Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམིགས་པ་སྤོད་པའི་ཆོ་ག
   
   
   
   
   
   
   
   
   
   
   
   
   


 
previousདམིགས་པ་སྤོད་པའི་ཆོ་གnext

དམིགས་པ་སྤོད་པའི་ཆོ་ག


CMR014_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་སྤོད་པའི་ཆོ་ག་བཞུགས་སོ།།


CMR014_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ད་ཁྱེད་རྣམས་ཐུན་མ་ཆད་པར་ལྐོག་འབུགས་སུ་མཛད་ནས་གསན་པར་ཞུ། སྤྱིར་གསང་སྔགས་ལ་ལྷའི་བསྐྱེད་རིམ་ཞིག་མེད་ན་སྔགས་བསྒང་ཡང་གསང་སྔགས་སུ་མི་འགྲོ་བ་ཡིན། དེ་ལ་བསྐྱེད་རིམ་རྒྱས་བསྡུས་མང་ཡང་ཡིད་ལ་ཟིན་དཀའ་བས་བསྡུས་པ་འདི་ཙམ་ཐུགས་ལ་ངེས་པར་ཞུ་འཚལ། དམིགས་མེད་སྟོང་པའི་ངང་ལས་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་སྐུ་མདོག་དམར་པོ། ཞལ་གཅིག་ཞི་ཞིང་འཛུམ་པ་ཕྱག་གཡས་པདྨའི་ཕྲེང་བ་ཐུགས་ཀར་བསྣམས་ཤིང་། གཡོན་བདུད་རྩིའི་བུམ་པའི་


CMR014_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་པད་སྡོང་འཁྲུངས་པ་བསྣམས་པ། ཡུམ་གསང་བ་ཡེ་ཤེས་དམར་གསལ་ཚེ་བུམ་བསྣམས་པས་འཁྱུད་པ། ཡབ་ཡུམ་གཉིས་ཀ་རིན་པོ་ཆེའི་དབུ་རྒྱན་སྙན་ཆ་ཕྱག་གདུབ་ཞབས་གདུབ་མགུལ་རྒྱན་སོགས་ཀྱིས་སྤྲས་ཤིང་དར་གྱི་སྟོད་གཡོགས་སྨད་གཡོགས་དར་དཔྱངས་དང་བཙས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་གྱི་ཞབས་གཉིས་ཡབ་ཀྱི་རྒྱབ་ཏུ་འཁྲིལ་ཏེ་བཞུགས་པ། ་རང་གི་སྤྱི་གཙུག་ཏུ་པདྨ་ཟླ་བའི་སྟེང་དུ་རིགས་བདག་སྣང་བ་མཐའ་ཡས་དམར་པོ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཉིས་མཉམ་གཞག་གི་ལྷུང་བཟེད་བདུད་རྩིའི་གང་བ་འཛིན་ཅིང་ཞབས་


CMR014_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་ཐུགས་ཀར་པད་ཉིའི་སྟེང་དུ་དབང་ཆེན་རྟ་མགྲིན་དམར་པོ་ཁྲོ་བོའི་སྐུ་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། སྟག་ཤམ་དང་ཐོད་སྐམ་ལྔའི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་རུས་པའི་རྒྱན་དྲུག་སོགས་ཁྲོ་ཆས་རྫོགས་ཤིང་། ཞབས་བརྐྱང་བསྐུམ་འདོར་ཐབས་སུ་བཞུགས་པར་བསྒོམ། མདུན་དུ་རིལ་བུ་བུམ་པ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་ནང་དུ་རིལ་བུ་རེ་རེ་ཡང་བདག་བསྐྱེད་ལྟ་བུའི་ཐུགས་རྗེ་ཆེན་པོ་རེ་རེ། དེ་རེ་རེའི་སྤྱི་བོར་སྣང་བ་མཐའ་ཡས་རེ་རེ་དང་ཐུགས་ཀར་རྟ་མགྲིན་རེ་རེ་བསྒོམ། ལྷ་དེ་དག་གི་གནས་གསུམ་དུ་ཨོཾ་ཨཱཙྪཱཧཱུྃ་གསལ་བ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་དབྱིངས་ཕོ་བྲང་དང་། བདེ་བ་ཅན། པོ་ཊ་ལ་སོགས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བདག་དང་རིལ་བུའི་ལྷ་རྣམས་ལ་ཐིམ་པར་བསམ། དེ་ཡང་། ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམ་པར་དག་པའི་ངོ་བོ་རིགས་ལྔ་ཡབ་ཡུམ་ནི་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན། རྣམ་ཤེས་ཚོགས་བརྒྱད་དང་ཡུམ་བརྒྱད་དག་པ་སེམས་དཔའ་ཡབ་ཡུམ་བཅུ་དྲུག་གི་རང་བཞིན། ཉོན་དྲུག་དག་པ་ཐུབ་པ་དྲུག་གི་རང་བཞིན། རྟོག་ཚོགས་


CMR014_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་སངས་རྒྱས་སྟོང་གི་རང་བཞིན། རྟག་ཆད་ཀྱི་དག་པ་ནི་སྒོ་བཞིའི་རང་བཞིན་དུ་ཤེས་པར་བྱས་པས་འཁོར་གྱི་ལྷ་རྣམས་ཀྱང་ཚང་བ་ཡིན། དེ་ནས་བདག་དང་རིལ་བུའི་ལྷ་ཐམས་ཅད་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་བསྒོམ། བདག་མདུན་གྱི་སྤྱི་བོར་སྣང་མཐའ་དང་། ཐུགས་ཀའི་ཆ་སྨད་རྟ་མགྲིན། ཆ་སྟོད་བདག་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་ཟླ་བའི་སྟེང་དུ་ཧཱུྃཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པའི་མཐའ་ལ་ཡི་གེ་དྲུག་པས་བསྐོར་བར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཡི་གེ་བདུན་པ་བཟླས་པས་བདག་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྔགས་ལས་འོད་ཟེར་དཀར་པོ་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་ལ་མཆོད་པར་གྱུར་ཅིང་དེ་རྣམས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་རྣམ་ལྔའི་རྣམ་པར་འདུས་ནས་བདག་དང་རིལ་བུའི་ལྷ་ལ་ཐིམ། ཡང་བདག་གི་ཐུགས་ཀའི་འོད་ཟེར་ཕྱིར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ཀྱི་སྒྲིབ་པ་ཐམས་ཅད་དང་དེའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་སྦྱངས་བས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ། ཡང་སྤྱི་བོའི་སངས་རྒྱས་སྣང་བ་མཐའ་ཡས་


CMR014_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས་པས་རྒྱལ་བའི་གསུང་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་གསུང་གི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ནས་བདག་དང་རིལ་བུའི་ལྷ་རྣམས་ལ་ཐིམ། ཡང་འོད་ཟེར་ཕྱི་ར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་ངག་སྒྲིབ་ཐམས་ཅད་བྱང་ནས་ངག་སྔགས་ཀྱི་རང་བཞིན་དུ་གྱུར། ཡང་བདག་མདུན་ཐུགས་ཀའི་རྟ་མགྲིན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སྔོན་པོ་དཔག་མེད་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ལྔའི་རྣམ་པར་འདུས་ནས་བདག་མདུན་ལ་ཐིམ། ཡང་འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས་ནས་སེམས་ཆོས་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་གྱུར་པར་བསམ། དེ་ལྟ་བུའི་དམིགས་པ་དེ་དྲན་ཙམ་ལན་རེ་ཙམ་མ་ཡིན་པར་ཡང་ནས་ཡང་དུ་བསྒོམ་སྟེ། གཞུང་ལས། ་དེ་ལྟར་འོད་ཟེར་འཕྲོ་འདུ་རྣམས༔ རྒྱལ་བ་མཉེས་མཆོད་རྒྱུན་མི་འཆད༔ རིགས་དྲུག་སྒྲིབ་སྦྱངས་རྒྱུན་མི་འཆད༔ བདག་ལ་དངོས་གྲུབ་རྒྱུན་མི་འཆད༔ རྒྱུན་ཆད་མེད་པ་གསུམ་ལྡན་གྱི༔ ཏིང་འཛིན་


CMR014_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཟབ་འཇིག་རྟེན་འདིར༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ ཞེས་གསུངས་པ་ལྟར་རྩེ་གཅིག་ཏུ་འབད། དེ་ཡང་བུམ་ནང་གི་རིལ་བུ་རེ་རེ་བཞིན་ལྷར་གསལ་བ་ཐམས་ཅད་དང་། བདག་དང་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གསལ་བས་སྔགས་དི་རི་རི་འུ་རུ་རུ་བཟླས་ཤིང་། དེ་ལྟར་བསྒོམ་མཁན་སེམས་ཉིད་ཀྱང་མ་བཅོས་རང་བབ་ལ་རང་རྩལ་མ་འགགས་པ་ཙམ་དུ་སྣང་སྲིད་ཐམས་ཅད་ལྷ་སྔགས་སུ་བསྒོམས་ཤིང་ཤེས་པར་བྱས་པས་བསྐྱེད་རྫོགས་དང་ཏིང་ངེ་འཛིན་གྱི་རྒྱལ་པོར་གྱུར་པ་ཡིན་པས་ཐུགས་མ་ཡེངས་པར་ཞུ་འཚལ་ལོ། །དགོང་མོ་དྲེགས་པ་ཚར་གཅོད་ནི་གཞུང་ཉུང་ངུ་དེས་འཐུས་སོ། །ཞེས་པ་འདི་ཀརྨ་ཆགས་མེད་ཀྱི་གསུངས་ཡིན་ཟེར་བ་ཐུགས་རྗེ་ཆེན་པོའི་གཞུང་པོད་ནང་ནས་ཁོལ་དུ་ཕྱུང་བ་དགེ། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR014_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདམིགས་པ་སྤོད་པའི་ཆོ་གnext