྱུང་ན་སྒོ་རྩར་ལས་བུམ་གྱི་ཁྲུས་བྱ། ཐུན་བྲབ། གུ་གུ་ལ་བདུག་ན་རུང་ཙམ་མོ། །དེ་ཡང་དམ་ཚིག་གཙང་ལ་དབང་ཐོབ་པ་ཡིན་ན་དྲག །མིན་ན་ཁོ་རང་ལ་ངན་ནོ། །དེ་ནས་ཁྲོ་བཅུའི་ཕུར་མཚམས་བཅད་ལ། ཕུར་པ་གཞན་ལུགས་ལ་སྒྲུབ་ཁང་གི་ཕྱོགས་བཅུར་བཀྲམས་ཀྱང་རུང་མོད་ཀྱང་། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད། སྟེང་འོག་གཉིས་ཤར་ནུབ་ཏུ་བཀྲམ་སྟེ། ཕུར་གདན་སའི་གྲུ་གསུམ་རེ་ལ་བཙུགས། དེ་ནས་སྒྲུབ་ཆེན་གཞུང་ལྟར་བུམ་པ་སོགས་རྫས་བཀོད། འདི་ནས་ཐུན་བཟུང་ཆོག་སྟེ། འདོན་ལུགས་ཕྱག་ལེན་ལྟར་བསྒྲིགས་ནས་འདོན་དགོས་ཀྱི་ཡིད་འདོན་མི་བྱ་སྟེ། རྒྱུད་ལས་ཚངས་པ་ལྷའི་སྐད་ལྟར་བཟླ། ཞེས་གསུངས་སོ། །དེ་ནས་ཐུན་དཔོན་གྱིས་ནམ་ལངས་ནས། ལས་བྱང་འཛབ་དགོངས་ཡན་ཐུན་གཅིག་འདོན་ཏེ། ལྷ་བསྐྱེད་དུས་གཙོ་བོའི་ལྷ་བུམ་སྒྲུབ་ཚིགས་བཅད་མ་དེ་སབ། ལས་བྱང་གི་དེ་སྒྱུར། ལྷ་བསྐྱེད་རྫོགས་ནས་བུམ་བསྐྱེད་འབྲུ་གཉིས་སབ། དེ་མིན་ལས་བྱང་གཞུང་ལྟར་འདོན། རིག་འཛིན་


CMR014_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་འབེབས་འདོན་པ་སྲོལ་ལོ། །བུམ་སྒྲུབ་ཚིག་ལྷུག་མས་ཐུན་པ་ལ་དམིགས་པ་སྤྱོད་དོ། །ཉིན་གུང་ཐུན་ལ་ལས་བྱང་ཕྱག་རྒྱ་གར་མཆོད་ཡན་འདོན། དེ་མིན་ལས་བྱང་སྒྱུར་ལ་མཆོད་འབུམ་འདོན་ནོ། །མཚན་འབུམ་འདོན་མི་གཅིག །ཉུལ་ལེ་བསྐུད་མི་ལྷ་གང་རུང་གིས་བསྙེན་སྒྲུབ་ཐེམ་པ་ཞིག་ཡོད་ན་ལེགས། མེད་ན་དགོང་ཀའི་ཐུན་ལ་ལས་བྱུང་ཚར་གཅིག་འདོན། འཛབ་དགོངས་སྐྱུར་ལ་མཚན་འབུམ་རྒྱས་བསྡུས་ཅི་ལྕོགས། དགོང་མོ་དམིགས་པ་སྤྱོད་ལ། ཡིག་བདུན་ཕཊསྦྱར་བའི་ཕྲེང་སྐོར་ཡ་ཟུང་འདོན། དེ་ནས་གཏོར་བསྔོས་རང་ཏང་གི་གང་ཤེས་རྣམས་དང་། ལྷ་གཞུང་གཞན་ཆག་མེད་གང་ཡོད་འཛུད་རུང་སྟེ། རྒྱལ་བ་གཅིག་གི་དཀྱིལ་འཁོར་དུ། །རྒྱལ་བ་ཀུན་གྱི་ཕྲིན་ལས་བྱ། །བདེ་གཤེགས་སྤྱི་སྒྲུབ་ཀུན་གྱི་ངང་། །ཞེས་གསུངས་ཤིང་། དེའི་དོན་གྱིས་ཡི་དམ་གསར་རྙིང་རང་གི་ཆག་མི་རུང་བ་གང་ཡོད་འདོན་ཏེ། དེ་ཐམས་ཅད་ངོ་བོ་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་ཤེས་པ་གལ་ཆེ་སྟེ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས། །ཐུགས་རྗེ་ཆེན་པོར་མ་གྱུར་མེད། །དེ་ཉིད་སྐུ་གསུང་ཐུགས་བཅས་པ། །གསང་འདུས་རྒྱུད་འདིར་མ་


CMR014_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མེད། །ཅེས་གསུངས་སོ། །བཀའ་སྲུང་ཐམས་ཅད་རྒྱས་པར་འདོན་པ་གལ་ཆེ། དེ་ཡི་མན་ངག་མདུན་བསྐྱེད་གསང་འདུས་ཀྱི་དཀྱིལ་འཁོར་གྱི་ཕྱི། རྡོ་ར་པད་ཕྲེང་གི་ནང་བར་ཁྱམས་དེར་ཡི་དམ། ཆོས་སྐྱོང་གང་འདོད་དཀྱིལ་འཁོར་སོ་སོ་དང་བཅས་པ། དཔེར་ན་མཁར་ཆེན་པོ་གཅིག་ལ་ཁང་པ་མང་པོས་བསྐོར་བ་ལྟར་བསྒོམ་པ་ཡིན་ནོ། །དེ་བྱས་པས་མཆོད་པ་ཚོགས་འཁོར་སོགས་ཀྱང་གསང་འདུས་དེ་ལ་ཐམས་ཅད་ཚང་བར་གྱུར་རོ། །མཚན་ཐུན་ལས་བྱང་ལྟར་ཚར་གཅིག །གཏོར་འབུལ་ལ་རང་གི་ཆོས་སྐྱོང་གང་ཡོད་བསྔོ་རུང་། །དཀར་གཏོར་ལ་གཞི་བདག་གང་དགོས་ཁ་བསྔོས་བྱའོ། །རྟ་བྲོ་རྒྱུན་དུ་བྱའོ། །བཤམས་ལུགས་ལྡེང་ཁྲི་ལྔ་བརྩེགས་ནི། དབང་དང་སྒྲུབ་ཆེན་སྦྲག་དུས་དེ་ལྟར་ཡིན་གྱིས། བུམ་སྒྲུབ་ལ་དེ་མི་དགོས་པར་གཞུང་ན་གསལ་ལོ། །དེ་ནས་ལྡིང་ཁྲི་ལྔ་བརྩེགས་མ་གྲུབ་ཀྱང་གནད་ཆུང་། ཙཀ་གདུགས་གཞུང་ན་ཡོད་བཞིན་ཕྱག་ལེན་རྒྱུན་པར་གདའ་བས། །ཙཀ་གདུགས་བྱས་ནས་ལྡིང་ཁྲི་ལྔ་བརྩེགས་བཤམ་མི་བདེ་བས། དཀྱིལ་འཁོར་སྟེང་དུ་བུམ་གདན་རས་གཙང་མ་ལ་འབྲུ་སྤུངས་ནས་བུམ་པ་གཅིག་གམ་ལྔ་བཤམ་མོ། །དེའི་གཡས་སུ་


CMR014_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བྷནྡྷའི་མར་ཁུ་ནང་དུ་ཆང་བླུགས་ཀྱང་རུལ་འགྲོ་བས། མར་ཁུའི་ནང་དུ་བདུད་རྩི་རིལ་བུ་སོགས་དངོས་གྲུབ་རྫས་གང་འཛོམ་དང་། ཟན་ཆང་ལ་ཟེར་སྐམ་པོ་བཏབ་ལ་དར་དམར་གྱིས་ཁ་བཀབ། མེ་ལོང་སིན་དྷུ་རའི་དཀྱིལ་འཁོར་གྱིས་ཁ་བཀབ་བོ། །གཡོན་དུ་བྷནྡའི་ནང་དུ་མར་ཁུ་ནང་དུ་ཁྲག་གཙང་མ་སྐམ་པོའི་ཕྱེ་རཀྟའི་རུ་རྩི་བཏོབ། རྡུལ་མི་འགྲོ་བའི་ཁ་བཀབ། དེའི་རྒྱབ་ཕྱོགས་བཞིར་ལས་བཞིའི་གཏོར་མ་དང་། མདུན་དུ་གཏོར་མ་རིན་ཆེན་འབར་བ་ཆེ་ན་ལེགས། གང་བདེར་ཚེ་གཏོར་ཚེ་རིལ། དེ་རྣམས་སྒྲུབ་རྟེན་ཡིན་པས། དང་པོ་བྲན་ནས་གསོ་བྲན་མི་དགོས། དེ་རྒྱབ་མཆོད་པ་སྣ་བདུན་ཚར་བཞི། ཟུར་བཞིར་མར་མེ་རྒྱུན་འབར་བཞི། དེ་ནས་རྒྱབ་ཟུར་བཞིར་རྒྱལ་མཚན་བཞི། ཚོན་སྐུད་བྲེ། སྟེང་དུ་ཙཀ་གདུགས་ཡོད་ན་བཀྲམ། མེད་ན་ལྷ་གྲངས་ཧྲག་བསྡུས་བུམ་པའི་ཁ་རྒྱུན་འཛུགས། ཤེལ་དང་ཡིག་བདུན་གསེར་གྱིས་བྲིས་པ་གཙོ་བུམ་སྟེང་དུ་བཞག །སྟེང་དུ་བླ་བྲེའི་གདུགས་ཕུབ། རལ་གྲི་བཞི། རྒྱལ་མཚན་བཞི་མཉམ་དུ་བཅིངས། ཕྱི་ཟུར་བཞིར་མཆུ་ལྡང་བཞི་གསུངས་པ་ནི། ཨ་འགུ་ཟེར་བའི་སྣུམ་འགྱུ་བཞི་སྟེ། དོན་ལ་ནུབ་ཇ་


CMR014_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འདྲེན་དུས་གསལ་ཚད་ཡིན་པས་རྟེན་འབྲེལ་མེ་རུ་བཞི་བཤམས་ཀྱང་ཆོག་གྱུར་འདུག །ནུབ་མོ་ཚོགས་འཁོར་རེ་བྱ་ཚོགས་ཤ་ཚོགས་ཆང་མ་གཏོགས་པའི་ཤ་ཆང་མི་འགྲིམ་སྒྲུབ་པ་བཙུགས་ནས་མ་གྲོལ་བར་གསར་མ་དང་མི་འདྲ། ལྷ་གཤེགས་པ་དང་དཀྱིལ་འཁོར་བསྡུ་ཆོག་མི་འདོན། ཉལ་ཁ་ལུས་སྦྱིན་དམིགས་རིམ་ཆག་མེད་འདྲ་ཡོད་ན་ནི་རུང་། མེད་ན་ནི་དགོས་རྒྱུ་མིན། ཐུན་གྱི་ཐུན་མཚམས་དང་། ཐུན་པས་ཐུན་རྗེ་རེས་སྐབས་སུ་ཆོས་སྤྱོད་དང་། ལྷ་གཞན་གྱི་བསྙེན་པ་ཆག་མེད་འདྲ་ཡོད་ན་རུང་། ཐུན་པ་ཐམས་ཅད་ངག་བཅད་ན་ཤིན་ཏུ་ལེགས། དེ་མ་གྲུབ་ཀྱང་དོན་ཆུང་བའི་སྨྲ་བརྗོད་སྐྱུར། བཙུན་པ་སྐུ་གཞོན་པ་རྣམས་ཀྱང་སྒྲུབ་པ་ཆེ་བག་ཡོད་པས་སྤྱོད་ལམ་གཙང་བར་བྱའི། གྲྭ་པ་སྤྱིའི་སྤྱན་ལྟོས་འདིར་བྱས་ན་སྒྲུབ་པ་གཉན་པས་རང་རང་ལ་ན་ཚ་ཤི་ཆད་བྱུང་བའི་ལོ་རྒྱུས་མང་དུ་ཐོས་པས་གཟབ་པ་གལ་ཆེ། སྤྱིར་ནི་བུམ་སྒྲུབ་འཛུགས་མཁན་སློབ་དཔོན་དེས། དང་པོ་གསང་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་བསྙེན་པ་ཐེམ་པ་རབ། ཐ་ན་གསང་སྒྲུབ་སྔོན་དུ་སོང་ན་མཆོག་ཡིན་ཀྱང་། དེ་མེད་པས་ཐབས་མི་ཆགས་ཏེ། དེའི་དོད་ལ་དང་པོ་ཐམས་ཅད་ཀྱིས་གསང་སྒྲུབ་དེ་རབ་


CMR014_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ཉེར་གཅིག །འབྲིང་བཅུ་བཞི། ཐ་མ་ཞག་བདུན་བྱེད་པ་ནི། དེ་ནས་བུམ་སྒྲུབ་དངོས་བྱེད་པས་འཐུས་ཏེ། བཅའ་ཚོགས་ཐམས་ཅད་མཚུངས་ལ། ཁྱད་པར་ནི་བུམ་པ་མཆུ་ཅན་གྱི་བུམ་པ་གཅིག་བཤམས་ལ་གསང་སྒྲུབ་ཚར་ནས་དེ་ལ་དབང་དང་དངོས་གྲུབ་བླངས། དེ་ནས་དམིགས་པ་མངོན་རྟོགས་བུམ་སྒྲུབ་ལ་བྱེད་དོ། །བུམ་སྒྲུབ་དངོས་གཞིའི་སྔགས་རྒྱུན་ནི་ཞག་བདུན་ལས་ཉུང་ཐབས་མེད། དེ་ཡན་ཟླ་བ་དང་ལོ་ལ། དུས་རྒྱུན་ཏུ་སོགས་འབྱོར་པས་གང་ལྕོགས་སོ། །སྔགས་གྲངས་ནི་བདུན་འབུམ་ཉི་ཁྲི་བས་ཉུང་ཐབས་མེད། དེ་ཡན་ཆད་དུང་དང་དུང་མང་པོ་སོགས་འབྱོར་པས་གང་ལྕོགས་ལེགས་སོ། །དེ་ནས་གྲོལ་ལུགས་གྲོལ་ངེས་བྱེད་ན་ཡུན་ཐུང་ངུར་བུམ་སྒྲུབ་གཞན་དུ་བཤད་པ་ལྟར་བྱའོ། །རྒྱུན་དུ་བཙུགས་རྒྱུ་ཡིན་ནའང་། ཉེར་གཅིག་གམ་ཟླ་གཅིག་ཙམ་སོང་ནས་དངོས་གྲུབ་བླངས་ཆོག་རྣམས་བྱ། སྒྲུབ་ཆེན་གྱི་དབང་བསྡུས་པ་དེ་བླངས་ལ། བཀའ་སྲུང་བསྐང་གསོ་རྒྱས་པར་བྱ། དེ་ནས་ཐུན་པ་འགྲོ་དགོས་པ་རྣམས་ཀྱིས་ཤེས་ན་འདོན། མི་ཤེས་ན་རྗེས་ཟློས་འདྲ་བྱས་ལ་བཤགས་པ་དང་། བསྡུ་ཆོག་བཀྲ་ཤིས་རྣམས་བྱ། ཕྱག་


CMR014_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ནས་སོ་སོར་འགྲོའོ། །འདུག་མི་རྣམས་སྔར་མོས་ལྟར་བྱ། མང་ན་སྔགས་རྒྱུན་མ་ཆད་པ་རབ། ཉུང་ན་ཡང་ཅི་ནུས་སུ་འབད་དོ། །འཛབ་དབྱངས་རེས་འགའ་མ་གཏོགས་རྒྱུན་ཏུ་མ་འཕྲོད་ཀྱང་ཆོག །ཐུན་དཔོན་གྱིས་ལས་བྱང་དུས་བཞིར་ཐུན་གཅིག །ཞོགས་ལ་ལས་བྱང་ཚར་གཅིག །ཉིན་གུང་བྱིན་འབེབས་ཆེ་ཉུང་གང་རུང་ལ་མཆོད་འབུམ་བཏགས་། དགོང་ཀ་མཚན་འབུམ་རྒྱས་བསྡུས་གང་རུང་ལ་བཀའ་སྲུང་བཏགས། མཚན་ཐུན་ལ་ལས་བྱུང་ཚར་གཅིག་བྱ། ཚེས་བཅུའམ་དགུ་གཏོར་དང་མཆོད་རྫས་འཛོམ་པར་བྱ་དུས་བཟང་དུས་མ་གཏོགས་ཚོགས་དང་གཏོར་འབུལ་རྒྱུན་དུ་མི་དགོས། བྱུང་ན་ལེགས་ཤིང་ཕན་ཡོན་ཆེ། ཆད་མདོ་བརྟན་སྐྱོང་དེ་དང་འདྲ། བཀའ་སྲུང་ཡང་རྒྱས་བསྡུས་རང་གིས་གང་ལྕོགས་ཆོག །ཉམས་ལེན་འདོད་ན་ཐུགས་ཁྲིད་དཔེ་དེ་བླ་མའི་ཚབ་བྱས་ལ་ཉམས་སུ་བླངས། ཤོག་སེར་ཚིག་བརྒྱུད་ཀྱི་བླ་མ་ཞེས་བྱ་སྟེ། བླ་མ་ལ་ཁྲིད་ཞུས་ཀྱང་བླ་མས་གསུང་པ་ལ་བརྟེན་ནས། དོན་གོ་ཉམས་རྟོགས་སྐྱེ་བ་ལས་ལྷག་པོ་མི་འབྱུང་དབང་ལུང་གི་རྒྱུན་ཡོད་ཕྱིན་ཆད་དཔེ་ལ་གདའ་ཚུལ་ཉམས་སུ་བླངས་ན་དོན་གོ་ཞིང་ཉམས་རྟོགས་ནི་སྐྱེའོ། །དེས་ན་


CMR014_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་གྱི་ཁོག་ནས་བསྐྱེད་རྫོགས་ཉམས་སུ་ལེན། འཚོ་བ་ནི་སྦྱིན་བདག་སྐྱ་སེར་ཡུལ་མཐོ་དམན་གང་ཡིན་པ་དེས་སྦྱར་བ་འདི་བས་ལྷག་གི་རི་ཁྲོད་དུ་གཅིག་པུར་ཉམས་ལེན་དང་བསྙེན་སྒྲུབ་བྱེད་པ་དགའ་བསམ་པ་ནི་འཁྲུལ་པ་སྟེ། རང་རང་རི་ཁྲོད་དུ་སྒྲུབ་པའི་ཆ་ལག་ཅི་ལྟ་བ་གང་ནས་འཛོམ། རང་གར་ཡིག་དྲུག་བཏོན་པ་ལས་འདིར་སྒྲུབ་ཆེན་སར་བཏོན་པ་བརྒྱ་འགྱུར་ནི་ཨོ་རྒྱན་གྱི་བཀའ། རྫོགས་ཆེན་ཕྱག་ཆེན་ཐུགས་ཁྲིད་སོགས་བསྒོམ་པ་མི་བཤོལ་ལོ། །དེས་ན་སྦྱིན་བདག་གིས་བཀས་འདི་ན་མི་འདུག་ཀ་མེད་ཁྲལ་བབ་པར་མི་སེམས་པར། ཕྱི་མའི་དོན་ལ་འདིར་ཚུད་པ་ལས་ལྷག་མེད་པའི་དོན་གོ་བར་བྱ། བཏོན་པའི་ཡིག་དྲུག་ནི་ཨ་མཆོད་རྣམས་ཀྱིས་བསམ་པ་ལྟར་སྦྱིན་བདག་གི་ཡིན། རང་ལ་མེད་བསམ་པར་མི་བྱ་སྟེ། རང་ལ་ཡིག་དྲུག་བཏོན་པའི་བསོད་ནམས། ཡོན་བདག་གིས་ཡིག་དྲུག་འདོན་བཅུག་ཅིང་མཐུན་རྐྱེན་སྦྱར་བའི་བསོད་ནམས་སོ་སོར་ཡོད་དེ། བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་བགྱིས་པ་དང་བགྱིད་དུ་བསྩལ་བ་གཉིས་སོ་སོར་གསུངས་པས་སོ། །དེས་ན་བླ་མ་དམ་པ་འདི་ལ་ཐུགས་བརྩེ་གཏད་པ་རྣམས་ཀྱིས་ཀྱང་།


CMR014_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བདག་གཞན་ལྟར་མཐུན་རྐྱེན་སྦྱོར་བ་ཁོ་ན་མིན་པར། རྒྱུན་དུ་ཐུགས་མི་སྐབས་ཀྱང་ཞག་བདུན་ཕྲག་རེ་ཟུང་ཙམ་ལ་བུམ་སྒྲུབ་ཀྱི་དབུ་ལ་བཞུགས་ནས་སྒྲུབ་པ་མཛད་ན་ཕན་ཡོན་ཆེ་ཞིང་། དབང་ལུང་ཕྱག་ལེན་རྒྱུན་མི་འཆད་པས་བསྟན་པ་ལ་ཕན་ཆེའོ། །ཡང་རྗེས་སོར་ཐུན་པ་གསར་པ་རེ་རེ་གཉིས་རེ་འདུག་པའང་། རྙིང་པ་བརྗེ་བའམ་གསར་པ་གཞོག་དགོས་བྱུང་ན། གསར་པ་དེ་བུམ་ཁང་དུ་མ་བཙུད། སྔོན་དུ་ཞག་འགའ་རེ་ཟུང་ལ་རྡོར་སེམས་སྒོམ་ལུང་ཕོག་ལ་ཡིག་བརྒྱའམ་བཛྲ་སཏཱ་བཟླ་བཅུག །དགེ་བསྙེན་འཆལ་པ་དེ་ནི་རྩེ་གཅིག་ཆོས་བསམ་པ་ལྟ་བུར་རེད་ན་ནི་དགེ་བསྙེན་སྡོམ་པ་སྤར། མི་ནག་པ་རྩེ་གཅིག་ཡིག་དྲུག་འདོན་མཁན་རེད་ན་སྐྲ་ཕུད་བླངས། དེ་ནས་བླ་མས་གསང་འདུས་གཏོར་དབང་དང་བུམ་སྒྲུབ་ཚིག་ལྷུག་མའི་ལུང་གནང་། གལ་ཏེ་བླ་མ་མ་སྐབས་ན་ཡང་ཐུན་དཔོན་གྱིས་དེ་ཚོ་བྱ་དགོས་ཀྱི་ཆོས་པ་ལེགས་པོ་ཡིན་ཡང་གསང་འདུས་ཀྱི་གཏོར་དབང་ཙམ་ཞིག་མ་ཐོབ་ན། གསང་སྔགས་ལོག་པར་བསྒྲུབ་པ་ཡིན་པས་བར་ཆད་ཀྱི་རྒྱུར་འགྲོའོ། །བཏོན་པ་དེ་ཡང་ཕན་ཡོན་ཆུང་ངོ་། །བུམ་སྒྲུབ་པ་ལ་ནད་པའི་བདུད་ཟློག་དང་གལ་ཆེ་བའི་སྐུ་རིམ་ཞུ་མཁན་བྱུང་ན།


CMR014_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་བྱུང་དུས་དེ་ཉིད་དུ་དྲེགས་པ་ཚར་གཅོད་དམིགས་པ་སྤྱོད་ལ། ཡིག་བདུན་ཕཊསྦྱར་བ་ཕྲེང་སྐོར་འདོན། ཐུན་དཔོན་གྱིས་བཀའ་སྲུང་། གསོལ་ཁ་ལྷག་པོ་གཅིག་བཏང་། ཐུན་པའི་ནང་ནས་ཡི་གེ་ཤེས་པ་གཅིག་གིས་མཚན་འབུམ་འདོན་ནོ། །ཚེ་འདས་བསྔོ་ཞུས་ལྟ་བུ་བྱུང་ན་ཡང་ཚེ་འདས་དོན་ལ། རིགས་དྲུག་གནས་འདྲེན་བྱས་ལ་བྱང་བུ་དཀྱིལ་འཁོར་སྟེང་གི་མར་མེར་བཞུ་ལ། གཞུང་ལྟར་སཱཙྪ་བཏབ་ན་མཆོག །དེ་ཙམ་མ་འགྲུབ་ན་ནི་བུམ་སྒྲུབ་ནང་གི་གསོལ་འདེབས་དང་ཐུགས་རྗེ་ཆེན་པོའི་སྨྲེ་སྔགས་བསྟོད་པ་དང་མཚན་འབུམ་འདོན་པར་བྱ་སྟེ། མཚན་འབུམ་ལ་ཚེ་འདས་མིང་བཅུག་གོ །བུམ་སྒྲུབ་ཅི་བཞིན་པར་བཙུགས་ནས་ཉམས་སུ་བླངས་ན་བཀའ་སྲུང་ཁོ་རང་རྣམས་ཁག་ཁུར་པོ་ཆེ་བས་ཕྲིན་ལས་ཐམས་ཅད་ཤུགས་ཀྱིས་འགྲུབ་པར་ངེས་པས་བཀའ་སྲུང་གི་སྒྲུབ་པ་རྣམས་སོ་སོར་མི་དགོས། འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་ཅེས་གསུངས་པས་མཆོད་བསྟོད་བརྩོན་པ་རང་གིས་ཆོག །སོ་སོར་སྒྲུབ་ལུགས་ནི་སོ་སོའི་གཞུང་ལྟར་རོ། །དེ་ནས་ཟླ་བའམ་ལོའམ་ནམ་འདོད་པར་རིལ་བུ་བཀྱེ་འདོད་ན། བཀའ་སྲུང་བསྐང་གསོ་རྒྱས་པར་བྱ། སྒྲུབ་ཆེན་ལྟར་


CMR014_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འགུགས་དང་དངོས་གྲུབ་བླངས། བླ་མའམ་ཐུན་དཔོན་པས་སྒྲུབ་ཆེན་གཞུང་ལྟར་གྱི་དབང་ཉུང་ངུ་དེ་དང་བུམ་སྒྲུབ་ནས་གསུང་པ་ལྟར་རིལ་བུ་བུམ་པས་དབང་བྱ་སྟེ། དང་པོ་རང་ཉིད་ཀྱི་མགོ་ལ་བཞག །དེ་ནས་ཐུན་པ་ལ་ཡང་འགྲིམ། བཤགས་པ་བཀྲ་ཤིས་བསྔོ་བ་སྤྱི་ལྟར་བྱ། དཀྱིལ་འཁོར་བསྡུ་ཆོག་དང་གཏེར་སྦ་བ་རྡུལ་ཚོན་བཀྱེ་བ་ནི་མི་དགོས། དེ་མིན་་སྒྲུབ་ཆེན་མཇུག་རྫོགས་པར་བྱ། དེ་ནས་རིལ་བུ་བུམ་པའི་ཁ་ཕྱེས་ལ་དྲིལ་བུ་ལ་མཇལ་ལ་འཕེལ་ལམ་མ་འཕེལ་བལྟ། བུམ་རྙིང་རུ་རྩི་རྒྱུ་བཏོན་ལ་བྱིན་རླབས་རྟེན་གསར་པ་མང་དུ་བསྒྲིལ་ཞིང་བསྐམ། དེ་ཚེ་ཞག་འགའ་ཐོག་ཚེ་ཡང་བུམ་པ་དབུས་སུ་བཤམས་ལ། ལོས་བྱང་དང་བཀའ་སྲུང་སོགས་སྔར་མོས་ལྟར་བྱ། བུམ་པ་མང་ན་བུམ་གཡོག་འགའ་རེ་ཁ་ཕྱེ། གཙོ་བུམ་བཞག་ཀྱང་རུང་། དེ་ནས་བླ་མས་ལྕོགས་ན་ཁྲོམ་བསྡུས་ལ་རིལ་བུ་བུམ་པའི་དབང་དང་སྒྲུབ་ཆེན་ནང་གི་དབང་ཉུང་ངུ་བསྐུར། ཕན་ཡོན་བཤད། རིལ་བུ་བུམ་ཆུ་བཀྱེ། ཡིག་བདུན་ཁས་ལེན་བྱ། དེ་ནས་རིལ་བུ་མང་ན་ནམ་དགོས་སྦྱིན་རྒྱུ་དང་། ཐུན་པ་ལ་ཡང་ཅི་འོས་བཀྱེ། སླར་རིལ་བུ་རྙིང་པ་འགའ་ཞིག་དང་། གསར་པ་བུམ་རྙིང་ཐམས་ཅད་བྱ་


CMR014_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་པོ་དུས་བཞིན་བཀོད། རྒྱལ་ཐོ་དང་སྒོ་སྲུང་ཁྲོ་བོ་ནག་པོ་སོགས་གདའ་ན་བྲི་ཝིག་བྱ། རྒྱལ་ཐོ་སྒོ་བྱང་དམ་སྲིའི་མནན་པ་ཁྲོ་བཅུ་སོགས་སྒྲུབ་ཆེན་གསར་དུ་བཙུགས་པ་ལྟར་ས་ཐིག་ཆོག་མ་གཏོགས་ཐམས་ཅད་བྱ། དེ་ནས་སྔར་མུས་ལྟར་སྒྲུབ་པ་ལ་འཇུག་སྟེ། དེ་ཡང་ཞག་བདུན་ནམ། བདུན་གཉིས་གསུམ་སྔགས་རྒྱུན་ཙམ་བསྐང་གསོ་སོགས་དང་པོའི་དུས་བཞིན་འགྲུབ་ན་ལེགས་སོ། །དེ་ནས་འགྲོ་མི་རྣམས་ཀྱང་རང་རང་གི་བཀྲ་ཤིས་བསྡུ་ཆོག་འདོན་ཤེས་ན་བྱ་གཅིག་གིས་རྗེས་ཟློས་བྱས། བུམ་ཆུ་ལས་དངོས་གྲུབ་བླངས་ལ་འགྲོའོ། །འདུག་མི་རྣམས་ཀྱང་རྒྱུན་སྒྲུབ་ལྟར་སྒྲུབ་པར་བྱའོ། །དེ་ནས་ཧ་ཧ། བུམ་སྒྲུབ་པ་འཚོ་བ་སྲབ་ན་ཨ་པར་ཙིཏྟའམ་དམ་ཅན་གྱི་ནོར་སྒྲུབ་རྒྱུན་བསྙེན་བརྒྱ་རེ་ཙམ་བྱའོཤ །བོར་གཏོར་མང་ན་ངན་ནེ་མའི་རྒྱུན་བསྙེན་ཕྲེང་སྐོར་ཙམ་བྱའོ། །ཐུགས་དམ་བཏགས་པ་ཞུ་བ་མང་ན་ཡེ་ཤེས་གྲགས་བསྙེན་རྒྱུན་དང་། རྐུན་མ་བྱུང་ན་ཨ་ཙ་ར་བཏང་བའམ་དམ་ཅན་ཆོ་འཕྲུལ་བཏང་རྒྱུ་དང་། འཁོར་བཅས་བཙན་དྲག་འདོད་པས་ལུང་བཙན་དང་། བུམ་སྒྲུབ་བསྟན་པ་ལ་ཐུགས་ན་དམ་ཅན་སྲོག་སྒྲུབ་བརྩམས་པ་སོགས་བྱེད་རྒྱུ་ཡིན་པར་


CMR014_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གདའ་སྟེ་བྱེད་མཁན་བླ་མའམ་ཐུན་དཔོན་གྱིས་དགོས་སོ། །དེ་རྣམས་འདི་ཡི་ཆ་ལག་ཡིན་པར་ཤེས་དགོས་ཟེར་བ་ཡིན་གྱི། དེ་ལྟར་བྱེད་དགོས་ཟེར་བ་མ་ལགས་སོ། །ཞེས་པ་རྗེ་འབངས་སོག་པོ་ལྷ་དཔལ་གྱི་སྐྱེས་མཐའ་ལྷོ་རིན་པོ་ཆེའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཐུགས་རྗེ་ཆེན་པོ་གསང་འདུས་སྐོར་གྱི་ཟིན་བྲིས་རྒྱས་བཤད་གཏོར་བསྔོས་སོགས་རྒྱས་པར། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་དགེ་སློང་རཱ་ག་ཨ་སྱས་བཀོད་པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་འདིའི་བསྟན་པ་རྒྱས་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR014_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་སྒྲུབ་ཀྱི་ཞལ་ཤེས་འདོན་འགྲིགས་སོགས་ཞིབ་ཆ་ནག་པོ་འགྲོ་ཤེས་སུ་བཀོད་པ་དུམ་གཅིག་ཡོད་དོ།།


CMR014_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བུམ་སྒྲུབ་ཀྱི་ཟིན་བྲིས་ཆེན་པོ་སྔར་བཀོད་པ་དེ་ལ་མ་གསལ་བ་ཅི་ཡང་མེད་མོད་ཀྱིས། འོན་ཀྱང་དེ་ནི་གཞུང་ནས་ཅི་ལྟར་གསུངས་པ་མ་འཆུགས་པའི་ལུགས་སུ་ཡིན་གྱི། དེ་ཙམ་མ་ལྕོགས་པར་བུམ་སྒྲུབ་རྒྱུན་ཁྱེར་ཙམ་བྱེད་པ་ན། །རྒྱལ་ཐོ་འཛུགས་པ་ཡང་སྒོ་ན་འགྲོ་བ་དང་། མཚམས་བྱེད་པ་མ་ལྕོགས་ན། ཁྱིམ་ནས་བྱའི། རྒྱལ་ཐོ་སྒོ་ན་འཛུགས་པ་དང་སྒོ་བྱང་སྒོ་རྒྱབ་ན་བཏགས་པ་ཁང་པ་དེ་ཐམས་ཅད་མཚམས་ཁང་དུ་གྱུར་པས་གཉན་ཆ་ཆེ་བ་གཅིག་འོང་བས་འཕྲག་ཡང་ཕྱིར། རྒྱལ་ཐོ་དཀྱིལ་འཁོར་གྱི་རྩའི་ཕྱོགས་བཞི་


CMR014_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྒོ་བྱང་ཡང་ཤར་ངོས་དཀྱིལ་འཁོར་གྱི་རྩར་འཛུགས་ཆོག་སྟེ། སྔགས་རྙིང་པ་ལ་ཡང་དེ་ལྟར་བྱས་རྗེས་མཐོང་ངོ་། །རིལ་བུ་མང་ན་བུམ་པ་ལྔའམ་དགུ་སོགས་གང་རུང་ལ། ཕུགས་གཏོར་དཀྱིལ་འཁོར་མཐར་བཀོད་རྒྱུ་ཡིན་རུང་། བྱི་བས་གནོད་ཕྱིར་ལོགས་གཏོར་སྒམ་བྱའོ། །ཕོ་བྲང་ཙཀློའི་གདུགས་ཡོད་ན་ལྡིང་ཁྲི་ལྔ་བརྩེགས་སོགས་མི་ཉན་པས་མི་དགོས། མེད་ན་ལྡིང་ཁྲི་དཔེ་ཁྲི་འདྲ་བ་བྱས་གདའ་བ་ལྟར་རུང་། མེད་ན་ཤིང་གི་ཨོམ་བཅིངས་པས་ཆོག་གིས་ལྡིང་ཁྲི་གནད་མི་ཆེ། བུམ་པའི་སྟེང་དུ་བྷནྡྷ་དེ་སྟེང་མེ་ལོང་ཤེལ་རྡོ་དེ་སྟེང་སྒྲུབ་གཏོར་ཡིན་ཏེ་


CMR014_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་གཅིག་གིས་ཆོག །བཞི་པོ་དཀྱིལ་འཁོར་གྱི་ཕྱོགས་བཞི་ཡིན་སྟེང་ན་མིན། གཏོར་མའི་སྟེང་དུ་ཙཀ་གདུགས་མེད་ན་གསེར་སྐུའམ། དེ་མེད་ན་ཙཀྲི་འཛུགས་པས་འཐུས། ཕྱོགས་བཞིར་ལས་བཞིའི་གཏོར་མ་དགོས་ཀྱང་། དངོས་གྲུབ་ལེན་པའི་གཏོར་མ་རྣམས་གྲོལ་ཁའམ། བུམ་པ་ཁ་འབྱེད་ཁ་བར། དང་པོ་ནས་བཅའ་མི་དགོས། མདའ་བཞི་གྲི་བཞི་ཚོན་སྐུད་རྒྱལ་མཚན་བཞི་སྒབ་སྐོར་སོགས་གཞུང་ནས་བཤད་པས་གལ་ཆེ། མཚམས་གཅོད་ཕུར་པ་ཡང་སྒྲུབ་ཁང་ཕྱོགས་བཅུར་བཀྲམ་པ་ཡང་ཡོད་དེ། འདིར་དཀྱིལ་འཁོར་གྱི་མཐའ་ཕྱོགས་བཅུར་བཀྲམ་པ་ལེགས། དམ་སྲི་མནན་དུས་ཕོ་ཉ་སྒོས་བསྐུལ་བྱ་ཟེར་བ་ནི། བཀའ་བརྒྱད་ཕོ་ཉ་སྒོས་བསྐུལ་གྱི་ནང་ནས་པདྨ་གསུང་གི་ཕོ་ཉ་དེ་བསྐུལ་ཞིང་དམར་གཏོར་གཅིག་འབུལ་བ་ཡིན། ཟུར་གཅིག་ཏུ་ཧོམ་ཁུང་དུ་ཉུལ་ལེའི་ལིངྒ་གཞུང་ལྟར་བྲི་ཞིང་བཀུག་གཞུག་གཟིར་ཏེ། རྨི་ལམ་རྩུབ་པའམ་བུམ་ཁང་དུ་གློ་བུར་ནད་པ་བྱུང་བ་སོགས་ལ། ཐུགས་སྒྲུབ་ནང་གི་བདུད་རྩི་སྨན་སྒྲུབ་ཀྱི་ཀུན་ཐུབ་རྒྱལ་མོ་དེ་འདོན་རྒྱུ་ཡིན། དེ་ལ་དམར་གཏོར་རྩེ་དགུ་གཅིག་བཅས་ལ་ཟུར་གཅིག་ཏུ་དང་པོ་ནས་བཞག་གོ །སྔགས་སྲུང་རྡོར་ལེགས་གཞུང་


CMR014_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད་པས་འཐུས་ལ། གཞན་བཀའ་སྲུང་རྣམས་རབ་སོ་སོར་གཏོར་མ་བཅའ་ཞིང་འདོན་པ་གལ་ཆེ། མ་ཐུབ་ཕུགས་གཏོར་མཐའ་རུ་སྤྱི་སོར་དཀར་གཏོར་གཅིག་དང་ཟུར་གསུམ་གཅིག་རྒྱུན་བཞག་ནི་གསོ་བྱས་ལ། སྔགས་བསྔོས་ཙམ་མ་བྱས་ན་མི་རུང་ངོ་། །དང་པོ་དཀར་བགེགས་སོགས་བྱས་མོད་ཀྱིས། རྒྱུན་དུ་ཡང་སྔ་དྲོའི་ཐུན་ལ་ཉུང་ངུ་རེ་དགོས། དེ་ཡང་སྐྱབས་སེམས་སོགས་བསྟན་པ་སྤྱི་ཡི་ལུགས་བྱེད་པ་མི་ལེགས། རང་གཞུང་ལྟར་གྱི་བྱ། དེ་ཡང་སྐྱབས་སེམས་སྔོན་འགྲོ་རྒྱས་པ་དེ་ནི་ཁྲིད་དུས་ཡིན། གཏེར་སྟོན་གྱིས་མཛད་པ་སྟེ་འདིར་མི་དགོས། རྒྱས་པར་འདོད་ན་ལས་བྱང་གི་སྐྱབས་སེམས་ཡན་ལག་བདུན་པ་དང་བཅས་པ། སྤྱི་གཙུག་པད་སྡོང་ཞེས་པ་དམིགས་པ་དང་བཅས་ཚར་གསུམ་བདུན་ངེས་ཤེས་འདྲོང་བར་བྱ། བགེགས་གཏོར་སྦྱིན་ཞེས་པའི་སྐབས་དེར་གཞན་ནས་ཁ་སབ་པ་ནི་བཅོས་སླད་དུ་འགྱུར། གཏེར་གཞུང་བཅོས་ན་བྱིན་རླབས་ཡལ་ཞིང་བཀའ་ཆད་དུ་འགྱུར་བར་གསུངས་པས། དཀར་བགེགས་རྙིང་མའི་དཔེའུ་རིས་ལྟར་ཐོན་ན་རབ། མ་ཐོན་ན་ལྕོག་རྡོག་གཉིས་བཤམས་ལ། བདུད་རྩི་མིན་པས་བྲན་ལ་རིན་པོ་ཆེའི་སྣོད་དུ་བདུད་རྩི་


CMR014_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་འདོད་ཡོན་སྣ་ཚོགས་སུ་བསྒོམ་ཞིང་། ཨ་ཀཱ་རོས་བྱིན་བརླབ་དུས་གཅིག་ལ་བྱ་སྟེ། དང་པོ་དབང་བུམ་མགོའི་ས་སློང་བློངས་ལ། ཧཱུྃ༔ ཇི་ལྟར་སྔོན་གྱི་སོགས་ནས་ཤཱནྟཾ་ཀུ་རུའི་བར་བརྗོད་པ་དཀར་གཏོར་རོ། །སྒྲུབ་ཆེན་ནང་གིས། ཧཱུྃ༔ བྱང་ཆུབ་སྒྲུབ་ལ་མི་དགའ་བའི༔ ཞེས་པ་ནས། གཞན་དུ་དེངས༔ ཀྱི་བར་བརྗོད་ནས་དོར་བ་བགེགས་གཏོར་རོ། །དེ་ནས། ཧཱུྃ༔ ཉོན་ཅིག་ནས་བིརླ་རཱ་ཛའི་བར་གྱིས་བགེགས་བསྐད་ནས། མཚམས་བཅད། ཅེས་པའི་སྐབས་སུ། ཕྱི་མཚམས་རྒྱལ་ཐོའི་གཏོར་མ་བཞི་དང་། ཁྲོ་བོའི་གཏོར་མ་གཉིས་རྒྱུན་དུ་དཀྱིལ་འཁོར་འདབས་སུ་བཤམས་པ་གསོ་བྲན་བྱས་སམ། ་འཕྲལ་དུ་མ་འཛོམ་ན་གཏོར་ཆུང་བཤམས་ཀྱང་རུང་སྟེ། ཨ་ཀཱ་རོས་བྱིན་བརླབས་ནས་ཧཱུྃ། སྔོན་ཚེ་རྒྱལ་བའི་ཞེས་སོགས་སྤྱན་དྲངས་ནས། བར་གྱི་ཚིགས་བཅད་དེ་འགྲེས་མི་བཤང་བར། རི་རབ་ཆེན་པོའི་ཕྱོགས་བཞི་ནས༔ ཞེས་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ ཞེས་དུས་གཅིག་བརྗོད་ལ་སོ་སོའི་སྔགས་ཀྱིས་གཏོར་མ་བསྔོས་ལ། རྒྱལ་པོ་བཞིའི་བསྟོད་པ་བཞི་པོ་བརྗོད་དོ། །ཁྲོ་བོའི་གཏོར་མ། ཧ་ཧོ་ཧྲིས་བྱིན་བརླབས་ནས། །


CMR014_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ གསང་འདུས་མཆོག་གི་ཕོ་བྲང་འདིར༔ ཁྲོ་བོ་བདུད་རྩི་འཁྱིལ་པ་དང་༔ ལས་ཀྱི་གཤིན་རྗེ་སོགས་ནས། ཁྱོད་ལ་གཏད༔ ཀྱི་བར་སྒྲུབ་ཆེན་དང་། ཨོ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་དང་གཞུང་བདུད་རྩིའི་སྔགས་ལ། བ་ལི་ཏ་ཁཱ་ཧི༔ བར་དང་། བདུད་རྩི་འཁྱིལ་སྔགས་རཀྟ་ཅན་ཡང་ཚར་གཅིག་བརྗོད་པས་ཕྱི་མཚམས་སོ། །ཁྲོ་ཆུང་རྒྱ་མཚོ་རླབས་ལྟར་འཁྲུགས༔ ཞེས་སོགས་ནས། ཧ་ན་ཧཱུྃ་ཕཊ༔ ཀྱི་མཇུག་ཏུ་ཁྲོ་བཅུའི་མཚམས་གཅོད་ཕུར་པ་ནས་སབ་བོ། །དེ་ནི་ནང་མཚམས་ཡིན་ནོ། །དེ་ནས་གསང་བའི་བྱིན་ཆེན་ཕོབ་ཅེས་པའི་སྐབས་སུ། རབ་ཐུགས་སྒྲུབ་རིག་འཛིན་བྱིན་འབེབས། དེ་མ་ལྕོགས་ན་རང་གཞུང་སྒྲུབ་ཆེན་བྱིན་འབེབས་དེ་སབ་དགོས་ཏེ། བྱིན་ཐིབ་ཐིབ་མ་བྱུང་བར་དུ་བྱིན་དབབ་པ་ཁག་ཆེ་གསུངས་པས་སོ། །དེ་ནས་གཞལ་ཡས་ཁང་བསྐྱེད་ཚར་ནས། གཙོ་བོའི་མངོན་རྟོགས་ལས་བྱང་གི་དེ་སྐྱུར་ལ། བུམ་སྒྲུབ་ཚིགས་བཅད་མའི་གཞུང་། ཧཱུྃ་ཧྲཱིཿ དལ་དབུས་གྷིཡི་འཕྲོ་འདུ་ལས༔ ཞེས་པའི་མཚམས་ནས། རང་རིག་པདྨ་ཉི་ཟླའི་སྟེང་༔ ཞེས་པ་ནས། ཡིག་དྲུག་བསྐོར༔ ཞེས་པའི་བར་བཙུད། ཐུགས་ཀར་རྟ་མགྲིན། ནས་


CMR014_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐམས་ཅད་ལས་བྱང་ལྟར། འཇའ་ལྟར་བསྒོམ༔ ཞེས་པའི་མཚམས་སུ། བུམ་སྒྲུབ་ཚིགས་བཅད་མ་ལས། བུམ་པ་ཧཱུྃ་ལས་གཞལ་ཡས་ཁང་༔ ཞེས་པ་ནས། ཤོ་ལོ་ཀ་བུམ་བསྐྱེད་དེ་འཛུད། དེ་ནས་ལས་བྱང་གཞུང་ལྟར་ཚར་གཅིག་བྱ། འཛབ་དགོངས་དང་སྔགས་རྣམས་ཚར་གཅིག་སྔགས་མཆོད་ཀྱི་ཚུལ་དུ་འདོན་མོད། དམིགས་པ་ནི་འཛབ་དགོངས་དང་བུམ་སྒྲུབ་གཞུང་གི་དམིགས་པ་སྟེ། དམིགས་པ་སྤྱོད་རྒྱུ་ཟིན་བྲིས་ཆེ་བ་ལས་ཁོལ་དུ་བྲིས་ཡོད་པ་ལྟར་བྱའོ། །འདི་མ་ཧཱ་ཡོ་གའི་ལུགས་ཡིན་པས། ལས་བྱང་དུས་དྲུག་གམ་བཞིའམ་གསུམ་མམ། ཐ་ན་ཡང་ཉིན་མཚན་ཐུན་གཉིས་ལ་མེད་ཐབས་མེད་ཀྱང་། རྒྱུན་དུ་དེ་ཙམ་མི་ཐུབ་པས། སྔ་དྲོ་ལ་གོང་ལྟར་ཐམས་ཅད་སབ་ལ་རྒྱས་པ་ཚར་གཅིག་བྱ། །འདིར་ཐུགས་སྒྲུབ་རིག་འཛིན་བྱིན་འབེབས་ཐོན་ན་ལེགས། ཉིན་ཕྱེད་ལ་མཆོད་འབུམ། དགོང་ཁ་ལ་སངས་རྒྱས་མཚན་འབུམ། མཚན་ལ་ཁ་སབ་མེད་པའི་ལས་བྱང་གཞུང་རྐྱང་ཚར་གཅིག་སྟེ། ཐུན་བཞིའི་རྣམ་གྲངས་བྱའོ། །རྒྱུན་དུ་སངས་རྒྱས་སྟོང་གི་མཚན་འབུམ་མ་ཐོན་ན། དྲུག་པ་སེང་གེའི་བར། དེ་ནས་ལས་བྱང་གི །བསྐལ་བཟང་འདི་ལ་སོགས་ཤོ་ལོ་


CMR014_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་གཅིག་ཏུ་བསྡུས་ལ། སངས་རྒྱས་སྣང་སྲིད་ནས་སེམས་དཔའ་གཉིས་མན་མཚན་འབུམ་ལྟར་འདོན་པས་འཐུས་སོ། །ཚོགས་གཏོར་འབུལ་སོགས་ཚེས་བཅུའི་དུས་སམ་། འཛོམ་དུས་བྱའི། རྒྱུན་དུ་མི་དགོས་སོ། །མར་མེ་རྒྱུན་འབར་བཞི་སོགས་གསུང་ལྟར་བཤམ་པར་བྱའི། རྒྱུན་དུ་མི་འབྱོར་ན་སྦྱར་མི་དགོས་སོ། །དངོས་གྲུབ་ལེན་ཆོག་རྟགས་ལེགས་པོ་བྱུང་དུས་བྱའི་རྒྱུན་དུ་མི་འདོན་ནོ། །དཀྱིལ་འཁོར་བསྡུ་ཆོག་ནི་ཐུན་པ་བརྗེ་དུས་འགྲོ་མི་རྣམས་ཀྱིས་འདོན་གྱི། འདུག་མིས་མི་འདོན་ནོ། །རྟགས་མ་བྱུང་ན་བུམ་སྒྲུབ་གཞུང་གི་གསོལ་འདེབས་བྱའོ། །དང་པོ་ཁ་གཅིག་མ་གྲོལ་བར་བུམ་སྒྲུབ་སྔགས་མི་སྦྱར། དེ་ནས་ཐུན་སྐབས་སུ་སྔགས་རིང་དེ་འདོན་དགོས་ཀྱི། ཡིག་བདུན་ཁོ་ནས་རིལ་བུ་འགྲུབ་པ་མིན་པར་ཤེས་པ་གལ་ཆེ་ཆེ། དེ་ཡང་རང་དོན་སྒྲུབ་པ་གསང་དང་ཕྱི་སྒྲུབ་ནང་སྒྲུབ་རྣམས་ཡིན། བུམ་སྒྲུབ་ནི་འགྲོ་བ་སེམས་ཅན་འབྲེལ་ཐོགས་འདྲེན་པའི་གཞན་དོན་ལས་སྦྱོར་གྱི་སྒྲུབ་པ་ཡིན་པས། སློབ་དཔོན་དེས་རབ་ཕྱི་ནང་གསུམ། འབྲིང་གསང་སྒྲུབ་ཚར་བ་གལ་ཆེ་ལ། གལ་ཏེ་མ་ཚར་ན་ཟླ་གཅིག་ལ་གསང་སྒྲུབ་བྱས་ལ། དེ་ནས་བུམ་སྒྲུབ་ལ་འཇུག་


CMR014_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཟིན་བྲིས་ཆེན་པོ་ལ་གསལ་ལྟར་བྱའོ། །ལ་ལ་དག་གསང་སྒྲུབ་བདག་བསྐྱེད་བསྡུས་པ་ཟུར་དུ་བྲིས་ནས་བུམ་སྒྲུབ་ཀྱི་གནད་ཆེ་ཡིན་པ་སྐད་དུ་ཐོ་རངས་འདོན་པ་སོགས་ནི་མ་གོ་བ་སྟེ། གསང་སྒྲུབ་དང་བུམ་སྒྲུབ་མི་གཅིག་སོ་སོ་ཡིན་པ་ཤེས་པར་བྱའོ། །རིལ་བུ་ཁ་འབྱེད་ཚེ་ནི་དངོས་གྲུབ་ལེན་ཆོག་གི་འབྲང་རྒྱས་ཞེ་བརྒྱད་དང་། རིན་ཆེན་འབར་བ་སོགས་བཅས་ལ་སྒྲུབ་ཆེན་ནས་གསུངས་པ་ལྟར་དངོས་གྲུབ་ལེན་ཆོག་སྔགས་སྟོང་ཙམ་བཟླ། དངོས་གྲུབ་ལེན་པའི་ཚིགས་བཅད་རྣམས་དང་། བུམ་སྒྲུབ་ཀྱི་གཞུང་གི་གསོལ་འདེབས་དང་བྱིན་འབེབས་སོགས་རྒྱས་པར་བྱ། སྒྲུབ་ཆེན་གཞུང་གི་སྒྲུབ་དབང་དེ་བསྐུར་རོ། །རང་གིས་བདག་འཇུག་བླངས། ལས་བྱང་དངོས་གྲུབ་ལེན་ཆོག་སོགས་བྱས་ལ་ཁ་ཕྱེ། ཁྲོམ་ལ་ཡང་བུམ་དབང་ངམ་གཏོར་དབང་ཙམ་བསྐུར། ཕན་ཡོན་བཤད་ལ་རིལ་བུ་བཀྱེས། སླར་ཡང་སྔོན་ལྟར་རིལ་བུ་བླུགས། མཆོད་གཏོར་བཤམས་ལ་སྒྲུབ་པ་ཁ་གསོ་སྔགས་རྒྱུན་ཞག་བདུན་ཙམ་བྱས་ལ། མང་མས་བསྡུ་ཆོག་ལས་བྱང་གཞུང་ལྟར་བྱས་ལ་བྱེར། འདུག་མི་རྣམས་སྔར་ལྟར་བྱའོ། །རྒྱུན་དུ་ཐུན་དཔོན་དེས་བསྐྱེད་རིམ་སོགས་མི་གསལ་དོགས་ན། ནང་ཐོ་


CMR014_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རངས་དུས་བཟང་དུས་བུམ་ཁང་དུ་བྱོན་ལ། ཆོ་ག་རྣམས་ཚར་རེ་གསུངས་ནས། བསྙེན་པ་ཕྲེང་སྐོར་ཡ་ཟུང་བྱ། ཐུན་པ་ཐམས་ཅད་ལ་དམིགས་རིམ་སྤྱོད། རབ་གནས་ཚུལ་དུ་བཀྲ་ཤིས་བརྗོད་ནས། བསྡུ་ཆོག་མི་འདོན་པར། མདུན་བུམ་བསྐྱེད་རིམ་མི་བསྡུ་བར་བཞག །བདག་བསྐྱེད་སྟོང་པར་བསྡུས་ལ། མདུན་གྱི་དཀྱིལ་འཁོར་གྱི་ཁྱམས་ནས་ཕྱིར་དོན་པར་བསྒོམས་ནས་ཚུར་འབྱོན་པ་དེ་འདྲ་སྐབས་སུ་མཛད་ན་ལེགས། གཞན་གྱི་ཞིབ་ཆ་ཐམས་ཅད་སྔོན་གྱི་ཟིན་བྲིས་རྒྱས་པ་དེ་ལ་ཞིབ་ཀྱིས་གཟིགས་ན་དེ་ལ་མེད་པ་གཅིག་ཀྱང་མེད་པས། ཞིབ་པར་ནན་གྱིས་གཟིགས་པ་དང་། དེའི་དམིགས་པ་སྤྱོད་རྒྱུ་དེ་རྣམས་ཐུན་པ་ལ་ཡང་ཡང་སྤྱོད་པ་དང་། བླ་མ་ཐུགས་མ་སྐབས་ཀྱང་ཐུན་དཔོན་པས་ཡང་ཡང་སྤྱོད་ཅིང་གསལ་འདེབས་པ་དང་། སྤྲོ་བ་འཕེལ་ཕྱིར་ཕན་ཡོན་དེ་ཡང་སྐབས་སུ་ཐུན་པས་ཐོས་པར་ཡང་ཡང་འདོན། དེའི་ཚེ་ཐུན་མི་འཆད་པར་ལྐོག་འབུགས་སུ་འདོན་པ་དང་། །དགོང་མོ་བགེགས་བསྐྲད་ཀྱི་དམིགས་པ་སྤྱོད་ནས་ཡིག་བདུན་ཕཊསྦྱར་བ་ཕྲེང་སྐོར་ཙམ་དྲག་ཏུ་བརྗོད་པ་རྣམས་གལ་ཆེའོ། །ཞེས་པ་རཱ་ག་ཨ་སྱས་བྲིས།། །།སརྦ་མངྒ་


CMR014_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR014_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྐྱེ་བདུན་རིལ་བུ་སྒྲུབ་དུས་ཐུན་པ་ཚོ་ལ་དམིགས་པ་སྤྱོད་ལུགས་བཞུགས་སོ།།


CMR014_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་བླ་མ་བཞུགས་ན་རབ་མེད་ན་ཐུན་དཔོན་གྱིས་ཚོས་ལུང་ལྟར་བརྗོད། དེ་ཆེ་ཐུན་པ་རྣམས་ཀྱིས་ཐུན་མ་ཆད་པོར་ལྐོག་འབུགས་སུ་འདོན་ཞིང་ཉན་པར་བྱའོ།། འོ་ན་ད་ལམ་ཁྱེད་ཐུན་པ་རྣམས་ལ་དམིགས་པ་སྤྱོད་ཚེ་སྔགས་ཡིད་འདོན་ཐུན་མ་ཆད་པར་མཛོད་ལ་ལེགས་པར་ཉོན། སེམས་གཞན་གཡེང་བས་བྱས་པ་ནི། །དེ་དག་འབྲས་བུ་དོན་མེད་ཡིན། །ཞེས་གསུངས་པས་སེམས་མ་ཡེངས་པར་དམིགས་པ་རྩེ་གཅིག་གཏད་ནས་འདོན་དགོས་སོ། །དེང་སང་ཡིག་དྲུག་དུང་ཕྱུར་མང་པོ་ཐོན་པ་རྣམས་ལ་ཡང་། དངོས་སུ་ལྟ་ཅི་སྨོས་རྨི་ལམ་གྱི་རྟགས་གསལ་པོ་ཙམ་མི་འབྱུང་བ་དེ་སེམས་ཡེངས་བ་དང་། དབང་


CMR014_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མ་ཐོབ་པ་དང་། སྒྲུབ་ཐབས་མི་ཤེས་པ་དང་། ཆོ་ག་དང་མ་འབྲེལ་ནས་རང་ག་མི་ནག་སྔགས་འདོན་དུ་སོང་བའི་སྐྱོན་ཡིན། ངེད་རང་རྣམས་དེ་དང་མི་འདྲ་དབང་ལུང་ཐོབ། སྒྲུབ་ཐབས་ཟབ་ལ་རྒྱ་ཆེ་བ་སྒྲུབ་ཆེན་གྱི་ཁོང་ནས་བསྒྲུབ། ཆོ་ག་བཏང་མཁན་ཐུན་དཔོན་གྱིས་གཞུང་བཟུང་། བགེགས་དང་བར་ཆད་སེལ་ཕྱིར་ཉུལ་ལེ་བསྐྲད། གཞན་གྱི་ངོ་གྲིབ་མི་ཕོག་པའི་མཚམས་བསྡམས། མཐུན་རྐྱེན་བཟའ་བཏུང་གི་སེམས་ཁྲལ་མེད་པར་སྦྱིན་བདག་གིས་སྦྱར། འདི་ལྟ་བུ་རྟགས་མི་ཐོན་པ་ངེད་རང་རྣམས་སེམས་ཡེངས་བས་ལན། ད་ནི་མ་ཡེངས་པར་འདི་ལྟར་


CMR014_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་གལ་ཆེ་ཆེ། དེ་ཡང་བུམ་སྒྲུབ་གཞུང་གཉིས་ནས། དངོས་གཞི་བསྐྱེད་པའི་རིམ་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན། །ཕྱག་གཡོན་པད་སྡོང་བདུད་རྩི་བསྣམས། ་།རྡོ་རྗེའི་སྐྱིལ་ཀྲུང་རང་འདྲའི་ཡུམ། །གསང་བ་ཡེ་ཤེས་མདངས་ལྡན་མ། །གཉེན་ལྕགས་འཁྲིལ་ཞིང་དབྱེར་མེད་བསྒོམ། །སྤྱི་གཙུག་རིགས་བདག་ཐུགས་ཀར་ནི། །ཟླ་སྟེང་ཧྲིལ་ཡིག་དྲུག་བསྐོར། །བདག་ཉིད་ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་དེ་ལྟར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱིདང་མཐའ་ལ་ཡིག་དྲུག་གསལ་བ་ལས་འོད་འཕྲོས། བདེ་བ་ཅན་ནས་ཡེ་ཤེས་པ་སྤྱན་དྲངས་ལ་གཉིས་མེད་དུ་བསྟིམ། སྟོང་པའི་ངང་ལས་བུམ་པ་ཧཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་ཐམས་ཅད་རྫོགས་པ། ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པ་རྒྱ་ཆེ་སྤང་དུ་མཐོ་བར་བསྒོམ། ནང་གི་རིལ་བུ་དཔག་མེད་རེ་རེ་ལ་ཡང་། བོདག་ཉིད་ཐུགས་རྗེ་ཆེན་པོ་ཅི་འདྲ་བ་རེ་རེ་དེ་བཞིན་བསྒོམ། དེ་དག་གི་དམ་ཚིག་པ་རེ་རེ་ལ་ཐུགས་སྲོག་ཧཱིདང་། བདག་གི་ཧཱུྃལས་འོད་འཕྲོས་བདེ་བ་ཅན་དང་། པོ་


CMR014_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལ་ནས་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་རིལ་བུ་རེ་རེ་ལ་ཡང་བསྟིམ་མོ། །དེ་ནས་གཟུངས་ཐག་འཐེན་པ་ཐམས་ཅད་ལ་བཟུང་བཅུག་ལ། སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཞིང་དང་སྐུ་རུ་བསྒོམ་མོ། །བུམ་སྒྲུབ་གཞུང་ལས་འཛབ་དགོངས་ལྟར་དུ་ཞེས་གསུངས་པའི་ཕྱིར། རང་ཐུགས་རྗེ་ཆེན་པོར་བསྒོམས་པ་ལྟར་རིལ་བུ་རེ་རེ་ཡང་ཐུགས་རྗེ་ཆེན་པོ་རེ་རེ། དེ་རེ་རེའི་དབུ་གཙུག་ཏུ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཆོས་གོས་མཉམ་བཞག་ཅན་རེ་རེ། ཐུགས་རྗེ་ཆེན་པོའི་ཐུགས་ཀའི་ཆ་སྨད་དུ་རྟ་མགྲིན་དམར་པོ་གྲི་གུག་དང་ཐོད་ཁྲག་འཛིན་པ་རེ་རེ། དེ་ལྟར་བདག་དང་མཐའ་ཡས་རྟ་མགྲིན་གསུམ། །ཐུགས་ཀར་ཟླ་སྟེང་ཧཱུྃཡིག་མཐར། །ཡིག་དྲུག་བསྐོར་བསམ་བདག་ཉིད་ཀྱིས་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཞེས་ཡི་གེ་བདུན་པ་བཟླས་པས། བདག་དང་རིལ་བུ་ཐམས་ཅད་ཀྱི། །སྔགས་ལས་འོད་ཟེར་དཀར་པོ་འཕྲོས། །རྒྱལ་བའི་སྐུ་ལ་མཉེས་མཆོད་འབུལ། །དངོས་གྲུབ་བདག་དང་རིལ་བུར་འདུས། །ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས། །སྡུག་བསྔལ་མ་ལུས་ཞི་བར་བསམ། །མཐའ་ཡས་ཐུགས་ཀའི་སྔགས་ཕྲེང་


CMR014_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །འོད་ཟེར་དམར་པོ་དཔག་མེད་འཕྲོས། །རྒྱལ་བའི་གསུང་ལ་མཉེས་མཆོད་འབུལ། །གསུང་གི་དངོས་གྲུབ་བདག་དང་རིལ་བུར་འདུས། །སེམས་ཅན་ཀུན་གྱི་ངག་སྒྲིབ་སྦྱངས་། །ཀུན་ཀྱང་བདག་གི་དབང་བསྡུས་བསམ། །རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་མཐིང་ག་རབ་འཕྲོས་པས། །རྒྱལ་བའི་ཐུགས་ལ་མཉེས་མཆོད་འབུལ། །ཐུགས་ཀྱི་དངོས་གྲུབ་བདག་དང་རིལ་བུར་ཐིམ། །སེམས་ཅན་ཀུན་གྱི་ཡིད་སྒྲིབ་སྦྱངས། །སྣང་བ་ཐམས་ཅད་དབང་འདུས་བསམ། །ཞེས་པ་ཙམ་མམ་རྒྱས་པར་ན་དེའི་དོན་བཀྲོལ་ལ་བཤད། དེ་ལྟར་འོད་ཟེར་འཕྲོ་འདུ་རྣམས། །རྒྱལ་བ་མཉེས་མཆོད་རྒྱུན་མི་འཆད། །རིགས་དྲུག་སྒྲིབ་སྦྱོང་རྒྱུན་མི་འཆད། །བདག་ལ་དངོས་གྲུབ་རྒྱུན་མི་འཆད། །རྒྱུན་ཆད་མེད་པ་གསུམ་ལྡན་གྱི། །ཏིང་འཛིན་འདིས་ཟབ་འཇིག་རྟེན་འདིར། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས་དེ་ལས་ཟབ་པའི་ཏིང་འཛིན་ནི་སྔར་འདས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་ལ་ཡང་མ་བྱུང་། མ་འོངས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་ལ་ཡང་འབྱུང་བར་མི་འགྱུར་ཏེ། ཤིན་ཏུ་ཟབ་ཅིང་དཀོན་པའི་དམིགས་པ་ཡིན་ནོ། །རྣལ་འབྱོར་པ་


CMR014_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་འདི་ལྟ་བུའི་ཏིང་ངེ་འཛིན་ཤིན་ཏུ་གསལ་ཞིང་ཡང་ཡང་གསལ་བཏབ་པ་ཤིན་ཏུ་གནད་ཆེའོ། །ཞེས་གསུངས་སོ། །དམིགས་པ་དེས་ཅུང་ཟད་སུན་པ་བྱུང་ན། རང་ཐུགས་རྗེ་ཆེན་པོར་བསྒོམས་ནས་ཡི་གེ་བདུན་པ་འུར་དི་རི་རི་བཟླས་པས་རིགས་དྲུག་གི་འགྲོ་བ་ཐམས་ཅད་ཀྱང་། བུང་བ་ཚང་ཞིག་པ་ལྟར་དུ་དི་རི་རི་བཟླས་པས། རིགས་དྲུག་གི་ལས་དང་སྡུག་བསྔལ་ཐམས་ཅད་དག་ནས་ཐུགས་རྗེ་ཆེན་པོའི་ཞིང་དུ་འགྱུར་པར་བསམས་ལ་བཟླ། བུམ་ནང་གི་ལྷ་ཚོགས་ཐམས་ཅད་དང་། མདོར་ན་སྣང་སྲིད་ཐམས་ཅད་ཡི་གེ་བདུན་པའི་སྔགས་སྒྲ། བུང་བ་ཚང་ཞིག་པ་ལྟར་དུ་སྔགས་ཏི་རི་རི་འུ་རུ་རུ་བཟླས་པས། དེ་ལྟར་བསྒོམས་པས་རིགས་དྲུག་ཀུན་གྱི་སྡུག་བསྔལ་ཐམས་ཅད་དག་ནས་བདག་གིས་འདྲེན་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་སྒྲུབ་པ་ཆེན་མོ་དང་། རྣལ་འབྱོར་པ་རྒྱུན་གྱི་བསྙེན་སྒྲུབ་ཀུན་ལ་འདི་དམིགས་པའི་འཕྲུལ་དམིགས་ཤེས་ན་ཤིན་ཏུ་ཟབ་ཅིང་མྱུར་བ་ཡིན་ནོ། །བསྐྱེད་རིམ་དང་དམིགས་པ་མ་གསལ་ན། རྟགས་དང་ཡོན་ཏན་ཕྱིར་འགྱང་སྟེ། དེས་ན་བསྐྱེད་རིམ་དངདམིགས་པ་ཡང་ཡང་གསལ་བའི་གཟེར་འདེབས་པའི་གནད་ཆེ་བར་


CMR014_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །ཞེས་གསུངས་སོ། །བུམ་སྒྲུབ་གཞུང་ནས། ངག་བཅད་ལེ་ལོ་དང་། ཆང་དང་། གཉིད་དང་། གཏམ་སྤངས་ཏེ། ཉིན་མཚན་རྒྱུན་གྱི་ཐུན་བཙུགས་ཏེ་ལེགས་པར་བཟླའོ། །ཞེས་གསུངས་པ་ལྟར་རང་གི་ཚེ་ཕྱི་མའི་དོན་ཡིན། སྦྱིན་བདག་གི་དོན། སེམས་ཅན་ཐམས་ཅད་ཕ་མ་ཤ་སྟག་ཡིན། དེ་རྣམས་ཀྱི་དོན་ཡིན་པས་ཁྲལ་སོད་ཙམ་མིན་པར་ཐུགས་ཁུར་སོ་སོ་ནས་མཛད་པ་གལ་ཆེ། དེ་ལྟར་བྱས་པས་སྐྱེ་བོ་ཕལ་པས་མ་ཎི་འདོན་པ་ལྟར་བཟང་མེད་ངན་མེད་མིན། རབ་མངོན་སུམ། འབྲིང་ཉམས་སྣང་ཞེས་གཉིད་པ་ཡང་མིན། མ་གཉིད་པ་ཡང་མིན་པར་འཁྲུལ་སྣང་འདྲ་བ། ཐ་མ་རྨི་ལམ་དུ་བཟང་རྟགས་ངན་རྟགས་འོང་། ངན་རྟགས་ནི་སྒྲུབ་ཆེན་གྱི་གཞུང་ནས། ངན་པའི་རྟགས་སུ་རྨིས་ལྟས་ཉི་ཟླ་ནུབ་པ། ཁ་ཆར་འབབས་པ། གྲོགས་མེད་གཅིག་པུར་འཁྱམས་པ། སྐྱོགས་དང་། དམག་དང་། སྒོ་ནོན་དང་། མཛེ་ཕོ་དང་། སྤང་པོ་དང་། མཚོན་ཡུ་མེད་། བུད་མེད་ནག་ཁྲོས་དང་སྤྱོད་པ། དེ་དག་ནི་དམ་སེལ་དང་། མཁའ་འགྲོ་ཆོས་སྐྱོང་ཁྲོས་པ་དང་། བར་ཆད་འབྱུང་བས་བསྐང་བཤགས་ལ་འབད། ཅེས་དང་། ཨོ་རྒྱན་


CMR014_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཞལ་ནས། ཀྱེ་ཧོ། ཉོན་དང་སྐལ་ལྡན་འདིར་ཚོགས་རྣམས། །བརྩོན་འགྲུས་དག་དང་སྒོ་གསུམ་གུས་བྱས་ནས། །བྲེ་མོའི་གཏམ་དང་ལོག་སྤྱོད་ཉེས་པའི་ཆང་། །འཐབ་རྩོད་ཀུ་ཅོ་ལེ་ལོ་གཉིད་དབང་སྤངས། །ཉེ་རིང་ཕྱོགས་ལྟས་མཉས་ཆོས་ཕྲ་མོ་དང་། །ཚོད་ཡོད་རྔམ་ཆོས་ལོག་ལྟ་བག་མེད་དང་། །ལྷ་ཆོས་ཚོད་ཡོད་དད་མེད་ལོག་སྤྱོད་སོགས། །ལུས་ངག་ཉེས་པའི་བྱ་བ་ཐམས་ཅད་བསྡམས། །དད་གུས་བརྩོན་འགྲུས་ངེས་འབྱུང་དག་སྣང་དང་། །བླ་མ་ལ་གུས་རྒྱལ་ཐེབ་རིག་མ་སོགས། །ཀུན་ལ་གུས་ཤིང་མཆེད་ལ་གདུང་བར་མཛོད། །འདི་འདྲའི་དཀྱིལ་འཁོར་གསང་ཆེན་སྒྲུབ་མཐོང་ན། །མཆོག་གི་དངོས་གྲུབ་ཚེ་གཅིག་མ་རྟོགས་པ། །ཐུན་མོང་ཕྲན་ཚེགས་ཙམ་ལས་མ་སེམས་ཤིག །འདི་འདྲའི་དབང་བསྒྲུབ་བཙལ་བས་སུ་ཡིས་རྙེད། །རང་ཆག་འདིར་ཚོགས་ཆོས་བསོད་ཤིན་ཏུ་ཆེ། །སློབ་དཔོན་ཚིག་ལ་གུས་པས་རྩེ་གཅིག་ཉོན། །བཀའ་ལས་འདས་ན་དངོས་གྲུབ་བརླག་པར་འགྱུར། །དེ་སྐད་དུས་བཞིའམ་ཉིན་མཚན་རེས་ཀྱིས་བསྐུལ། །ཞེས་གསུངས་པ་དང་མཐུན་པར་བྱས་ལ། རྟགས་ནི་བུམ་སྒྲུབ་གཞུང་ལས། དེ་ཚེ་


CMR014_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་རིམ་པ་ཡང་། འོད་དང་དུ་བ་དང་དྲི་བཟང་པོ་དང་། ལྷ་ཡི་ཞལ་མཐོང་བ་དང་། ཉམས་སྤྲོ་བ་ཤེས་པ་བྱིན་ཆགས་པ། དཀྱིལ་འཁོར་མཆོད་རྫས་རྣམས། བཀྲག་མདངས་གསལ་བ། རྨི་ལམ་དུའང་ཉི་ཟླ་ཤར་བ་གོས་དཀར་པོ་གྱོན་པ། རྔ་རྡུང་བ་དང་དུང་འབུད་པ་དེར་ཕྱིར་བ། ཁྲུས་བྱེད་ཆོས་འཆད། སེམས་ཅན་སྲོག་སྐྱོབ་པ། གྲུ་པ་བྱེད་དམ་ཟམ་བཙུགས། ནམ་མཁར་འཕུར་བ་ལ་སོགས་འབྱུང་། དངོས་སུ་ཡང་བུམ་ཆུ་དང་གཏོར་མ་ཁོལ་བ་ལ་སོགས་རྟགས་ཁྱད་པར་ཅན་འབྱུང་བར་གསུངས། སྒྲུབ་ཆེན་ནས། དེ་ཚེ་སྒྲུབ་པའི་རྟགས་ཀྱི་རིམ་པ་ཡང་། དངོས་ཉམས་སམ་རྨི་ལམ་དུ། བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་མཇལ་བ། ལྷ་དང་མཁའ་འགྲོས་ཆོས་འཆད་ལུང་སྟོན་པ། ནམ་མཁར་འཕུར་བ་གངས་དང་རི་ལ་འཛེགས་པ། ཉི་ཟླ་ལ་བརྩེས་པ། རྔ་རྡུང་བ། དུང་འབུད་པ། དར་ཕྱར་བ། ཁྲི་ལ་འདུག་པ། ཁྲོམ་འདུ་བ། བུད་མེད་མ་སྲིང་བཟང་མོས་ཟས་བཅུད་སྟེར་བ། མཆོད་རྟེན་ལྷ་ཁང་བརྩིགས་ཚར་བ། ཤེལ་དང་གཏེར་དང་རིགས་ལྔའི་ཕྱག་མཚན་རྙེད་པ། དངོས་སུ་ཡང་སྒྲ་དང་དྲི་དང་དུ་བ་དང་བུམ་ཆུ་གཏོར་མ་ཁོལ་བ། བུམ་


CMR014_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལ་ཁ་སྐྱེ། ཕུར་པ་འཁྲབ། གཏོར་རྫ་ས་དགུན་མི་འཁྱག །དབྱར་མི་རུལ། རྨིས་ལྟས་སུ་ཁྲུས་བྱས་ཆུ་བརྒལ། གཟིངས་བཙུགས། གོ་མཚོན་ཐོགས་པ། ཉམས་སྤྲོ་བ་སེམས་ལས་སུ་རུང་། ནུས་པ་ཆེ། མཆིལ་མ་ཁོལ། ་དགྲ་འཆི་འདྲེ་འབྲོས། མཁའ་འགྲོས་བཀླག་དི་རེ་དངོས་གྲུབ་སྐྱེལ་བ་ལ་སོགས་འབྱུང་ངོ་། །ཞེས་གསུངས་པ་ལྟར་བཟང་རྟགས་བྱུང་ཡང་། ཧ་ཅང་ང་རྒྱལ་དང་། རློམ་སེམས་མི་རུང་དགའ་བྲོད་ཀྱི་བདུད་འཇུག །མེ་བུས་ན་དུ་བ་འོང་བའི་དཔེ། སྒྲུབ་ཆེན་འདི་ལྟ་བུ་བྱས་པ་ལ་རྟགས་དེ་ཙམ་ཆུང་ཚོད་ཡིན། ངོ་མཚར་རྒྱུ་མེད་སྙམ་དུ་བྱ། ངན་པའི་རྟགས་བྱུང་ན་ཡང་ངན་སྙམ་མཁན་གྱི་སེམས་ལ་བལྟས་པས་སྟོང་པར་རྟོགས། མངོན་སུམ་ཡང་བདེན་པར་མ་གྲུབ་པར་གསུངས་ན་ཉམས་རྨི་ལམ་གྱི་འཁྲུལ་སྣང་བདེན་པར་འཛིན་པ་དང་རང་ཅོལ་ཆུང་། སྙམ་ཞིང་ཉམས་ལེན་སྟེང་དུ་ཀློད་ལ་བཞག་པར་བྱ་སྟེ། སྒྲུབ་ཆེན་གཞུང་ལས། མདོར་ན་བཟང་ངན་ཐམས་ཅད་རྒྱུ་འབྲས་སམ་སྟོང་པའི་རང་རྩལ་སྐྱེ་མེད་དུ་ཤེས་པའི་ལྟ་བའི་གདེང་བསྐྱེད་དོ། །ཞེས་གསུངས་སོ། །འོ་ན་བཟང་ངན་རྟགས་པ་ནི་ཅི་བྱེད་སྙམ་ན། ངན་ན་


CMR014_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་གསོ་བཤགས་པ་རྒྱུན་གྱི་དེ་བས་མང་བ་བྱེད་དགོས། བཟང་བ་བྱུང་ན་དངོས་གྲུབ་ལེན་ཆོག་དགོས། མ་བྱས་ན་དངོས་གྲུབ་དུས་སུ་མ་བླངས་བས་ཉམས་བཟང་རྟོགས་འོང་མཁན་ཨ་རེ་མང་བྱུང་ན་སྔགས་ཤམ་བུ་སྦྱར་དགོས། དེ་མ་སྦྱར་ན་མདའ་ལ་མདེལ་མེད་པ་དང་འདྲ་བས། སྐྱེ་བདུན་གྱི་རིལ་བུ་མི་འགྲུབ། དེས་ན་ཁྱེད་ཐམས་ཅད་ལ་བཟང་ངན་གྱི་རྟགས་གསལ་པོ་གང་བྱུང་། བླ་མའམ་ཐུན་དཔོན་ལ་ཞུ་དགོས། དོན་མེད་པའི་རྨི་ལམ་ཉབ་ཉོབ་མང་པོ་མ་བཤད་ཐུགས་དམ་ཆག །ཚེ་རབས་མང་པོ་ནས་ལས་འཕྲོ་སུ་བཟང་། སྒྲིབ་པ་སུ་སྲབ། ཚེ་འདིར་རིགས་དང་རྩ་རིགས་སུ་བཟང་། རྩ་རླུང་སུ་དར་ཚོད་མེད་པས། མཐོན་དམན་ཐམས་ཅད་ཀྱིས་རྟག་གཞིག་མཛོད། རྒྱུན་དུ་འཛབ་ལ་ནན་ཏན་བྱེད་པ་ནི་གནད་དུ་ཆེའོ། །དམ་ཚིག་ལ་ཤིན་ཏུ་གནས་པར་བྱ། དངོས་གྲུབ་ཆར་ལྟར་འབབ་འཕྲོ་ལ་དམ་སེལ་ཕྲ་མོ་ཞིག་གིས་ཀྱང་། སྤྲིན་ལ་རླུང་ཕོག་པ་ལྟར་དངོས་གྲུབ་འབྱུང་འཕྲོ་འཆད་པས་གཟབ་པར་བྱའོ། །ཞེས་སྒྲུབ་ཆེན་གཞུང་ནས་གསུངས་པས། མཆེད་གྲོགས་རྣམས་ཁོང་ཁྲོ་དང་རྩོད་འཛིང་སོགས་མ་བྱེད། རང་རང་ལ་ཕྱི་མའི་ཉེས་སྒྲིབ་ད་ལྟའི་བཀའ་ཆད་འོང་བས་


CMR014_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གཟབ་པར་ཞུ། འཛབ་ལ་ནན་ཏན་གལ་ཆེ་གསུངས་པས། འདི་ལས་ཟབ་པའི་ཐུགས་དམ་གཞན་ཞིག་ཡོད་སྐད་མ་མཛད་པར་ཐུན་ལ་ཐང་ལྷོད་མེད་པ་ཞིག་ཨེ་འོང་གལ་ཆེ། ཞེས་སྔ་དྲོ་མ་ཆག་པར་གསལ་འདེབས་བྱ། རྟགས་བྱུང་ན་རབ་ཐུན་དཔོན་ལ་ལྐོགས་སུ་ཞུའི། ཁྲོམ་གཏམ་མི་བྱ། ཐུན་དཔོན་གྱིས་དཔྱད་མི་རྩ་རིགས་བཟང་བ་རླུང་ཁམས་པའི་རིགས་ལ་འདོན་ལུང་མེད་པར་དང་པོ་ནས་རྟགས་འབྱུང་སྟེ། དེ་ལ་ཆགས་མི་འཇོགས། ས་ཁམས་པ་རྩ་རིགས་ཞན་པ་ལ་རྟགས་ཡེ་ནས་མི་འོང་བ་ཡོད་པ་ལ་ཆགས་མི་འཇོགས། སྤྱི་མང་དེའི་རྟགས་བཟང་ངན་གང་བྱུང་ལ་ཚོད་འཛིན་ནོ། །དེ་ནས་དགོང་ཁ་ཉི་ནུབ་གོང་ཞབས་དམིགས་པ་གཅིག་སྤྱོད་དེ། ཡང་ཁྱེད་རྣམས་ཐུན་མ་ཆད་པར་སྔགས་ལྐོག་འབུགས་སུ་མཛད་ལ་གསན་པར་ཞུ། དེ་ཡང་རྒྱུད་ལས། དྲེགས་པ་ཚར་གཅོད་དྲག་པོ་ནི། །ཞེས་གསུངས་པས། སྒྲུབ་པ་པོ་སྦྱིན་བདག་དང་བཅས་པའི་བར་ཆད་བསལ་བའི་ཕྱིར་། རང་དང་རིལ་བུ་ཐམས་ཅད་ཐུགས་རྗེ་ཆེན་པོ་གསང་འདུས་སུ་གསལ་བའི་སྤྱི་བོར་སྣང་བ་མཐའ་ཡས་དང་། ཐུགས་ཀའི་ཆ་སྨད་དུ་རྟ་མགྲིན་བཞུགས་པ་དང་། གཙོ་བོའི་


CMR014_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དབུས་དང་། ལྷ་གསུམ་ཐུགས་ཀའི་སྔགས་ཕྲེང་ལས། ཁྲོ་བོ་རྟ་མགྲིན་དམར་པོ་སྐུ་ཆུང་ལ་ཡན་ལག་རགས་པ། རྟ་མགོ་འཚེར་ཞིང་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཞིང་མེ་འབར་བའི་ཚོགས། དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས། དེ་དག་གི་མཚོན་ཆ་སྣ་ཚོགས་ཐོགས་ནས་གནོད་བྱེད་དགྲ་བགེགས་དམ་སྲི་ཆག་ཆེན་ཉམ་ང་། ལ་སོགས་པ་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་ལྟར་རྒྱ་མཚོའི་ཕ་མཐར་དེད། མི་འགྲོ་བ་དེ་དག་བརྡུང་བ་དང་། བསད་པ་དང་། གཏུབས་པ་དང་། མེ་དཔུང་གིས་བསྲེགས་ཏེ་མིང་ཡང་མེད་པར་བྱས་པར་བསྒོམ་པར་བྱ་སྟེ། ལྷ་གསུམ་ཐུགས་ཀའི་སྔགས་ཕྲེང་ལས། །ཁྲོ་ཆུང་མཚོན་ཐོགས་དཔག་མེད་འཁྲུག །ཧཱུཾ་དང་ཕཊ་ཀྱིས་སྒྲ་སྒྲོག་ཅིང་། །དེ་སྒྲས་སྟོང་གསུམ་ཡོངས་གང་ནས། །བདུད་དང་དམ་སྲི་འབྱུང་པོའི་ཚོགས། །གང་དག་ཞི་བས་མི་ཐུལ་ན། །མི་ལུས་ཚར་བཅད་དག་ཏུ་འགྱུར། །ཚེ་བཙན་འགྲན་ཟླ་བྲལ་བར་བསམ་། །ཞེས་གསུངས་པ་ལྟར་བསྒོམ། །ཡིག་བདུན་དྲག་པོ་ལས་ཀྱི་སྔགས། །དྲག་མྱུར་ཐོག་ལྟར་བཟླ་བར་བྱ། །ཞེས་གསུངས་པས་སྐད་དྲག་པོར། ཨོཾ་མ་ཎི་པདྨེ་ཧཱུྃ་


CMR014_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿཕཊ༔ ཞེས་ཕྲེང་སྐོར་རེ་ཟུང་འདོན་འཇུག་ལ། ཐུན་དཔོན་པས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །ཞེས་སོགས་བརྗོད་ནས། ཡང་སྔར་ལྟར་འདོན་འཇུག་༈ཤ །ཡང་བུམ་སྒྲུབ་ཀྱི་གྲར་འཛུད་མི་བདེ་ཡང་། བུམ་སྒྲུབ་ཚེ་ཇ་ཐུག་འཐུང་ཞིང་ཡིག་དྲུག་འདོན་འདོད་མཁན་མང་དུ་བྱུང་ཞིང་། སྦྱིན་བདག་གིས་འབྱོར་པེས་འཕྱོང་བར་འདུག་ན། བུམ་ཁང་ནང་དུ་མི་འཛུད། དཀྱིལ་འཁོར་ཙམ་ཡང་མཇལ་མི་འཇུག་པར། བུམ་ཁང་གི་ཕྱི་ཁྱམས་སམ། དེ་མན་ཁང་པ་ལོགས་ཤིག་ཏུ་བཞག་ལ། རབ་གསང་འདུས་ཀྱི་གཏོར་དབང་དེ་མ་གྲུབ་ན་ཡང་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་རྗེས་གནང་སྤྱི་མཚམས་པ་ཞིག་སྐུར་ལ། ཡིག་དྲུག་འདོན་འཇུག་པས་ཆོག །དེ་ཚོ་ལ་ཡང་དེ་ཚོའི་ནང་གི་དྲགས་པ་ཞིག་ཐུན་དཔོན་དུ་བསྐོས་ལ་ཉིན་སྔ་དྲོ་འདི་བཤད་བཅུག་གོ །འོ་ན་ད་ལམ་དམིགས་པ་སྤྱོད་ཚེ་ཡིག་དྲུག་ཡིད་འདོན་ཐུན་མ་ཆད་པར་མཛོད་ལ་གསན་པར་ཞུ། རང་རེ་རྣམས་བུམ་ཁང་འཁོར་ཆུང་བས་ནང་དུ་མ་ཤོང་ནའང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཕྱི་མདོ་ལུགས་ལྟར་སྒྲུབ་པ་དེ་ངེད་རང་ཚོས་བྱེད་དགོས་ཞེས་བླ་མ་ཚང་གི་བཀའ་བཀོད་ཡིན་པར་


CMR014_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གདའ། དེ་ལ་འདིར་འདུག་ཚེ་མཚམས་རང་ནི་མིན་ཀྱང་མཚམས་དང་འདྲ་བས། ཐམས་ཅད་ཀྱིས་ལུས་ངག་ཡིད་གསུམ་ཆོས་དང་མཐུན་པར་བྱེད་དགོས། བག་མེད་ཆབ་ཆོབ་ཏུ་སོང་ན་བཀའ་སྲུང་གིས་ཕྲག་དོག་འོང་། དེས་ནི་རྒས་པ་དང་ནད་ཡོད་པ་མ་གཏོགས་ཐམས་ཅད་གདན་གཅིག་སྲུང་། ཚོགས་འཁོར་ནི་འཛེམ་མི་རུང་། དེས་གདན་གཅིག་ལ་མི་གནོད་པ་སྲོང་བཙན་སྒམ་པོའི་བཀའ་ཡིན། ངག་བཅད་ནི་མ་སྲུང་། ངག་བཅད་ནས་ཡིག་དྲུག་ལྐོག་འབུགས་མ་མི་རུང་བར་བཤད། དེ་ཡང་རྒྱུད་ལས། ཕྱི་ལྟར་བཟླས་པ་ཡིག་དྲུག ། བསྙེན་འཇམ་རྨ་བྱའི་མགྲིན་ལྟར་བཟླ་ཞེས་གསུངས་པས་སྐད་བཀྱག་དགོས། ལུས་ཀྱིས་མི་འཁྱོང་བའི་རིགས་ལ་གདན་གཅིག་ཁྲལ་བཞག་ནི་མེད། དེ་ལ་དམིགས་པ་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་འཛབ་དགོངས་གནད་ཀྱི་གཟེར་ཏིག་ལས། དང་པོ་ཕྱི་མདོ་ལུགས་སུ་བསྙེན་པར་བྱ་སྟེ། བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུ་བསྐྱེད་རིམ་གཞུང་ལྟར་གསལ་བ་ལས་། ཞེས་གསུངས་པའི་དོན་གསང་འདུས་རང་བསྒོམ་པ་ཡང་ལེགས་མོད་ཀྱིས། ད་རེས་མདོ་ལུགས་ཡིན་པས་མདོ་ལུགས་སོར་བཞག་བྱེད། དེ་ལ་མདོ་ནི་ཡི་གེ་དྲུག་པའི་མདོ་དང་


CMR014_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བརྒྱ་རྩ་བརྒྱད་པའི་མདོ་དང་། ཟ་མ་ཏོག་བཀོད་པའི་མདོ་ཆེ་ཆུང་གཉིས་རྣམས་ཡིན་ཀྱང་། ད་རེས་ཟ་མ་ཏོག་གི་མདོ་ལུགས་འགྲོ་འདུལ་ཕྱག་བཞི་པ་བསྒོམ་། དེ་ལ་ཡང་མངོན་རྟོགས་རྒྱས་བསྡུས་དང་། བསྒོམ་ལུགས་མང་དུ་ཡོད་ཀྱང་། གྲུབ་ཆེན་པཀྵིའི་ཞལ་ནས། ཕལ་པ་ཡི་གེ་མི་ཤེས་པ་སོགས་སྐད་ཅིག་དྲན་རྫོགས་ཟིན་སླ་གསུངས་པ་ལྟར། སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་འདི་ལ་ཡེ་ཤེས་པ་སྤྱན་དྲངས་དབང་བསྐུར་རྒྱས་གདབ་སོགས་མི་དགོས་པར། དང་པོ་དམ་ཡེ་དབྱེར་མེད་རིགས་བདག་རང་ཆས་སུ་བསྒོམ་པ་འདི་ཤེས་རབ་ཆུང་བ་རྣམས་ཀྱིས་ཟིན་སུ། རྟོགས་པ་ནི་ཤིན་ཏུ་མཐོན་པོ་རྣམས་ཀྱི་བསྒོམ་ལུགས་ཡིན་པས་ཟབ་པ་ཡིན། དེ་ལ་ཡང་མངོན་རྟོགས་ནམ་མཁའི་སྐར་འཚོགས་ཙམ་ཡོད་ནའང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་འདི་གཏེར་ནས་འདོན་མཁན་དེ་རཏྣ་གླིང་པ་ཡིན་པ་ཙམ་མ་གཏོགས། ཆོས་ཀྱི་བདག་པོ་དེ་རྗེ་དྲུག་པ་དང་བདུན་པ་གཉིས་ཡིན་ཚུལ་གཏེར་གཞུང་ན་གསལ་བའི་ཕྱིར། རྗེ་དྲུག་པས་རྒྱལ་བ་རྒྱ་མཚོའི་དབང་གི་སྐབས་སུ་གསུངས་པའི་མངོན་རྟོགས་ཉུང་ངུ་འདིས་སྤྱོད་པ་ཡིན་པས། ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་


CMR014_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་བགྲང་ཕྲེང་། གཡོན་གྱི་འོག་མས་པདྨ་འཛིན་པ། དེ་ཡི་ཐུགས་ཀར་ཧཱིདཀར་པོ་རྒྱན་དང་ན་བཟའ་པད་ཟླ་སོགས་ཀུན་གྱི་ཤེས་ལྟར་བསྒོམ། དེ་ནས་འཛབ་དགོངས་ནས་གསུངས་པ་ལྟར། དེ་ཡང་སྐུ་ཆ་ཚད་རི་རབ་དང་མཉམ་པ། ཞལ་ཚངས་པའི་གནས་ན་སླེབས་པར་བསྒོམ། སྔགས་ནམ་མཁའི་འབྲུག་ཙམ་དུ་བསྒོམ། དབྱངས་ནི་སྙན་ལ་རིང་བ་རྨ་བྱའི་མགྲིན་ལྟར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་དྲུག་པ་བཟླས་པར་སྲིད་པ་གསུམ་དང་། ཁྱད་པར་འགྲོ་བ་རིགས་དྲུག་གི་གནས་སུ་འུ་རུ་རུ་བྱུང་བས། རིགས་དྲུག་གི་སྡུག་བསྔལ་སྐད་ཅིག་ལ་ཐུགས་རྗེ་ཆེན་པོའི་ཞིང་དུ་སྣང་བ་འགྱུར་ནས་ཡི་གེ་དྲུག་པ་དྷི་རི་རི་ཡོད་པར་བསམས་ནས་བཟླས་པས། རིགས་དྲུག་དོང་ནས་སྤྲུགས་པར་གྱུར་ཏེ། ཡོན་ཏན་བསམ་ལས་འདས་ཞེས་གསུངས་སོ། །ཕྱི་སྒྲུབ་མདོ་ལུགས་འདི་ལ་ཧྲིམེད་པས་མི་སྦྱར་བར་ཞུ། ཞེས་བརྗོད་ལ་ཧ་ཅང་ཇོ་དབྱངས་ཡང་མིན་པར། སིལ་བུ་རང་ཡང་མིན་པར་ཐམས་ཅད་བསྒྲིགས་ནས་འདོན་བཅུག་གོ །དེ་ནས་ཉི་མ་ནུབ་པ་དང་ཡང་དམིགས་པ་


CMR014_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དེ། དེ་ཡང་ཐུན་མ་ཆད་པར་ཡིད་འདོན་གྱིས་ལ་ཉོན། གསང་བ་འདུས་པའི་རྒྱུད་ནས། དྲེགས་པ་ཚར་གཅོད་དྲག་པོ་ནི། །ཞེས་སོགས་གསུང་པའི་དོན་དེ་རང་སྒྲུབ་པ་པོ་རྣམས་དང་སྦྱིན་བདག་སོགས་ཀྱི་བར་ཆད་སེལ་བའི་ཕྱིར་རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་རྟ་མགྲིན་དམར་པོ། ཁྲོ་ཞལ་སྟེང་ན་རྟ་དབུས་མཚན་པ། ཁྲོ་བོའི་ཆས་ཡོངས་སུ་རྫོགས་པ། སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་སེར་རྒོད་བབ་པ་ལྟར་འཇིག་རྟེན་ཐམས་ཅད་གང་ནས། ཧཱུྃ་ཕཊ་ཀྱི་སྒྲ་དང་བཅས་པས་གནོད་བྱེད་གདོན་བགེགས་དམ་སྲི་ཐམས་ཅད་མཐའི་རྒྱ་མཚོའི་ཕར་འགྲམ་དུ་དེད་པས་གལ་ཏེ་མི་འགྲོ་བ་ཐམས་ཅད་མཚོན་ཆ་སྣ་ཚོགས་ཀྱིས་བརྡུང་བ་དང་། བཅིངས་པ་དང་། བསད་ཅིང་གཏུབ་སྟེ་། མེ་དཔུང་གིས་འཚུབ་མས་བསྲེགས་པར་བསྒོམས་ཏེ། ཁྲོ་ཆུང་མཚོན་ཐོགས་དཔག་མེད་འཁྲུགས། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་། །དེ་སྒྲས་སྟོང་གསུམ་ཡོངས་གང་ནས། །བདུད་དང་དམ་སྲི་འབྱུང་པོའི་ཚོགས། །གང་དག་ཞི་བས་མི་ཐུལ་བ། །མ་ལུས་ཚར་བཅད་དག་ཏུ་གྱུར། །ཆེ་བཙན་འགྲན་ཟླ་བྲལ་བར་བསམ། །རྣལ་འབྱོར་པས་རྒྱུན་གྱི་བསྙེན་


CMR014_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀུན་ལ་འདིའི་དམིགས་པའི་འཕྲུལ་མིག་ཤེས་ན་ཤིན་ཏུ་ཟབ་ཅིང་མྱུར་བ་ཡིན་ནོ། །བསྐྱེད་རིམ་པ་དམིགས་པ་མ་གསལ་ན་རྟགས་དང་ཡོན་ཏན་ཕྱིར་འགྱང་སྟེ། དེས་ན་བསྐྱེད་རིམ་དང་དམིགས་པ་ཡང་ཡང་གསལ་བའི་གཟེར་འདེབས་པ་ནི་གནད་དུ་ཆེ་བ་ར་ཤེ་ས་པར་བྱའོ། ་་་་ཞེས་གསུངས་པ་ལྟར་བསྒོམས་ཤིང་དམིགས་པ་རྩེ་གཅིག་ཏུ་གཏད་ལ། རྒྱུད་ལས། ཡིག་བདུན་དྲག་པོ་ལས་ཀྱི་སྔགས། །དྲག་མྱུར་ཐོག་ལྟར་བཟླ་བར་བྱ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ༔ ལས་སྦྱོར་དྲག་པོར་ཤེས་པར་བྱ། ཞེས་གསུངས་པས་དྲག་གཏུམ་དང་བཅས་པས། ཡིག་དྲུག་ལ་ཕཊ་སྦྱར་བའི་ཡིག་བདུན་འདི་ཕྲེང་སྐོར་གཉིས་གསུམ་ཙམ་ཐོན། དེ་ནས་ཐུན་དཔོན་དེས་ཚོད་བཟུང་ལ། ཡང་ཡིག་དྲུག་ལྐོག་འབུགས་གྱིས་ལ་ཉོན། དེ་ཡང་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། དེ་ནས་རྫོགས་པའི་རིམ་པ་ནི། །ལྷ་ཉིད་སེམས་སུ་ཤེས་བྱས་ཏེ། །བསྒོམ་བྱའི་ལྷ་དང་སྒོམ་བྱེད་ཀྱི། །མཁན་པོ་དག་ཀྱང་སེམས་ཉིད་དེ། །སེམས་ཉིད་སྐྱེ་མེད་ཆོས་སྐུའི་ངང་། །དེ་ཉིད་མ་འགག་འགྲོ་བ་འདུལ། །ཡི་དམ་ལྷ་ལ་རང་རྒྱུད་ཀྱི། །རྩིས་གདབ་ཁྲིགས་སུ་བཅད་པ་མེད། །གདུལ་བྱའི་མོས་བློ་དང་


CMR014_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར། །གང་ལ་གང་འདུལ་དེ་ལྟར་སྣང་། །ཀུན་ཀྱང་ཐ་དད་མ་ཡིན་ཏེ། །སྣང་སྟོང་གཉིས་འཛིན་བློ་ལས་འདས། །གཉིས་མེད་དབྱིངས་སུ་མེད་པར་ཤེས། །སྟོང་གསལ་སྤྲོས་བྲལ་ཆོས་ཀྱི་སྐུ། །བདེ་ཆེན་ཐིག་ལེ་གཅིག་ཏུ་རྫོགས། །མཐར་ཐུག་སྒྲུབ་པའི་མཐའ་ཉིད་དོ། །ཞེས་དང་གནས་ལུགས་དོན་གྱི་རང་ཞལ་བལྟ། །སྒྲིམ་ལྷོད་སོར་བཞག་ཆ་ཡང་མཉམ། །སྤྲོས་བྲལ་སྟོང་པའི་ངང་བསྒོམ་བྱ། །རང་ངོ་རྗེན་པའི་བོགས་བྱུང་ན། །མཉམ་རྗེས་རྒྱུན་གྱི་ཏིང་འཛིན་དང་། །བསྒོམ་ཡོད་བསྒོམ་མེད་ཚད་ལ་དབབ། །མི་སྒོམས་པ་ཡི་གནད་ཤེས་ན། །བྱར་མེད་བློ་བྲལ་ཆེན་པོར་བསྐྱལ། །ཞེས་གསུངས་པ་ལྟར་ཁྱེད་ཁྲིད་ཞུ་མྱོང་བ་རྣམས་ཀྱིས་ད་རེས་ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་དམིགས་པའི་འཕྲོ་འདུ་དང་། རྫོགས་རིམ་ཕྱག་རྒྱ་ཆེན་པོ་གཉིས་ཟུང་འཇུག་འོང་བའི་བོགས་ཤིག་ཨེ་ཐོན། ཁྱེད་ཁྲིད་གསར་དུ་ཞུས་པ་ཚོས་ཀྱང་ཐུགས་རྗེ་ཆེན་པོའི་སྐུ་བསྒོམས་པ་ལ་སེམས་གནས་པ་ཞི་གནས། དེ་སྒོམ་མཁན་སེམས་ཀྱི་ངོ་བོ་ལ་བལྟས་པས་སྟོང་པར་མཐོང་བ་ལྷག་མཐོང་རྫོགས་རིམ་ཡིན་པས། དེ་གཉིས་རེས་མོས་སུ་བསྒོམ་མཛོད་ལ། ད་ཡི་གེ་


CMR014_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་དེའི་བསྒོམ་བྱ་དང་བཅས་པ་སྔ་དྲོ་སྤྱོད་པ་ལྟར་བསྒོམ་ཞིང་ཐུན་བཟུང་བར་མཛོད། ཅེས་བརྗོད་པར་བྱའོ། །ཕྱི་ན་འདུག་མཁན་འདི་ཚོ་ཡང་མང་དུ་ཡོད་ན་ཡང་མཚན་ལ་ཡང་ཐུན་བཟུང་བཙུག་མ་ཆད་པར་བྱ། ལྟུང་ན་ཅི་དགའ་བཅུག །ཁྲིད་གསར་དུ་ཞུས་པས་མི་ལྕོགས་པས་ཇོ་ཕོམ་ལག་སྐོར་སོགས་མི་གཏད། ཁྲིད་རྙིང་པ་དང་ཉམས་ལེན་ཡོད་པ་ཚོ་ལ་རྡོ་ཕོམ་དང་ལག་སྐོར་གཏད། ཡི་གེ་སྐྱེན་པ་གདའ་ན་དཔེ་རྙེད་ན་དྲི་མེད་བཤགས་རྒྱུད། དེ་མ་རྙེད་ན་ཞི་ཁྲོའི་ཀློང་བཤགས། དེ་ཡང་མ་རྙེད་ན་ཐུགས་རྗེ་ཆེན་པོའི་སྨྲེ་སྔགས་ཀྱི་བསྟོད་པ་འདོན་བཅུག །དཔེ་ཆ་ཐེབ་ཡོད་ན་སྒོ་རྒྱབ་དེར་གཅིག་ལ་ཡང་སངས་རྒྱས་སྟོང་གི་མཚན་འབུམ་འདོན་བཅུག་ལ་སྐྱོན་མེད་དོ། །དེ་ནས་བུམ་ཁང་རྒྱབ་མའི་དེ་ཚོ་གྲོལ་འདོད་ན་བུམ་ཁང་ནང་མའིཐུན་དཔོན་ལ་ཞུ་ནས་ཚོགས་ཆུང་ཅིག་དང་བཀའ་སྲུང་གསོལ་ཁ་རྒྱས་པ་ཆད་མདོ་བརྟན་སྐྱོང་རྣམས། རྒྱབ་མ་བསྒྲུབས་པ་ཚར་བའི་གཏང་རག་ལ་དམིགས་ནས། ཐུན་དཔོན་ནང་མས་བཏང་། དཔེ་ནང་མས་གཡར་ནས་ཐུན་དཔོན་རྒྱབ་མས་ཐུན་པ་རྒྱབ་མ་རྣམས་ལ་རྗེས་ཟློས་བྱེད་བཙུག་ལ། ལས་བྱང་ནང་གི་དཀྱིལ་འཁོར་བསྡུ་ཆོག་དང་། རྒྱུན་སྤྱོད་སྨོན་


CMR014_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། བཀྲ་ཤིས་རྣམས་བྱ། དེ་ནས་རྒྱབ་མ་ཐམས་ཅད་གྲོལ། རེ་རེ་གཉིས་རེ་འདུག་ན་ཇོ་ཕམ་འདྲ་བསྐོར་འཇུག་པ་དང་། ནང་ནས་མཚན་འབུམ་ཕྱག་འབུམ་ཕྱག་རབ་འདོན་པའི་མཆོད་གཡོག་ལ་དམིགས་ནས་ཕྱི་ནས་ཕྱག་འཚལ་འཇུག་གོ །ཡང་ཕྱི་ཡི་ཐམས་ཅད་མ་གྲོལ་བ་རེ་རེ་གཉིས་རེ་དགོས་བྱུང་ན་ཡང་ཐུན་དཔོན་རྒྱབ་ནས་རྗེས་ཟློས་བྱའོ། །ཁོ་རང་གི་ཡི་གེ་ཤེས་ན་ལས་བྱང་གི་དཀྱིལ་འཁོར་བསྡུ་ཆོག་མན་ཆད་འདོན་བཅུག་ལ་བཏང་ངོ་། །དེ་ལྟར་རྒྱབ་མ་དེ་ཚོ་ཕྱི་མདོ་ལུགས་ཡིག་དྲུག་བཀའ་མི་གཉན་ནོ། །སྤྱིར་བུམ་སྒྲུབ་ལ་དུང་མ་ཐོན་ན་མི་རུང་བ་ནི་མེད་དོ། །བདུན་འབུམ་ཉི་ཁྲི་ཡན་གང་ཐོན་ཡིན་ཀྱང་། སྦྱིན་བདག་དགེ་སྟོབས་ཆེ་ནས་དུང་འདོན་ན་མང་པོ་འཚོགས་ནས་མྱུར་དུ་ཐོན་ན་བར་ཆད་མེད་པར་ལེགས་ཤིང་། མང་པོ་གཙང་མ་ཁོ་ན་རྙེད་དཀའ་བས། མདོ་སྔགས་ལུགས་གཉིས་ཕྱི་ནང་བཀའ་གཉན་མི་གཉན་ཕྱེ་བ་འདི་ཐབས་མཁས་པའི་གདམས་པའོ། ༈ཤ །དེ་ནས་གོང་དུ་བཤད་པའི་འཕྲོས། བུམ་ཁང་ནང་མའི་ཐུན་དཔོན་ནམ་ཐུན་པ་འགའ་རེ་ལ་རྟགས་ཁྱད་པར་ཅན་བྱུང་གདའ་ན། རྒྱུན་གྱི་དངོས་གྲུབ་བླངས་ཐབས་སྒྲུབ་ཆེན་གཞུང་ལྟར་བྱ་


CMR014_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཧཱུྃ། བདེ་གཤེགས་རྒྱལ་བ་མ་ལུས་དགོངས་སུ་གསོལ། །ཞེས་སོགས་ཡིན་ནོ། །དེ་ནས་ཤམ་བུ་བཏགས་ལུགས་ནི་དུས་དང་གྲངས་དང་རྟགས་གསུམ། གྲངས་ནི་སྤྱི་ཁ་ནས་བདུན་འབུམ་ཉི་ཁྲི་མ་སོང་ངེས་པར་བཏགས་མི་རུང་། བཏགས་ན་ཆང་མ་ལང་བར་ཆུ་བརྒྱབ་པ་ལྟ་བུའོ། །དུས་ནི། བུམ་སྒྲུབ་ཞག་བདུན་ཡིན་ན་ཞག་ལྔ་སོང་ནས་བཏགས། བཅུ་བཞི་ཡིན་ན་བཅུ་སོང་ནས། ཉེར་གཅིག་ཡིན་ན་བདུན་གཉིས་སོང་ནས། ཟླ་གཅིག་ཡིན་ན་བདུན་གསུམ་ནས། རྒྱུན་དུ་བསྒྲུབས་ན་ཞག་བདུན་གསུམ་སོང་ནས་སྔ་དྲོའི་ཐུན་མཚམས་ཤིག་ལ་བརྒྱའམ་སྟོང་རེ་སྦྱར། རྟགས་ནི་ཐུན་པ་སྤྱི་མང་ཕལ་ཆེར་ལ་རྟགས་ལེགས་པོ་བྱུང་ངམ། ཡང་ན་དངོས་རྟགས་གསལ་པོ་བྱུང་ན་བྱ། ཡུན་རིང་སྒྲུབ་ཀྱང་རྟགས་མེད་པ་ལ་ཡང་འདི་བྱས་པས་འོང་སྟེ། དངོས་གྲུབ་རྫས་སྒྲུབ་ཆེན་ནས་གསུངས་ལྟར་རིན་ཆེན་འབར་བ་སོགས་བཤམས། དངོས་གྲུབ་སྔགས་ཀཱ་ཡ་སིདྡྷི་སོགས་སྟོང་བཟླ། དེ་ནས་ཐུན་པ་ཡི་གེ་མི་ཤེས་པ་ཐམས་ཅད་ཡིག་བདུན་ལྐོག་འབུགས་སུ་བྱེད། ཡི་གེ་ཤེས་པ་ཐམས་ཅད་བླ་མའམ་ཐུན་དཔོན་པས་གཙོར་བྱས་འཆམ་གོས་མ་རལ་པད་ཞྭ་སོགས་གང་ཡོད་མེད་ན་ཆོས་


CMR014_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སོགས་གཟབ། གདུགས་རྒྱལ་མཚན་འཕན་དར་དཀར་པོ། སྤོས་མདའ་དར་མེ་ལོང་ཚོགས་རྣམས་ལག་ཏུ་བཀྱག །རོལ་མོ་གང་ཡོད་ཐོགས་ལ། བྷནྡྷ་ནང་དུའམ་བསེ་ཕོར་རམ་དཀར་ཡོལ་དུ་བདུད་རྩི་ལ་ཆོས་སྨན་བཏབ་པ་བཟུང་། རོལ་མོ་ཐམས་ཅད་འཁྲོལ་ཞིང་དཀྱིལ་འཁོར་ལ་ལན་གསུམ་བསྐོར། ཕྱག་ན་ཕྱག་ཆ་མེད་པ་རྣམས་པད་ཀོར་བྱ་ཞིང་། དང་པོ་སྒྲུབ་ཆེན་ནང་གི་བྱིན་འབེབས་འདོན་ཏེ་དབྱངས་གང་སྙན་བྱ། དེ་ནས་མཆོད་འབུམ་ནང་གི་བསྟོད་པ་ཚང་བར་བྱ། དེ་ཡི་ཚེ་ཚིག་མཚམས་སུ་རོལ་མོ་དང་བཅས་བསྐོར་བའི་ཚུལ་དུ་གོམ་པ་ལྔ་དྲུག་རེ་དལ་བུས་འཆམ་སྟབས་སུ་འགྲོ། དེ་ནས་བུམ་སྒྲུབ་གཞུང་གི་གསོལ་འདེབས་ཐུགས་དམ་གནད་ནས་བསྐུལ་བ་དེ་བྱ། དེ་ནས་རོལ་མོ་དང་ཆས་རྣམས་ཕུད་ལ་ཕྱག་འཚལ། ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་ཐུན་དཔོན་གྱི་རྗེས་ཟློས་བྱས་ལ། ཧྲཱིཿ མ་སྐྱེས་ཆོས་དབྱིངས་སོགས། བུམ་སྒྲུབ་གསོལ་འདེབས་དེ་ཚར་གཅིག་བྱ་དེ་ནས་རུ་ཏྲའི་སྨེ་བཤགས། ཐུགས་རྗེ་ཆེན་པོའི་སྨྲེ་སྔགས་བསྟོད་པ་གཉིས་གཅིག་ཡིན་པས། ཐུགས་རྗེ་ཆེན་པོའི་སྨེ་བཤགས་བསྟོད་པ་དེ། དྲི་མེད་དུང་མདོག་ཅེས་པ་དེ། དྲི་


CMR014_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཤེལ་མདོག་ཅེས་ཚིག་ཟུར་བསྒྱུར་ལ་ཚར་གཅིག་འདོན་ཏེ། རྗེས་ཟློས་མ་ཐོན་ཀྱང་གང་ཤེས་འདོན། ཤེལ་ལ་རིགས་མང་བས་དམར་པོ་ལ་འཇུག་རྒྱུའོ། །དེ་ནས་ཡི་གེ་མི་ཤེས་པ་ཚོ་ལ་ཡང་སྔགས་འདི་ལན་གསུམ་རྗེས་ཟློས་བཅུག །ཡི་གེ་ཤེས་པ་ལ་ཡི་གེ་བཀྱེ། ཤེས་རབ་ཆེ་བ་ཚོས་བློར་བཟུང་སྟེ། ཡིག་བདུན་ལ་བཏགས་ནས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱི་ལཱ་མཱི་པཾ་ཏཾ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ། ཨོ་ཨཱ་ཡུཛྙཱ་ན་མ་ཧཱ་པུཎེ་ཏིཥྛ་ཨོ། རྒྱལ་བ་རིགས་ལྔའི་སྙིང་པོ། སྐུ་ལྔ་ཡེ་ཤེས་ལྔ་རུ་སྦྱོར་བ་དང་། ཕུང་པོའི་བདུད་བཅོམ་ནས་ཚེ་ཡི་རིག་འཛིན་སྒྲུབ་པར་བྱེད་པའི་སྙིང་པོ་ཞེས་དང་། རྒྱལ་བ་རིགས་ལྔ་ཡེ་ཤེས་སྐུ་ལྔར་སྦྱོར། །ཡེ་ཤེས་བདུད་རྩི་སྔགས་ཀྱི་འཆི་མེད་ཚེ། །རྣམ་རྟོག་བག་ཆགས་སྦྱང་ཞིང་མངོན་སངས་རྒྱས། །རྨི་ལམ་དག་ཏུ་རྟགས་བཟང་འབྱུང་བར་ངེས། །ཞེས་གསུངས་པས་ཕུང་པོ་ལྔ་དང་ཁམས་ལྔའི་དྲི་མ་དག་ནས། སྐུ་ལྔ་ཐོབ་པ་དང་ཚེ་ཡི་རིག་འཛིན་སྒྲུབ་པའི་སྔགས་ཡིན་པས། ཤམ་བུ་འདི་རིལ་བུ་བསྒྲུབ་པའི་སྔགས་མདའི་མདེལ་ལྟ་བུ། རྟགས་མ་བྱུང་བའི་བོགས་འདོན་ཚེ་འཕེལ་བའི་ཚེ་སྒྲུབ་ཐམས་ཅད་ཡིན། །ཐུན་པ་ཚོ་སྐུ་ཚེ་རིང་བར་འདོད་ན། །


CMR014_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སྟོང་རེ་ཙམ་རྒྱུན་དུ་མ་ཆག་ན། ཚེ་སྒྲུབ་གཞན་མི་དགོས་སོ། །ཡང་འདི་སྔགས་རིང་པས་ཡི་གེ་མི་ཤེས་པས་མི་ཟིན་ནམ། མ་དག་པ་བྱུང་དོགས་ན། ཨོཾ་མ་ཎི་པདྨེ་ཧཱུྃ་ཨ་ར་པ་ཙ་མི་ཏ་ཧྲིད་ཡ་སྭཱ་ཧཱ། མ་བསྒོམས་པར་སངས་རྒྱས་པའི་སྔགས་འདི་ཡང་རིལ་བུ་སྒྲུབ་པའི་སྔགས་གཅིག་ཡིན། འདི་གསང་འདུས་ནས་མ་གསུངས་ཀྱང་། ཡང་སྙིང་འདུས་པ་ནས་གསུངས་པས། ཆོས་དབང་དང་རཏྣ་གཉིས་གཏེར་མ་བུ་ཡིན་པས། རཏྣ་ལུགས་ལ་མ་ཚང་བའི་ཁ་སབ་གང་དགོས་ཆོས་དབང་ལུགས་ནས་སབ་དགོས་ཏེ། རཏྣ་གླིང་པ་ནི་གུ་རུ་ཆོས་དབང་གི་སྲས་རྒྱལ་སྲས་པདྨ་དབང་ཆེན་གྱི་སྐྱེ་བ་ཡིན་པས། ཆོས་དབང་ལུགས་ཀྱི་བཀའ་བབས་ཆོས་བདག་ཡིན་ཚུལ་རྣམ་ཐར་རྣམས་ནས་གསལ་ལྟར་ཡིན་ཅིང་། ཕོ་ཉ་སྒོས་བསྐུལ་དང་སྒྲུབ་ཆེན་མཇུག་ཏུ་སྒོ་དབྱེ་ཟོར་ལས་རྒྱས་པར་འདོད་ན་བཀའ་བརྒྱད་ནས་སབ་གསུངས་པ་ཡང་ཆོས་དབང་ལུགས་ཀྱི་བཀའ་བརྒྱད་གསང་བ་ཡོངས་རྫོགས་ནས་སབ་པ་འབྲེལ་ཆེ་བས། ཉང་ལུགས་དང་བྱང་གཏེར་སོགས་མི་སབ་བོ། །དེ་ཡི་གནད་ཀྱིས་སྐྱེ་བདུན་སྔགས་ཉུང་བ་དེ་སབ་རུང་བའི་གནད་དེ་ལྟར་རོ། སྔགས་འདི་ཨཱ་ལི་


CMR014_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ན་ཡང་སྣང་ངོ་། །ཡང་སྙིང་འདུས་པའི་རྒྱུད་གཞུང་ལས་ནི་སྔགས་འདི་ཟབ་པས་སྙན་བརྒྱུད་དུ་བྱས་ཏེ། རྒྱ་ཡིག་ཏུ་བྲིས་ནས་ངག་རྒྱུན་མེད་པར་མི་འདོན་པར་བྱས་ནས་སྣང་ངོ་། །སྔགས་འདི་གཉིས་ཀ་གང་རུང་ཞིག་མེད་པར་སྐྱེ་བདུན་མྱོང་གྲོལ་རིལ་བུ་མ་བསྒོམ་པར་ཟོས་པས་སངས་རྒྱས་པའི་རྫས་དེ་འགྲུབ་པར་མི་འགྱུར་བས་གནད་ཤིན་ཏུ་ཆེའོ། །ལར་གཏེར་གཞུང་འདི་དག་བཅོས་བསླད་དུ་བྱས་ན་མི་རུང་བས་བཅོས་པ་ནི་མིན་ཏེ། གཏེར་གཞུང་གི་པོ་ཏི་རང་སོར་བཞུགས་པ་ལ་བདག་གིས་ཟུར་ཙམ་ཡང་བཅོས་པ་མེད་ཀྱང་། ངག་ཁྲིད་ལེན་རེ་བྱས་ཀྱང་ཡིད་ལ་ཟིན་དཀའ་བ་དང་། སློབ་དཔོན་གྱི་ཚིག་ལ་ཡང་སོ་སོའི་གོ་ཚུལ་མི་འདྲ་བ་འོང་བ་དང་། གབ་ཚིག་རེ་ཟུར་སྤྱད་དགོས་པ་འཕྲོད་དཀའ་བ་དང་། མཚམས་སྦྱར་བློ་ནས་བརྗོད་འོས་ཚིག་འགའ་ཟུང་ཡང་མི་འོང་དོགས་པས་བྲི་དགོས་པར་འདུག་པ་སྔ་སོར་ཉང་ཆེན་ཕོ་བྲང་ནས་ཐུན་དཔོན་པས་བསྐུལ་ཀྱང་བྲི་མ་གྲུབ་པ་ལ། ཕྱིས་རྗེ་འབངས་སོག་པོ་ལྷ་དཔལ་གྱི་སྐྱེས་མཐའ་ལྷོ་སྤྲུལ་པའི་སྐུ་རིན་པོ་ཆེས་ཟིན་བྲིས་གྱིས་ཞེས་བཀའ་ཡི་གནང་བ་བསྩལ་བ་ལ་བརྟེན་ནས། གཞན་དག་ལ་ཕན་པའི་བློས་ཐུགས་རྗེ་ཆེན་པོའི་


CMR014_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་འཆང་བ་དགེ་སློང་རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་མངྒ་ལཾ།། ཤུ་བྷཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR014_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་ཅེས་གྲགས་པ་སྐྱེ་བདུན་མྱོང་གྲོལ་སྒྲུབ་པའི་ཟིན་བྲིས།next