Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་དང་རིལ་བུའི་ལོ་རྒྱུས་དང་ཕན་ཡོན།
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་དང་རིལ་བུའི་ལོ་རྒྱུས་དང་ཕན་ཡོན།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་དང་རིལ་བུའི་ལོ་རྒྱུས་དང་ཕན་ཡོན།


CMR014_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་དང་རིལ་བུའི་ལོ་རྒྱུས་དང་ཕན་ཡོན་བཞུགས་སོ།།


CMR014_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འགྲོ་འདུལ་ཐུགས་རྗེ་ཆེན་པོ་གསང་བ་འདུས། །འགྲོ་དྲུག་འདྲེན་མཛོད་དེ་ལ་ཕྱག་འཚལ་ནས། །སྐྱེ་བདུན་རིལ་བུ་ལོ་རྒྱུས་ཕན་ཡོན་བྲི། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །དེ་ལ་སྤྱིར་རྒྱུད་སྡེ་བཞི་ཀ་ནས་རིལ་བུ་ལ་བརྟེན་ནས་མཆོག་ཐུན་མོང་དངོས་གྲུབ་སྒྲུབ་ཐབས་དཔག་ཏུ་མེད་པ་གསུངས། འཇམ་དཔལ་དམར་པོའི་ཤེས་རབ་རིལ་བུ། དབྱངས་ཅན་མའི་ཤེས་རབ་རིལ་བུ་ལ་སོགས་པ་ལ་བརྟེན་ནས་ཤེས་རབ་བསྐྱེད་ཐབས་གསུངས། གསར་མའི་བདེ་དགྱེས་གསང་གསུམ། དམར་ནག་འཇིགས་གསུམ་སོགས་རྒྱུད་སྡེ་


CMR014_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། རྙིང་མའི་བཀའ་དགོངས་ཕུར་གསུམ་སོགས་རྒྱུད་སྡེ་ཐམས་ཅད་ནས། བཟའ་བའི་དམ་ཚིག་གི་སྐབས་ནས་བདུད་རྩི་རིལ་བུ་བྱ་ཐབས་དེའི་ཕན་ཡོན། ཟོས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཚུལ་མཐའ་ཡས་པར་གསུངས་ཤིང་། མ་ཎི་རིལ་བུ་འདི་ལ་ཡང་གཏེར་ཁ་དུ་མ་ནས་བྱོན་པའི་བདུད་རྩི་རིལ་བུ་དང་། གཏེར་སྟོན་དུ་མས་བསྒྲུབས་པའི་བདུད་རྩི་རིལ་བུ་དང་། དཔལ་ལྡན་ས་སྐྱ་པ་ནས་རིམ་གྱིས་བསྒྲུབས་པའི་བདུད་རྩི་རིལ་བུ་དང་། འབྲི་གུང་པའི་བདུད་རྩི་རིལ་བུ་རྣམས་འདྲེས་ཤིང་། དོན་ལ་མཆོག་གི་བདུད་རྩི་རྫས་བདུད་རྩི་རིལ་བུ་


CMR014_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་དང་། བདུད་རྩི་རིལ་བུའི་རྩ་བ་ཡང་ཤ་ལྔ་བདུད་རྩི་ལྔ་ཡིན་ལ། འདིར་མཆོག་གི་ཤ་སྐྱེ་བདུན་གཙོ་བོར་བྱས་པའི་རིལ་བུ་ཡིན་པས། རྒྱུད་སྡེ་རྣམས་ནས་བདུད་རྩི་རིལ་བུའི་ཕན་ཡོན་ཇི་སྐད་བཤད་པ་ཐམས་ཅད་མ་ཎི་རིལ་བུ་འདི་ལས་འབྱུང་ངོ་། །ཁྱད་པར་དུ་གསར་མའི་བདེ་མཆོག་རྩ་བ་དང་། བཤད་པའི་རྒྱུད་ཆེན་པོ་རྣམས་ནས་སྐྱེ་བ་བདུན་པ་ཡིན་མིན་བརྟགས་པའི་ཐབས། སྐྱེ་བདུན་དེ་ཡི་ཤ་ལ་བརྟེན་ནས་མཁའ་སྤྱོད་སྒྲུབ་པའི་ཐབས་རྒྱ་ཆེན་གསུངས། རྙིང་མའི་ཐུགས་རྗེ་ཆེན་པོ་ཁྲོས་མའི་ཆོས་སྐོར་ལ་ཡང་གསུངས་སོ། །ཁྱད་པར་དུ་གསང་སྔགས་རྙིང་མའི་བཀའ་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ནས། གཞན་ལས་ཁྱད་པར་དུ་འཕགས་པའི་གདམས་ངག་མ་བསྒོམས་པར་འཚང་རྒྱ་བའི་ཐབས་བཞི་གསུངས་ཏེ༔ བཏགས་པས་གྲོལ་བ་བཏགས་གྲོལ་འཁོར་ལོ། །ཐོས་པས་གྲོལ་བ་ཐོས་གྲོལ་དང་འཕོ་བ། རེག་པས་གྲོལ་བ་ཌཱཀི་པདྨ་ཅན། ཟོས་པས་གྲོལ་བ་སྐྱེ་བདུན་རིལ་བུ་དང་བཞིའོ། །དེ་ལ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། དེ་ནས་སྐྱེ་བདུན་ཤ་སྒྲུབ་བཤད༔ དེ་ཉིད་རྟགས་སྒྲུབ་འགྲོ་དོན་བྱ༔ རྟགས་པའི་སྐྱེ་བདུན་གང་ཡིན་དེས༔ མི་


CMR014_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྐྱེ་བ་བདུན་པོ་དྲན༔ དེ་ཡང་ཆོས་ལྡན་སྐྱེ་བདུན་པའི༔ རོ་བླངས་ཤ་རྣམས་ལེགས་སྐམ་སྟེ༔ ཞེས་དང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། དལ་འབྱོར་ཆོས་ལྡན་མི་ལུས་ནི༔ བདུན་ནི་བརྩེགས་མར་བླངས་བ་ཡིས༔ ངེས་པར་ཡིད་ཆེས་ལྡན་པ་དེའི༔ རོ་བླངས་ཤ་རྣམས་ལེགས་པར་སྐམ༔ ཞེས་གསུངས་པ་ལྟར༔ རིལ་བུ་འདི་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སྐུ་ཤ་དང་། ཀཿཐོག་དབང་དྲག་རྒྱ་མཚོའི་སྐུ་ཤ་གཉིས་ལ་གཞི་བྱས་ནས་དྲུང་པ་ཚེར་ལུང་ཀུན་དགའ་རྣམ་རྒྱལ་བས་བསྒྲུབས་པའི་རིལ་བུ་བརྒྱ་དང་སོ་གསུམ་ཙམ་དུ་རུ་རྩིའི་གཞི་བྱས་པ་ཡིན་ལ། འབྲི་གུང་པའི་མ་ཎི་རིལ་བུ་མང་དུ་འདྲེས་པ་ལ་ནི། ཡབ་ཆོས་རྒྱལ་ཕུན་ཚོགས་ཀྱི་སྐུ་ཤ་གཙོ་བོ་ཡིན་པར་གདའ། སྐྱོ་བྲག་པའི་རིལ་བུ་མང་དུ་འདྲེས་པ་དང་། ཐམས་ཅད་ཀྱི་རུ་རྩིའི་ཕུག་རཏྣ་གླིང་པའི་གཏེར་ནས་བྱོན་པའི་བྲམ་ཟེ་སྐྱེ་བདུན་པའི་རིགས་གསུམ་གྱི་ཤ་ཡིན་པར་གདའ་ལགས་སོ། །གཞན་ཡང་གཏེར་སྟོན་དྲི་མེད་ལྷུན་པོ་དང་། གཏེར་ཁ་བཅུ་གསུམ་ནས་བྱོན་པའི་བྲམ་ཟེ་སྐྱེ་བདུན་གྱི་ཤ་རིལ་དང་། བྲམ་ཟེ་དུང་རྣ་ཅན་གྱི་སྐུ་ཤ་པདྨ་གླིང་པའི་གཏེར་མ་དང་། རཏྣ་གླིང་པས་པཉྩ་ལྷ་ཁང་ནས་


CMR014_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བཏོན་པའི་བྲམ་ཟེ་ལོ་ལི་ཇི་བའི་སྐུ་ཤ་དང་། གནམ་སྐས་ཅན་ནས་བཏོན་པའི་བྲམ་ཟེ་ཛེ་ཏ་རུ་པའི་སྐུ་ཤ་དང་། བྲམ་ཟེ་དྲི་མེད་སྙིང་པོའི་གཙོར་བྱས་བྲམ་ཟེ་ཉི་ཤུ་རྩ་ལྔའི་སྐུ་ཤ་རྣམས་ནི། ཟུར་མང་བློ་གྲོས་རྒྱ་མཚོ་པ་དང་། དགོངས་འདུས་བསོད་ནམས་རྡོ་རྗེ་དང་། སྐྱོ་བྲག་བསྟན་འཛིན་པ་སོགས་ཀྱིས་རིལ་བུ་འདིའི་ཕབས་རྒྱུན་ལ་འདྲེས་པར་གདའ་བས། དྲུང་པས་ཀྱང་དེའི་ཕབས་རྒྱུན་ལ་གཙོ་བོ་མཛད་པར་སྣང་ཞིང་། གསར་དུ་ཡང་དེ་རྣམས་ཀྱི་རིལ་བུ་མང་དུ་ཕབས་བྱས་སོ། །གཞན་བྱིན་རླབས་རྟེན་འབྲེས་ཚུལ་ནི་དཀར་ཆག་གསར་རྙིང་ན་གསལ་ལོ། །དེ་རྣམས་ཀྱི་གཙོ་བོ་ཐུགས་རྗེ་ཆེན་པོ་འགྲུབ་པའི་བྲམ་ཟེ་ཉི་ཤུ་རྩ་ལྔ། དེ་ཡི་ནང་ནས་ཐུགས་རྗེ་ཆེན་པོ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བྲམ་ཟེ་གསུམ་བྱོན་ཚུལ། དེའི་སྐུ་ཤ་བོད་དུ་བྱོན་ཚུལ་ཟུར་ཙམ་ཞུ་ན། སྔོན་གྱི་དུས་ན་བཅོམ་ལྡན་འདས་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས་སྤྱན་རས་གཟིགས་རིགས་ལྔ་སྤྲུལ། དེ་ལས་ཡང་སྤྲུལ་དཔག་ཏུ་མེད་པ་མཛད་ནས་དུག་ལྔས་གཟེར་བའི་སེམས་ཅན་རྣམས་ལ། ཆོས་ཀྱི་སྒོ་མོ་དཔག་ཏུ་མེད་པ་གསུངས་ནས། སེམས་ཅན་ཚད་མེད་གྲངས་མེད་དྲངས་ནས། ད་


CMR014_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཁོར་བ་སྟོང་ངོ་དགོངས་ནས་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད་པར་གཟིགས། ཕལ་ཆེར་མི་དགེ་བ་ལ་སྤྱོད་པས་ངན་སོང་གི་སྡུག་བསྔལ་བཟོད་གླགས་མེད་པ་ལ་སོགས་མྱོང་། མཐོ་རིས་སུ་སྐྱེས་ཀྱང་ཆོས་དང་མཇལ་དཀའ། ཆོས་དང་མཇལ་ཡང་ཉམས་སུ་ལེན་མཁན་དཀོན་པས། །ཆོས་བཤད་པས་སེམས་ཅན་ལ་ཕན་ཐོགས་དཀའ་བར་གཟིགས་ནས། ཐུགས་རྗེ་ཆེན་པོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་ནས་ཚོགས་བསགས་སྒྲིབ་སྦྱོང་བྱ་མི་དགོས། ཆོས་ཉམས་སུ་ལེན་མི་དགོས་པར་སངས་རྒྱས་ཐོབ་པའི་ཐབས་ཤིག་གནང་བར་ཞུས། དེར་སངས་རྒྱས་ཐམས་ཅད་ཆོས་སྐུ་སྟོང་པའི་ངང་ལས་གཟུགས་ཀྱི་སྐུར་བཞེངས་ནས་ལེགས་སོ་ལེགས་སོ། །སྒོམ་བསྒྲུབ་བྱ་མི་དགོས་པར་སངས་རྒྱས་པའི་ཐབས་ནི་མང་དུ་ཡོད་དོ། །ཁྱད་པར་དུ་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་དོན་ལ་དབང་བསྐུར་ཞིང་དགོངས་པ་གཏད་པའི་རྒྱལ་ཚབ་ནི། འཕགས་པ་སྤྱན་རས་གཟིགས་ཁྱོད་ཉིད་ཡིན་པས། ཁྱོད་ཀྱི་སྐུ་གསུང་ཐུགས་ལས་བྲམ་ཟེ་གསུམ་དུ་སྤྲུལ་པར་གྱིས་ལ། དེའི་སྐུ་གདུང་ཤ་ཁྲག་གདོས་བཅས་ཀྱི་ཚུལ་དུ་ཞོག་ཅིག་


CMR014_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེའི་ཤ་ཁྲག་རུས་པའི་ཟེར་ཙམ་འགྲོ་བ་གང་གི་ཁོག་ཏུ་སོང་བ་ཐམས་ཅད་སྐྱེ་བ་དེ་ནས་འཁོར་བར་མ་འཁྱམས་ཏེ། བླ་ན་མེད་པ་སངས་རྒྱས་པའི་འབྲས་བུ་ཐོབ་བོ། །ཞེས་བཀའ་གནང་ངོ་། །དེ་ནས་སྤྱན་རས་གཟིགས་ཀྱི་སྐུའི་སྤྲུལ་པ་བྲམ་ཟེ་དྲི་མེད་སྙིང་པོ་ཞེས་བྱ་བ་ཟ་ཧོར་གྱི་ཡུལ་དུ་བྱོན་ཏེ། ཚོང་དུས་རྣམས་སུ་སྐལ་ལྡན་ལས་འཕྲོ་ཅན་ཡོད་ན་ངའི་ལུས་འདི་ལོང་དང་དོན་གཉིས་འགྲུབ་པའི་དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད་དོ། །ཞེས་གསུངས་ནས་འདས་ཚུལ་བསྟན་ཀྱང་རོ་དེ་ལེན་མཁན་མ་བྱུང་ངོ་། །དེ་ནས་ལྷ་ལྕམ་མནྡ་ར་བ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེས་བསྐུལ་ནས་ཚོང་འདུས་ཤ་ཉོ་བ་ལ་བྱོན་ནས་ཆར་བབས་པས་ཚོང་འདུས་མ་ཚོགས་པར་ཤ་མ་ཁུག །དེར་ལམ་དུ་བྲམ་ཟེའི་ཁྱེའིའུ་རོ་ཆར་གྱིས་དག་ནས་འདུག་པ་བཅད་ནས་འོང་བ། ཡབ་རྒྱལ་པོ་གཙུག་ལག་འཛིན་ལ་ཚོད་མ་བྱས་ནས་དྲངས་བས། །རྒྱལ་པོའི་མ་རིག་པའི་སྒྲིབ་པ་སྐད་ཅིག་ལ་སངས་ནས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཐོབ། ལུས་ལ་བདེ་དྲོད་མེ་ལྟར་འབར་ཏེ་ཁྲུ་གང་ས་ལ་མ་རེག་པར་བར་སྣང་ལ་བཞུགས་སོ། །དེ་ནས་སྐྱེ་བདུན་གྱི་ཤ་ཡིན་པར་གོ་ནས། རོ་དེ་བླངས་ནས་རིལ་བུ་བྱས་ཏེ་རིན་པོ་ཆེ་སྣ་


CMR014_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་སྒྲོམ་བུར་བཅུག་ནས། དུར་ཁྲོད་ཆེན་པོ་དགའ་བའི་ཚལ་ལ་གཏེར་དུ་སྦས་ཏེ་མཁའ་འགྲོ་མ་རྣམས་ལ་གཉེར་དུ་གཏད་དེ། མནྡཱ་ར་བ་འཁོར་ལྔ་བརྒྱ་དང་བཅས་པ་དགེ་སློང་མའི་སྡོམ་པ་ལ་བཀོད་ནས་གཙུག་ལག་ཁང་དུ་བཞུགས་སོ། །ཨོ་རྒྱན་རིན་པོ་ཆེ་དེར་བྱོན་ནས་མནྡ་ར་བ་དཔོན་གཡོག་ལ་ཆོས་གསུངས་པས། རྒྱལ་པོས་ཆད་པ་བཅད་དེ་གསོན་བསྲེགས་བྱས། དེར་མེས་མ་ཚིག་པར་པད་སྡོང་གི་རྩེ་ལ་བཞུགས་པས་རྒྱལ་པོ་དད་པ་སྐྱེས་ནས་མངའ་འབངས་ཐམས་ཅད་ཕུལ། མནྡ་ར་བ་ཡང་ཕྱག་རྒྱ་མོར་ཕུལ། སྐྱེ་བདུན་གྱི་ཤའི་གཏེར་དེ་ཡང་ཕུལ་བ་ཁང་བརྩེགས་སུ་གཏེར་དུ་སྦས་སོ། །སྤྱན་རས་གཟིགས་གསུང་གི་སྤྲུལ་པ་བྲམ་ཟེ་ཤེལ་ཕྲེང་ཅན་ཞེས་བྱ་བ། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་གླིང་བུ་སྒང་ཞེས་བྱ་བར་བྱོན་པའི་རོ་དེ། བུ་མོ་འགྲོ་བ་བཟང་མོ་ཞེས་བྱ་བའི་ཌཱཀི་མ་ཞིག་གིས་རྙེད་དོ། །དེས་ཡེ་ཤེས་གསང་ལམ་ཞུ་བའི་ཡོན་དུ་ཨོ་རྒྱན་རིན་པོ་ཆེ་ལ་ཕུལ་བ། དུར་ཁྲོད་སྐུ་ལ་རྫོགས་སུ་གཏེར་དུ་སྦས་སོ། །སྤྱན་རས་གཟིགས་ཐུགས་ཀྱི་སྤྲུལ་པ་བྲམ་ཟེ་དུང་རྣ་ཅན་ཞེས་བྱ་བ་ནི། རྒྱ་གར་གྱི་ཡུལ་ཁ་སར་པ་ཎི་རང་བྱུང་གི་ལྷ་ཁང་དྲུང་དུ་བྱོན་ནོ། །དེར་ཨོ་རྒྱན་


CMR014_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་བྱོན་ནས་ཕྱག་དང་བསྐོར་བ་མཛད་པས་ང་ལ་ཕྱག་འཚལ་ནས་ཅི་འདོད་གསུངས། སྐྱེ་བདུན་གྱི་ཤ་ཡིས་འགྲོ་དོན་བྱེད་འདོད་ཞུས་པས། འོ་ན་བརྡའ་ཞིག་བྱུང་དུས་ཤོག་ལ་ལོངས་ནས་འགྲོ་དོན་གྱིས་གསུངས། ་་་དེར་ལོ་ལྔ་རེད་དུས་བརྡའི་བྱུང་བས། ཨོ་རྒྱན་རིན་པོ་ཆེའི་བརྟུལ་ཞུགས་ཀྱི་ཆས་སུ་ཞུགས་ནས་སྟག་ལ་ཆིབས་ཏེ་རོ་དེ་སྤང་པར་ཁྱེར་གྲོང་ཁྱེར་འབྲས་ལྡན་གྱི་ཤར་སྒོ་ལ་ཞུགས་ནས། གྲོང་ཁྱེར་པ་ཐམས་ཅད་ལ་དངོས་གྲུབ་འདོད་མི་ཨེ་ཡོད་གསུངས་པས་མི་རྣམས་ན་རེ། རྣལ་འབྱོར་པ་སྨྱོའམ་ལྟས་ངན་རེ་རོ་གཅིག་ཁུར་ནས་དངོས་གྲུབ་ཨེ་འདོད་ཟེར་རོ་ཞེས་འཕྱ་མཁན་མ་གཏོགས་དངོས་གྲུབ་འདོད་ཟེར་མཁན་མ་བྱུང་། ཤར་སྒོར་ཁྱི་གཅིག་རྗེས་སུ་བྱུང་བ་ལ། རྣ་བ་གཡས་ཀྱི་དུམ་བུ་གཅིག་བྱིན་པས་ཁྱི་དེ་འཇའ་འོད་དུ་ཡལ་སོང་། ནུབ་སྒོ་ནས་བུ་མོ་གཅིག་གིས་དངོས་གྲུབ་གནོང་དང་ཟེར་བས། རྣ་བ་གཡོན་བཅད་ནས་བྱིན་པས་དེ་མ་ཐག་ཏུ་མཁའ་སྤྱོད་དུ་གཤེགས་སོ། །དེར་གྲོང་ཁྱེར་གྱི་མི་རྣམས་ཀྱིས་རྣལ་འབྱོར་པ་འདི་མིག་འཁྲུལ་མཁན་ཞིག་རེད་ཟེར་རོ། །སྐུ་ཤ་དེ་ན་ལེནྡ་རུ་གཏེར་དུ་སྦས་སོ། །དེ་ནས་ཨོ་རྒྱན་རིན་པོ་ཆེ་བོད་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་


CMR014_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དྲངས་དུས། སྐྱེ་བདུན་གྱི་གཏེར་ཆེན་གསུམ་པོ་བཏོན་ནས། རིལ་བུ་དཔག་ཏུ་མེད་པ་སྤེལ་ཏེ། རྒྱ་གར་གྱི་ཤར་ནུབ་བལ་པོ་སོགས་སུ་ཡང་གཏེར་དུ་སྦས་མོད་ཀྱིས། ཕལ་ཆེར་བོད་དུ་གདན་དྲངས་ནས་གཏེར་ཁ་མང་དུ་སྦས་ཏེ། བོད་དུ་སླར་ཡང་རིལ་བུ་རྣམས་ལ་དམ་རྫས་ཡབ་ཡུམ་བྱང་སེམས་སོགས་བསྣན་ཅིང་བསྒྲུབས་ནས་མཚོ་རྒྱལ་གྱི་ཕྱག་གིས་བསྒྲིལ་བ་ལ། མཐེབ་མཛུབ་ལ་ཨ་ཡིག་དང་མ་ཡིག་རང་བྱོན་ཡོད་པའི་རྗེས་ཡོད་པ་ལ་ཨ་མ་རིལ་བུ་ཞེས་གྲགས་སོ། །ཐམས་ཅད་ཀྱང་ཟད་མི་ཤེས་པར་ནོར་བུ་རིན་པོ་ཆེ་ལྟར་སྨོན་ལམ་བཏབ་ཅིང་། མ་འོངས་པའི་དོན་དུ་གཏེར་དུ་སྦས་པས་རིལ་བུ་འཕེལ་ཏེ་མི་ཟད་པ་ཡིན་ནོ། །བཀའ་སྲུང་རྣམས་ལ་གཉེར་དུ་གཏད་པས་སུ་ཡིན་གྱིས་འདོན་དབང་མེད་པ་དེ་ཡང་གཏེར་སྟོན་རཏྣ་གླིང་པའི་གནས་ཆེན་ལྷོ་བྲག་མཁར་ཆུ་ཉེ་བའི་ཚནོ་ཧ་ཡི་གནས། ཀླུ་བདུད་མགོ་དགུའི་ཕོ་བྲང་ནས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་སྒྲུབ་ཐབས་། སྐྱེ་བདུན་སྒྲུབ་ཐབས། བྲམ་ཟེ་དྲི་མེད་སྙིང་པོའི་སྐུ་ཤའི་རིལ་བུ་སྐྱེ་བདུན་གྱི་ཕབས། ཨུ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། ཨུ་རྒྱན་གྱིས་བསྒྲུབས་པའི་ཆོས་སྨན་


CMR014_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཏོན་ཏོ། །བསམ་ཡས་བྱང་ཆུབ་ཆེན་པོའི་གདན་ཁྲིའི་སྐུའི་རྒྱབ་ཟུར་ནས། གསང་འདུས་ཕྱི་སྒྲུབ་དང་རིལ་བུ་བུམ་སྒྲུབ་བྲམ་ཟེའི་སྤུར་ཤ་རྣམས་བཏོན། དྭགས་པོས་ལྡང་ལུང་ཁྲ་མོ་བྲག་ནས་བྲམ་ཟེའི་སྤུར་ཤི་སྐྱེ་བདུན་གྱི་ཕེབས་དང་། དགའ་རབ་རྡོ་རྗེ། ཤྲཱི་ས་ཧ། བཱི་མ་ལ་མི་ཏྲ། ཨུ་རྒྱན་རྣམས་ཀྱི་སྨན་སྒྲུབ། ་ཨུ་རྒྱན་ཡབ་ཡུམ་གྱི་བྱང་སེམས་སོགས་རིལ་བུའི་ཕབས་རྣམས་བཏོན་ཏོ། །ལྷོ་སྟོད་དབེན་རྩ་ལྷ་ཁང་གཙོ་བོའི་སྐྱིལ་ཀྲུང་དཔུང་ཟུར་དང་། སྒོ་སྲུང་མཁའ་འགྲོའི་ལྟེ་བའི་ཐད་ནས། བྲམ་ཟེའི་སྤུར་ཤ། ཆོས་སྨན་ཨ་མི་ཏ། ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་སོགས་རིལ་བུ་རྫའི་གའུ་རེ་བཏོན་ཏོ། །བསམ་འགྲུབ་བདེ་ཆེན་གྱི་གཙུག་ཁང་ནས་དབུ་རྩེའི་སྟོན་པའི་བཞུགས་ཁྲིའི་པདྨའི་འོག་ནས། གུ་རུ་ཆོས་དབང་གི་གཏེར་ཀ་ནས་བྱོན་པ་ལ། ཉིད་ཀྱི་སྲས་པདྨ་དབང་ཆེན་གྱི་སྐྱེས་མཐའ་གཅིག་ལ་སྨོན་ལམ་བཏབ་ནས་སྦས་པའི་ཨཱརྱ་ས་ལེའི་སྨན་སྒྲུབ་དང་། བྲམ་ཟེའི་སྤུར་ཤ་སྐམ་པོ། སངས་རྒྱས་ཀྱི་གདུང་སྨན་སོགས། བསེའི་གའུ་གང་བཏོན་ཏོ། །དེ་རྣམས་ལ་རུ་རྩི་མཛད་ནས་རཏྣ་གླིང་པས་རིལ་བུ་བསྒྲུབས་ཏེ། ལྷོ་ལ་ཡག་ཏུ་སྒྲུབ་དུས་རིལ་བུ་ཁོལ་བ་དང་།


CMR014_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་འོད་འཁྲུགས་པ་བྱུང་། ཟབ་སྐར་ཞེས་པའི་ས་ཆར་སྐྱེ་བདུན་སྒྲུབ་དུས་རིལ་བུ་འཕེལ་ཞིང་ལྷུད་པ་དང་། བུམ་ཆུ་ཁོལ་བ་ཆུ་ཚན་ཙམ་དུ་གྱུར་ཏོ། །ཁྱུང་ཆེན་བྲག་གི་དགོན་པ་ན་སྐྱེ་བདུན་བསྒྲུབས་པས་དྲི་བཟང་གིས་ཁྱབ་པ་དང་། འོད་ཟེར་དཀར་པོ་འཕྲོ་བ་དང་། མར་མེ་ཞག་བདུན་འཛིན་པ་བྱུང་ངོ་། །འཕན་ཡུལ་སྨན་རྩེ་དགོན་དུ་སྐྱེ་བདུན་རིལ་བུ་བསྒྲུབས་པས། བུམ་པའི་སྟེང་དུ་་འཇའི་གུར་ཕུབ་པའི་ནང་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ཡུན་རིང་ཞལ་གཟིགས་པས་དེར་དགེ་འདུན་ཕོ་མོ་ལྔ་བརྒྱ་ཙམ་ཡོད་པའི་ནང་ནས་ལས་དག་འགའ་རེས་ཀྱང་མཇལ། དེ་དུས་དྲི་བཟང་གིས་གང་བ་ཀུན་གྱི་སྣང་བ་མཐུན་ནོ། །རྒྱ་མ་དགོན་དུ་སྐྱེ་བདུན་བསྒྲུབས་ནས་ཁྲོམ་དབང་མཛད་ཅིང་རིལ་བུ་བཀྲེས་དུས་མེ་ཏོག་གི་ཆར་པ་ཆེ་ཆུང་གྲངས་ལས་འདས་པ་སེ་བའི་མེ་ཏོག་ཙམ་ཡོད་པ་དཔག་ཏུ་མེད་པ་ཉིན་ཕྱེད་བར་བབས་པས། ཁྲོམ་ཐམས་ཅད་དད་པའི་གདུང་ཤུགས་ཀྱིས་ངུར་སྒྲ་འབྱིན་ཞིང་གསོལ་བ་འདེབས་པར་བྱེད་དོ། །ལར་བུམ་སྒྲུབ་དང་སྨན་སྒྲུབ་དང་སྒྲུབ་ཆེན་སོགས་ལན་གྲངས་སུམ་ཅུ་ལྷག་སྒྲུབ་སྟེ་ངོ་མཚར་བའི་རྟགས་མ་གཏོགས་བར་ཆད་ཕྲ་མོ་གཅིག་ཀྱང་འོང་མ་


CMR014_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ཁོ་བོ་འདྲ་བ་དཀོན་ཞེས་གསུངས་སོ། །དེ་ལྟར་གཏེར་སྟོན་རཏྣ་གླིང་པའི་སྐྱེ་བདུན་གཏེར་ནས་བཏོན་ཞིང་བསྒྲུབས་ནས་སྤེལ་བ་དེའི་རྒྱུན་གྱི་དམ་རྫས་བྲམ་ཟེའི་ཤ་སོགས་ཀྱི་རུ་རྩི་མེད་དམ་ཞེ་ན༔ རཏྣ་གླིང་པའི་དག་སྣང་ཡིད་བཞིན་ནོར་བུའི་སྐབས་སུ། ཟངས་མདོག་དཔལ་རིར་བྱོན་དུས། ཨོ་རྒྱན་རིན་པོ་ཆེའི་གསུངས་པ། ལར་ཁྱོད་ལ་ཟོས་པས་སངས་རྒྱས་ཐོབ་པའི་རྫས་མང་དུ་ཡོད་པས། དེ་རྣམས་ཀྱང་སེར་སྣ་མེད་པར་འགྲོ་དོན་ལ་སྤྱོད་ཅིག་མ་འོངས་པའི་བརྒྱུད་པ་ན་མར་ལ་ཡང་ཕབས་ཀྱི་སྣ་མ་ཆད་པར་གྱིས་ཤིག །དེ་གསང་སྔགས་བསྟན་པའི་སྲོག་ཏུ་འགྱུར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རིལ་བུ་འདི་རྣམས་ལ་ཡང་བྲམ་ཟེའི་སྤུར་ཤའི་ཕབས་རྒྱུན་ངེས་པར་ཡོད། དེ་ལྟར་ཡིད་ཆེས་ཁུངས་བཙུན་པའི་སྐྱེ་བདུན་རིལ་བུ་འདི་ཡི་ཕན་ཡོན་ནི། སྐྱེ་བདུན་སྒྲུབ་པའི་ཕན་ཡོན་དང་། རིལ་བུ་ཟོས་པའི་ཕན་ཡོན་དང་། དབང་ཐོབ་པའི་ཕན་ཡོན་དང་གསུམ་མོ། །དང་པོ་སྒྲུབ་པའི་ཕན་ཡོན་ནི། རྒྱས་པར་གཞན་དུ་གསལ། བསྡུ་ན། གསང་བ་འདུས་པའི་རྒྱུད་ལས། རྒྱལ་བ་མཉེས་མཆོད་རྒྱུན་མི་འཆད༔ སེམས་ཅན་སྒྲིབ་སྦྱོང་རྒྱུན་མི་འཆད༔ བདག་ལ་དངོས་གྲུབ་རྒྱུན་མི་


CMR014_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འཆད༔ རྒྱུན་འཆད་མེད་པ་གསུམ་ལྡན་གྱིས༔ ཏིང་འཛིན་འདི་ཟབ་འཇིག་རྟེན་འདིརཿ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ དངོས་གྲུབ་མ་ལུས་ཀུན་འབྱུང་ཞིང་༔ མྱུར་དུ་འགྲུབ་གྱུར་ཐེ་ཚོམ་མེད༔ སྒྲུབ་ཐབས་གསུམ་ལ་སྒྲུབ་ལམ་སྦྱོངས༔ དོན་གཉིས་མཐར་ཕྱིན་སངས་རྒྱའོ༔ ཞེས་དང་། གསང་སྒྲུབ་ལས། སྒྲུབ་པ་བྱེད་པའི་རྣལ་འབྱོར་རྣམས༔ སྤྱན་རས་གཟིགས་དང་གཉིས་སུ་མེད༔ བར་དོའི་འཇིགས་པ་ཀུན་བྲལ་ཏེ༔ གསང་བ་འདུས་དང་གཉིས་མེད་འགྱུར༔ ཞེས་དང་། ཕྱི་སྒྲུབ་ལས། སྒྲུབ་པ་བྱེད་པའི་རྣལ་འབྱོར་རྣམས༔ ཚེ་འདིར་རིག་འཛིན་ཐོབ་པར་འགྱུར༔ དང་དུ་ལོངས་ཤིག་སྐལ་ལྡན་རྣམས༔ ཞེས་དང་༔ ནང་སྒྲུབ་ལས། དེ་ལྟར་མ་ཡིན་རབ་བསྒྲུབས་པས༔ བསྒྲུབས་པའི་རྟགས་དང་ཡོན་ཏན་ནི༔ རང་གི་ལུས་ངག་ཡིད་གསུམ་པོ༔ བླ་མའི་སྐུ་གསུང་ཐུགས་དང་འདྲེས༔ གཞན་སྣང་སྐུ་ཡི་རྫུ་འཕྲུལ་དང་༔ གསུང་གི་ནུས་པ་ཐུགས་ཤེས་འབྱུང་༔ མི་དང་མི་མིན་ཟས་ནོར་འདུ༔ གཞན་ཡང་བླ་མའི་གདེང་ཐོབ་ནས༔ གདོས་བཅས་ཕུང་པོ་མི་སྣང་བར༔ བདེ་བ་ཆེན་པོའི་ཞིང་ཁམས་སུ༔ ཚེ་གཅིག་ལུས་གཅིག་


CMR014_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱའོ༔ དེ་ཡི་རྟགས་སུ་རྣལ་འབྱོར་པ༔ འདས་ཚེ་སྐུ་གདུང་རིང་བསྲེལ་རྣམས༔ གཞན་སྣང་རྟེན་དུ་འབྱོན་པ་ཡི༔ པདྨའི་ཐུགས་བཅུད་ཡང་ཟབ་གནད༔ ཅེས་དང་། སྒྲུབ་ཆེན་ལས། སྙིགས་མའི་དུས་སུ་ཐུགས་རྗེ་ཆེན་པོའི་བསྟན་པ་རྒྱས་པར་འབྱུང་སྟེ༔ ཀུན་ཀྱང་མ་ཎི་དུང་ཕྱུར་ལ་སོགས་དར་བའི་ཚེ་རང་ལུགས་འདྲེན་པ་བས༔ སྒྲུབ་ཆེན་འདི་ཉིད་བརྒྱ་འགྱུར་གྱི་ཡོན་ཏན་ཆེའོ༔ ཞེས་ཨོ་རྒྱན་ངའི་བཀའོ༔ ཞེས་གསུངས་པས་སྒྲུབ་ཆེན་འདི་ལ་ཡིག་བདུན་བྱེ་ཆུང་གཅིག་བཏོན་ན་དུང་ཕྱུར་གཅིག་ཏུ་ངེས་སོ༔ སྤྱིར་ཡིག་དྲུག་གི་ཕན་ཡོན་མཐའ་ཡས་པ་མདོ་རྒྱུད་དུ་མ་ནས་གསུངས་པ་གཞན་དུ་ཤེས། ཡིག་བཅུའི་ཕན་ཡོན་ཡང་རྒྱལ་བ་རྒྱ་མཚོའི་སྐབས་སུ་ཤེས། ཕྱི་ཡིག་དྲུག །ནང་ཡིག་བཅུ། གསང་བ་ཡིག་བདུན་ཡིན་པར་གསུངས་པས་ཡི་གེ་བདུན་པ་འདི་ལ་ཡིག་དྲུག་གི་ཕན་ཡོན་ཐམས་ཅད་ཡོད་པ་གཞིར་བཅས་ལ། ཧྲིབསྣན་པའི་ཡི་གེ་བདུན་འདིའི་ཁྱད་པར་ཕན་ཡོན་ནི། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་


CMR014_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་རྣམས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བརྗོད་མི་ནུསཿ ཡང་སྙིང་ཡིད་ལ་སུས་བྱས་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་ཆད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་གྱུར༔ ཡང་སྙིང་ཐོས་ཚད་དྲན་རེག་རུང་སྒོམ་བཟླས་འབྲི་འཆང་བཏོན་པ་རྣམས༔ ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིདཿ ཅེས་དང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ཆེན་ཉིད་ལས༔ ལེགས་འོང་སྐལ་ལྡན་བུ་མཆོག་རྣམས༔ ཡིག་བདུན་འདྲེན་ལ་བརྩོན་པ་བསྐྱེད༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགསཿ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡིག་བདུན་དག་ལ་ཡང་དག་རྫོགས༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ན་བགྲངས་བས་ཟད༔ ཡིག་


CMR014_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཡོན་ཏན་འཛད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་གཅིག་བཟླས་པ་ཡིས༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ སངས་རྒྱས་སར་བཀོད་ཡོན་ཏན་ནི༔ བགྲང་བར་ནུས་ཀྱི་ཡི་གེ་བདུན༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡང་སྙིང་ཡིད་ལ་སུས་བྱས་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་ཆད་སེལ་ཞིང་འགྲོ་བ་འདུལ༔ ཡང་སྙིང་མཐོང་ཐོས་དྲན་རེག་རུང་༔ སྒོམ་བཟླས་འབྲི་འཆང་བསྟན་པ་རྣམས༔ ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་གསུངས་སོ༔ དེ་ནས་རིལ་བུ་ཟོས་པའི་ཕན་ཡོན་ནི༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས༔ དེ་ནས་བཅོམ་ལྡན་རིགས་བདག་ལ༔ འདུས་པའི་འཁོར་གྱིས་ཡང་ཞུས་པ༔ རྩོལ་མེད་ངོ་མཚར་མཆོག་གི་རྫས༔ ཟོས་པས་སངས་རྒྱས་ཐོབ་པའི་ཐབས༔ བདག་ཅག་འཁོར་ལ་བཀའ་


CMR014_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་ཞིག༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ངོ་མཚར་དེ་ཉིད་སྒྲུབ་པ་ན༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་གྱིས༔ འགྲོ་དོན་འཁོར་བ་དོང་སྤྲུགས་ཐབས༔ ཞེས་པ་ནས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ བདག་བས་གཞན་གཅེས་འགྲོ་དོན་སྤྱོད༔ ཡིག་བདུན་བཟླས་ཤིང་དམ་ཚིག་སྲུང་༔ ཐམས་ཅད་འཁོར་བ་དོང་ནས་སྤྲུགས༔ ཞེས་གསུངས་པ་དང་༔ སྐྱེ་བདུན་སྒྲུབ་ཐབས་བསམ་ཡས་གཏེར་མ་ལས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྐྱེ་བདུན་སྒྲུབ་པའི་མན་ངག་མཆོག༔ ཟབ་དྲིལ་དོན་བསྡུས་བསྟན་པར་བྱ༔ མཁའ་སྤྱོད་རིག་འཛིན་ཤ་སྒྲུབ་དང་༔ བླ་མེད་བྱང་ཆུབ་ཤ་སྒྲུབ་སྟེ༔ གཉིས་ལས་འདི་ནི་མཆོག་སྒྲུབ་པའོ༔ ཞེས་པ་རིལ་བུ་སུས་ཐོབ་པ༔ ཐུགས་རྗེ་ཆེན་པོའི་ཞིང་དུ་འགྲོ༔ འདི་ལ་ཐེ་ཚོམ་མི་འཚལ་ཏེ༔ མ་སྒྲུབ་སངས་རྒྱས་ཐོབ་ཐབས་ལྔ༔ སྔོན་སྦྱངས་ལས་སད་རྟོགས་གྲོལ་དང་༔ རང་བྱུང་རྒྱུད་མཆོག་བཏགས་གྲོལ་དང་༔ མཚན་ལྡན་པདྨའི་རྩ་ཡི་གནད༔ གསང་ལམ་ཟབ་མོའི་འཕོ་བ་དང་༔ ངོ་མཚར་རྗེས་མཆོག་སྐྱེ་བདུན་ནོ༔ དེ་ཕྱིར་


CMR014_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྤྱོད་སྐྱེས་བུ་ལ༔ བྱང་ཆུབ་སེམས་ལྡན་མཆོག་ཏུ་སྐྱེས༔ རིལ་བུ་གཅེས་སྤྲས་ཆེར་བྱས་ཏེ༔ འགྲོ་དོན་དཔག་མེད་རྒྱ་ཆེན་སྤྱོད༔ སྙིང་ནོར་མིག་འབྲས་ཟབ་མོའི་གཏེར། བསམ་ཡས་དབུ་རྩེའི་ཁྲི་ལ་སྦས༔ ལྔ་བཅུ་ཁ་རལ་དུས་ཀྱི་ཚེ༔ ལས་ཅན་གཅིག་དང་འཕྲད་ནས་ཀྱང་༔ འགྲོ་ཀུན་འཁོར་བ་དོང་སྤྲུགས་ཤོག༔ ཅེས་དང་༔ སྐྱེ་བདུན་སྒྲུབ་པའི་ཆོ་ག་ཡིད་བཞིན་ནོར་བུ་རཏྣ་གླིང་པའི་གཏེར་མ་ལས༔ བྱམས་པའི་མགོན་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨུ་རྒྱན་པདྨ་ཡིས༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ ངོ་མཚར་སྐྱེ་བདུན་སྒྲུབ་པ་ནི༔ ཆོ་གའི་རིམ་པ་བསྟན་པར་བྱ༔ ཞེས་པ་ནས༔ བསྐྱེད་རིམ་དང་ལྡན་པས་ཡིག་བདུན་བཟླ༔ གཞན་ལ་ཡང་ལུང་སྦྱིན་པ་དང་མ་ཎི་བསྐུལ༔ རྒྱལ་ཁམས་ཐམས་ཅད་མ་ཎི་ལ་བསྐུལ༔ རིལ་བུ་བགོའོ༔ རྗེས་ཀྱི་ཡོན་ཏན་འབྲས་བུ་བསྟན་པ་ནི༔ མ་སྒྲུབ་སངས་རྒྱས་ཐོབ་པ་བཞི་སྟེ༔ རྒྱུད་བཏགས་གྲོལ༔ ཕྱག་རྒྱ་པདྨ་ཅན༔ གསང་ལམ་འཕོ་བ༔ དམ་རྫས་སྐྱེ་བདུན་ཏེ༔ དཔེར་ན་མཐེབ་དང་གཞུའི་ནུས་པས་མདའ་ཕ་རོལ་དུ་འགྲོ་བ་དང་༔ གྲུ་དང་མཉན་པོས་རྩོལ་བས་ཆུ་བོ་སྒྲོལ་བ་ལྟར༔ ངེས་པར་སྤྱན་རས་གཟིགས་


CMR014_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དྲུང་དུ་སྐྱེ་བར་འགྱུར་རོ༔ གསང་འདུས་རྒྱུད་དོན་སྐྱེ་བདུན་སྒྲུབ་པའི་ཐབས༔ མ་འོངས་དོན་དུ་ཨོ་རྒྱན་པདྨ་ངས༔ ཆོས་དང་དམ་རྫས་གནམ་སྐས་བྲག་ལ་སྦས༔ མ་འོངས་དུས་མཐར་ལས་ཅན་གཅིག་དང་འཕྲད༔ སྙིགས་མའི་འགྲོ་བ་འཁོར་བ་དོང་སྤྲུགས་ཤོག༔ ཅེས་དང་། སྐྱེ་བདུན་གྱི་ལོ་རྒྱུས་ཕན་ཡོན་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་སྟག་ཚང་སྲིན་མོ་ཁྲོས་འདྲའི་བྲག་ནས་གཏེར་སྟོན་འགྲོ་འདུལ་རྡོ་རྗེས་བཏོན་པ་ལས༔ ཕན་ཡོན་གནས་སྐབས་མཐར་ཐུག་གཉིས་སུ་བཤད༔ གནས་སྐབས་འཇིགས་པ་བརྒྱད་སོགས་རྐྱེན་སེལ་ཞིང་༔ ཐུན་མོང་དངོས་གྲུབ་བརྒྱ་སོགས་ཐོབ་པར་འགྱུར༔ མཐར་ཐུག་ཕྱོགས་བཅུའི་རྒྱལ་སྲས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་མཛད་པ་མཉམ་པ་རུ༔ སངས་རྒྱས་ཐོབ་ནས་འཁོར་བ་མ་སྟོང་བར༔ འགྲོ་བའི་དོན་དུ་སྤྲུལ་པ་འབྱོན་པའོ༔ སྒྲུབ་གནས་སྤ་གྲོ་སྟག་ཚང་སྦས་པ་ཡི༔ འཛད་མེད་དངོས་གྲུབ་རིན་ཆེན་རྒྱ་མཚོའི་གཏེར༔ རིལ་བུ་ཨ་ཡིག་རང་བྱོན་ཁ་དོག་གསུམ་དུ་ཡོད༔ མ་འོངས་སྙིགས་མ་ལྔ་བཅུ་ཁ་རལ་དུས༔ པདྨའམ་རྡོ་རྗེའི་མིང་ཅན་དེ་ལ་སྤྱོད༔ གཟའ་དང་རྡོར་ལེགས་དམ་ཅན་གཉེར་དུ་བསྐོས༔ ཞེས་


CMR014_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དང་། པདྨ་བཀའ་ཐང་ལས། རྒྱལ་སྲས་ལྷ་རྗེའི་སྐུ་ཤ་གཏེར་དུ་སྦས་སྐབས་སུ༔ དབང་པོ་ལྔ་དང་ཟག་ཆུ་ཤ་ཁྲག་རུས༔ ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ རྨོངས་པའི་ལྟོར་སོང་མི་ཡི་དངོས་གྲུབ་འབྱུང་༔ དབུལ་པོའི་ལྟོར་སོང་ནོར་གྱི་དངོས་གྲུབ་ཐོབ༔ འཆི་འཕོས་ལྟོར་སོང་ཚེ་ཡི་དངོས་གྲུབ་ཐོབ༔ དད་ཅན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་འབྱུང་༔ དེ་ལ་སོགས་ཀྱི་ཡོན་ཏན་མང་ཡོད་ཀྱང་༔ ལོག་ལྟ་ཅན་གྱི་ཡོན་ཏན་སྐྱོན་དུ་མཐོང་༔ དེ་ཡང་འབྲེལ་པ་སྣ་ཅིག་ཐོབ་པ་ཡིན༔ སྒྲིབ་པ་དག་ནས་ཆོས་ཉིད་ལས་སད་འགྱུར༔ དེ་ཕྱིར་མཆོག་གྲུབ་སྐྱེ་བ་བཅུ་གསུམ་བར༔ མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེ༔ དྲི་མ་དག་པའི་ཏིལ་འབྲུ་ཙམ་ཞིག་དེས༔ ངན་འགྲོར་འགྲོ་ངེས་ཤི་ཡང་མཐོ་རིས་སྐྱེ༔ དགེ་བཅུའི་རྒྱུ་ཡང་འབྲུ་ཙམ་ས་བོན་འདེབསཿ དྲང་སྲོང་གཟའ་ནད་གདོན་བགེགས་འབྱུང་པོའི་ནད༔ འདྲེ་ཡིས་བཅིང་པ་རྣམས་ཀྱང་གྲོལ་བར་འགྱུར༔ མཚམས་མེད་ལྔ་སྤྱད་ལྟོར་སོང་རིག་འཛིན་གྲོལ༔ ལས་ཀྱི་དུད་འགྲོའི་གནས་སུ་སྐྱེས་ན་ཡང་༔ ཡུལ་བཟང་བདག་བཟང་བརྡུང་རྩོག་མེད་པར་འགྱུར༔ དེ་སོགས་ཡོན་ཏན་མང་ཡོད་ཟུར་ཙམ་ཡིན༔ བསོད་ནམས་ཆུང་བའི་


CMR014_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དུད་འགྲོ་ཡིན་ཀྱང་རུང་༔ མི་ཚེར་སྡིག་བྱེད་ཤན་པ་ཡིན་ཀྱང་རུང་༔ སྐྱེ་བ་དམན་པའི་བུད་མེད་ཡིན་ཀྱང་རུང་༔ སྡིག་པ་ལས་ཀྱི་འཕྲོ་མེད་མི་ནག་ཡིན་ཀྱང་རུང་༔ མཁའ་ལ་གནས་པའི་འདབ་ཆགས་ཡིན་ཀྱང་རུང་༔ ཆུ་ལ་གནས་པའི་སེམས་ཅན་ཡིན་ཀྱང་རུང་༔ སྡིག་པ་དག་ཅིང་མི་ལུས་གཙང་མར་ཐོབ༔ དད་པ་ཤེས་རབ་བརྩོན་འགྲུས་ཡོད་པར་འགྱུར༔ སྐྱེ་བདུན་ཤ་ཡིས་འདུལ་བའི་དུས་ཚོད་ཀྱང་༔ སངས་རྒྱས་བསྟན་པ་ལྔ་བརྒྱ་ཕྲག་གསུམ་ནུབ༔ དུས་ངན་གྱུར་ཏེ་ས་སྟེང་མེས་གང་གྱུར༔ རྒྱལ་ཁྲིམས་ཞིག་ནས་བོད་ཁམས་རྒྱ་བྱེད་ཆད༔ སིལ་བུ་སིལ་བུར་སོང་སྟེ་འཁྲུག་ཐབས་བྱེད༔ ཁྱད་པར་ཉོན་མོངས་དུག་ལྔ་རང་གར་སྤྱོད༔ ཐམས་ཅད་འཁྲུག་ནས་མཚོན་གྱི་བསྐལ་པ་དར་རྟགས་ཙམ་འཛིན་པའི་བསྟན་པ་སྐོར་གཉེར་ཏེ༔ བཙུན་པས་ཁྱིམ་བྱེད་སྡོམ་པ་རྒྱབ་ཏུ་བོརཿ བུ་ཕྲུག་པང་དུ་བླང་ནས་སྔགས་པ་ཟེརཿ སྔགས་པས་མགོ་སྤུ་བྲེག་ནས་བཙུན་ཆས་བྱེད༔ དགེ་བཤེས་ཧོར་ལས་གྲི་མདུང་དམག་དཔོན་བྱེད༔ གཏམ་དུ་དམག་ལབ་གོས་སུ་གོ་མཚོན་གྱོན༔ ལས་སུ་རྫོང་བརྩེགས་ནོར་དུ་སྡིག་པ་གསོགས༔ ལྷ་ཆོས་མི་བྱེད་ཁྱད་


CMR014_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྡིག་ལ་དགའ༔ དམག་དང་མུ་གེ་ནད་ཡམས་དུས་ཤིག་འབྱུང་༔ བཀའ་ཁྲིམས་ཞིག་པས་འདུན་མ་བུད་མེད་བཟུང་༔ ཕ་ཚན་ནང་བྱེ་སྤྱི་མཐུན་ཆེན་མོ་ཞིག༔ ཤེས་པ་ཕྱིར་ལོག་གསལ་ཞིང་ལིང་ལོག་འབྱུང་༔ གནས་པའི་མི་དུབ་ལུས་སེམས་གཉིས་ཀ་བྲེལ༔ གནས་གཞི་ལྷ་ཁང་བཤིགས་ནས་རྫོང་ལ་འགེབ༔ མི་རིགས་མི་མཐུན་ཀུན་དང་འགྲོགས་དགོས་འབྱུང་༔ སྐྱེ་འགྲོ་མི་བསྲུན་ཟུག་རྔུ་སུས་མི་ལྡོག༔ ལས་སུ་ཤན་པའི་སེམས་ཅན་ཨ་རེ་སྡུག༔ གཏེར་ལ་མོས་ཤིང་འབྲི་བ་མང་དུ་འབྱུང་༔ དེ་དུས་སྐྱེ་བདུན་ཤ་འདི་ལྟོར་སོང་བས༔ དུག་གསུམ་ནད་ཞི་བདུད་རྩི་མཆོག་ཏུ་གསུངས༔ ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ཆེན་པོ་ལས༔ དེ་ནས་སྐྱེ་བདུན་ཤ་སྒྲུབ་བཤད༔ ཅེས་པ་རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང་༔ སྤྱན་རིས་གཟིགས་དང་འབྲལ་མི་སྲིད༔ བདག་བས་གཞན་གཅེས་འགྲོ་བའི་དོན༔ ཐུགས་རྗེ་ཆེན་པོའི་བསླབ་པ་བསྲུང་༔ དམ་རྫས་རྫས་མཆོག་ངོ་མཚར་ཆེ༔ ཞེས་དང་། ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་རྒྱུད་ཆེན་པོ་ལས༔ རིལ་བུ་ཟོས་པ་ཙམ་གྱིས་ནི༔ ནད་རྣམས་ཐམས་ཅད་རྣམ་


CMR014_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇིགས༔ གང་གི་ཉིན་བཞིན་པ་ཡི་རིམས༔ གང་དག་ཁོག་སྐེམ་ནད་ཀྱི་ཉམས༔ གང་ཞིག་བཏགས་པའི་རིམ་གྱིས་བཏབ༔ གང་གིས་འཐབ་མོ་དབྱུང་པ་དང་༔ གང་དག་སྐྱེ་བོ་སྡང་སེམས་ཅན༔ བདག་ལ་གྲིབ་གདོན་གཞན་གྲིབ་གནོན༔ སྐེམ་བྱེད་སྐེམ་པ་བརྗེད་བྱེད་དང་༔ གང་ཞིག་གདོན་གཞན་མི་བཟད་དང་༔ སྡིག་པའི་ལས་རྣམས་ཀུན་ཏུ་སྤྱོད༔ སྔོན་གྱི་ལས་ནི་མི་བཟད་པ༔ དེ་དག་སྐད་ཅིག་ཙམ་གྱིས་འཇིགས༔ རིལ་བུ་ཐམས་ཅད་ལས་བྱེད་པ༔ ལྷ་རྫས་ཤི་བ་སོས་པར་གྱུར༔ རིལ་བུ་དག་ནི་འཆང་བྱེད་ཅིང་༔ ཐིག་ལེ་དག་ནི་བྱས་པ་ཡིས༔ ཐམས་ཅད་དུ་ནི་མཆོད་པ་ཐོབ༔ ཐམས་ཅད་དུ་ནི་ནོར་དག་འདུ༔ དཔལ་འདོད་པས་ནི་དཔལ་ཐོབ་ཅིང་༔ འབྲུ་འདོད་འབྲུ་ཡི་ཕུང་པོ་འཕེལ༔ ལྷ་རྣམས་དག་ནི་དགའ་འགྱུར་ཞིང་༔ ཀླུ་རྣམས་དག་ནི་དགའ་དང་བཅས༔ གནོད་སྦྱིན་སྲིན་པོ་དྲི་ཟ་དང་༔ ལྷ་མིན་མཁའ་ལྡིང་མིའམ་ཅི༔ ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་༔ འབྱུང་པོ་རྣམས་ཀྱང་དགའ་དང་བཅས༔ རྟག་ཏུ་ཕྱག་བྱའི་གནས་འགྱུར་ཞིང་༔ ཐམས་ཅད་དབང་དུ་གྱུར་ནས་འཁོད༔ འཁོར་ཀུན་བྲན་བྱེད་ཅི་བྱེད་ཟེརཿ གང་ཞིག་རིལ་


CMR014_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དེ་དག་བརྟེན༔ རིལ་བུ་ཐིག་ལེ་རྟག་བྱེད་ལ༔ དེ་བཞིན་གཤེགས་ཀུན་དགོངས་པར་མཛད༔ ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་༔ དེ་ཡི་ཉིད་རིག་རྟག་ཏུ་ནི༔ མཆོད་སྦྱིན་དུས་གསུམ་གཟིགས་པར་མཛད༔ བསོད་ནམས་ཕུང་པོ་སྟོང་དག་གིས༔ ཉི་མ་རེ་རེ་བརྩེགས་པར་མཛད༔ འཇིག་རྟེན་པ་ཡི་བེད་སྤྱད་ཅིང་༔ འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ༔ ཚེ་བརྗེ་བ་དག་འཕོ་ནས་སུ༔ བདེ་བ་ཅན་དུ་མེད་ལ་འགྲོ༔ གང་དང་གང་དུ་སྐྱེ་བར་ནི༔ ཚེ་རབས་རྟག་ཏུ་ཚེ་རབས་དྲན༔ ལག་ན་རྡོ་རྗེ་གནོད་སྦྱིན་ཚེ༔ གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཞིང་༔ གཡེལ་བ་མེད་པར་ཉིན་མཚན་དུ༔ དུས་ཀུན་དུས་ནི་སྲུང་བ་དང་༔ སྐྱོབ་དང་སྦ་དང་སྲུང་བར་བྱེད༔ ཅེས་བཀའ་སྩལ་ཏོ༔ སྤྱན་རས་གཟིགས་ཀྱི་རྩ་རྒྱུད་པདྨ་དྲྭ་བ་ལས༔ དེ་ནས་འཇིག་རྟེན་མགོན་པོ་ཆེ༔ ཐུགས་རྗེ་ཐུགས་དཔག་མངའ་བ་ཡི༔ ཐམས་ཅད་རྫོགས་པའི་འབྲས་བུ་ཅན༔ ཁྱད་པར་གཟུངས་འདི་བཀའ་སྩལ་ཏེ༔ ཐ་དད་གཟུགས་མཐོང་སྒྲ་ཐོས་དང་༔ རྫུ་འཕྲུལ་བསྒྱུར་དང་གཞན་སེམས་ཤེས༔ འདས་དང་མ་འོངས་དོན་ཤེས་དང་༔ མཐའ་ཡས་ཤེས་དྲུག་ལ་སྤྱོད་པ༔ དངོས་དང་རྟགས་དང་ཆ་


CMR014_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་གྱི༔ རྣམ་པ་བཅོ་བརྒྱད་རིབ་ཏུ་འགྱུརཕྲ་དང་ཡང་དང་མཆོད་པར་བྱ་བ་དང་༔ བདག་པོར་འགྱུར་དང་དབང་དུ་འགྱུར་བ་དང་༔ གར་ཡང་ཕྱིན་དང་འདོད་དགུར་ལྡན་པ་དང་༔ དགའ་མགུར་གནས་ཏེ་དབང་ཕྱུག་ཡོན་ཏན་ནོ༔ རྣམ་པ་བརྒྱད་ཀྱི་དཔེ་བྱ་ཡི༔ ལོངས་སྤྱོད་དབང་དང་ལུས་ལ་དབང་༔ ཚེ་ལ་དབང་དང་རྐང་མགྱོགས་དང་༔ ཆུ་ལ་མི་བྱིངས་མཁའ་ལ་འགྲོ༔ ས་འོག་འགྲོ་དང་མི་སྣང་བ་ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས༔ དངོས་པོ་གང་དང་གང་སྒྲུབ་དང་༔ རིལ་བུ་ལས་ནི་འབྱུང་བར་གྱིས༔ གཞན་གྱི་མྱུར་དུ་འགྲུབ་མི་འགྱུརཿ བྱང་ཆུབ་སེམས་དཔའི་རིལ་བུ་ནི༔ མཚམས་མེད་ལ་སོགས་བྱས་པས་ཀྱང་༔ རྙེད་མ་ཐག་ཏུ་དངོས་གྲུབ་འབྱུང་༔ ཞེས་གསུངས་པ་དང་༔ ཡང་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་སྐྱེ་བདུན་མྱོང་གྲོལ་སྒྲུབ་པ་ལས༔ བདག་འདྲ་པདྨ་འོད་འབར་གྱིས༔ མ་འོངས་འགྲོ་དྲུག་འཁོར་བ་དོང་སྤྲུགས་ཕྱིརཿ མ་སྒོམ་ཚེ་གཅིག་སངས་རྒྱས་ཐོབ་པའི་ཐབས༔ ཡང་ཟབ་དམ་རྫས་མྱོང་གྲོལ་སྒྲུབ་པ་བསྟན༔ ང་སྤྲུལ་སྙིང་གི་བུ་དང་འདི་འཕྲད་སྨོན༔ འཕྲད་ནས་འགྲོ་དྲུག་འཁོར་བ་དོང་སྤྲུགས་ཤོག༔ ཅེས་


CMR014_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནསཿ དེ་ལྟར་སྒྲུབ་པའི་རིལ་བུ་འདི་གང་གི་ཁོང་དུ་སོང་ཡང་༔ འཁོར་བ་ངན་སོང་གི་སྐྱེ་སྒོ་ཁེག་པར་འགྱུར་རོ༔ ཡ་རབ་བརྒྱད་ལྡན་གྱི་ལུས་ཐོབ་ནས་ཚེ་གཅིག་ལ་འཕགས་པའི་སྐུར་འཚང་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ རིལ་བུ་འདི་སྲོག་ཆགས་གང་གི་ཁར་སོང་ཡང་ཚེ་རབས་ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་འདག་པར་འགྱུར་རོ༔ ནད་གདོན་བར་ཆད་ཐམས་ཅད་ཞི་ནས་སངས་རྒྱས་པར་འགྱུར་རོ༔ རིལ་བུ་འདི་ལོའམ་ཟླ་བ་དང་ཞག་བདུན་ཚུན་ཆད་བཅུད་ལེན་བྱས་ན་གནས་སྐབས་སུ་ཚེའི་བར་ཆད་ཞི་ནསཿ ལུས་བཀྲག་མདངས་གཟི་བརྗིད་ལྡན་ཞིང་༔ སྐྲ་དཀར་གཉེར་མ་མི་འབྱུང་བ་དང་༔ ནད་གདོན་འབྱུང་པོ་མི་མ་ཡིན་གྱིས་གླགས་མི་རྙེད་ཅིང་༔ ཚེའི་རིག་འཛིན་བརྙེས་པ་ལ་སོགས་པ་ཡོན་ཏན་བརྗོད་པར་མི་ནུས་སོ༔ རིལ་བུ་འདི་ཉིད་རི་བོ་ཆེན་པོའི་རྩེར་སྦས་ན༔ རི་དེ་ལ་རླུང་ཕོག་ཚད་ཀྱི་སྐྱེ་འགྲོ་ཕོ་མོའམ༔ སྣང་སྲིད་ཀྱི་མི་མ་ཡིན་པ་ཐམས་ཅད་ཐར་པའི་ལམ་ལ་འགོད་ནུས་པར་འགྱུར་རོ༔ ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་འཚེ་ཐམས་ཅད་ཞི་བར་འགྱུར་རོ༔ ཚོང་འདུས་དང་ས་མདོ་རྣམས་སུ་སྦས་ན་དེར་ཕྱིན་ཚད་ཐམས་ཅད་ཀྱི་ལས་སྒྲིབ་དག་ནས་ཐར་པའི་ལམ་སྣ་ཟིན་


CMR014_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ༔ དཀོར་མཛོད་དུ་སྦས་ན་ལོངས་སྤྱོད་འཕེལ་བར་འགྱུར་རོ༔ ནོར་སླས་སུ་སྦས་ན་གོད་ཡམས་མི་འབྱུང་ཞིང་རྟ་ནོར་འཕེལ་བར་འགྱུར་རོ༔ ཞིང་ལ་སྦས་ན་ལོ་ལེགས་པར་འགྱུར་རོ༔ མཚོའམ་ཆུ་མིག་གི་མགོར་སྦས་ན་ཆར་ཆེན་པོ་འབེབས་པར་འགྱུར་རོ༔ མེ་ལ་བསྲེགས་ན་དུ་བ་ཕོག་ཚད་ཀྱི་སྐྱེ་འགྲོ་ཐམས་ཅད་སངས་རྒྱས་པ་དང་༔ སྡེ་བརྒྱད་ཀྱི་གདུག་རྩུབ་ཐམས་ཅད་ཞི་བ་དང་༔ འགོ་བའི་ནད་རིམས་ཀྱི་རྒྱུན་ཆད་པར་འགྱུར་རོ༔ ལུས་ལ་འཆང་ན་འགོས་ནད་དང་མཚོན་ཆའི་རིགས་ཐམས་ཅད་ཐུབ་པར་འགྱུར་རོ༔ རིལ་བུ་ཆུས་སྦྱངས་ནས་ཞིང་ལ་གཏོར་ན་འབུ་སྲིན་དང་བཙའ་སད་སོགས་ཀྱི་གནོད་པ་ཐམས་ཅད་ཐུབ་པར་འགྱུར་རོ༔ སྐུ་གསུང་ཐུགས་ཀྱི་རྟེན་གྱི་ནང་གཞུག་ཏུ་འཇུག་ན་ཕྱག་བསྐོར་འབྲེལ་ཚད་རྫོགས་སངས་རྒྱས་ཀྱི་ས་ལ་ཕྱིན་པར་འགྱུར་རོ༔ ཆེད་དུ་ས་ནད་གསོ་བའི་ནང་ཕུག་ཏུ་བྱས་ན་མཐའ་ཡི་དམག་ཚོགས་ཟློག་པར་འགྱུར་རོ༔ གང་དུ་བསྒྲུབས་པའི་ཡུལ་དེར་བཀྲ་ཤིས་བྱིན་ཆགས་པ་དང་༔ འཇའ་འོད་དང་སྤྲིན་རྒྱུན་ལྡན་འབྱུང་བ་དང་༔ ཆར་ཆུ་དུས་སུ་འབེབས་པར་འགྱུར་རོ༔ ཐན་པའི་ལོ་ནད་བཙའ་སད་ཐམས་ཅད་མི་འབྱུང་


CMR014_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ ལོ་ཕྱུགས་རྟག་ཏུ་ལེགས་པ་དང་༔ མུ་གེའི་བསྐལ་པ་ཐམས་ཅད་ཞི་བར་འགྱུར་རོ༔ མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ༔ ཕྱི་ནང་དུས་འཁྲུག་ཐམས་ཅད་ཞི་བ་དང་༔ མཐའ་ཡི་དམག་དཔུང་ཟློག་པར་འགྱུར་རོ༔ ཞེས་གསུངས་སོ༔ མ་ཎི་རིལ་བུའི་དཀར་ཆག་ས་སྐྱ་ནས་བརྒྱུད་པ་ལས༔ རིལ་བུ་འདི་བསྲེས་པའི་སྐུ་གཟུགས་སམ། གདུང་ཚ་ཚ་བཞེངས་ནས་མཆོད་པ་ཕུལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་ཕུལ་བ་ཡིན་ནོ། །དད་པ་དང་མོས་པ་བྱས་ནས་ཕྱག་འཚལ་བ་དང་བྱིན་རླབས་ཞུ་ན། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་བྱིན་རླབས་ཞུ་བ་ཡིན་ནོ། །སེམས་ཅན་ཚེ་ཟད་པའི་ཁར་གྲོག་མའི་རྐང་ལག་ཙམ་སོང་ན། །སྐྱེ་བ་བདུན་ལ་ངན་སོང་གི་སྐྱེ་སྒོ་ཆོད་ནས་མཐར་སངས་རྒྱས་སོ། །འདི་བཞུགས་པའི་ས་ཕྱོགས་སུ་མུ་གེ་དང་། ནད་ཡམས་དང་། བཀྲ་མི་ཤིས་པའི་གནོད་པ་མི་འབྱུང་ཞིང་། ཕན་ཡོན་བསམ་གྱིས་མི་ཁྱབ་པར་འབྱུང་བར་འགྱུར་རོ། །བླ་མ་གྲུབ་ཐོབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསུངས། རང་འདོད་གཟུ་ལུམ་རབ་


CMR014_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ནས༔ ཕུར་ཚུགས་འདི་ལ་ནན་ཏན་མཛོད། རང་གཞན་དོན་གཉིས་འགྲུབ་པར་འགྱུར། འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེན། ཞེས་གསུངས་ནས་ཨོ་རྒྱན་གྱི་གསུང་པའི་ལུང་དྲངས་བ་ནི། ཡོན་ཏན་དམ་རྫས་རིན་པོ་ཆེ་འབྲེལ་ཚད་ཐར་པའི་ལམ་ལ་འཁྲིད། ཅེས་གསུངས་སོ། །ཞེས་བྱུང་། སྐྱེ་བདུན་གྱི་དཀར་ཆག་ཡིད་བཞིན་ནོར་བུ་ལས་སྐྱེ་བདུན་ཆེན་པོ་འདི་ནི། སྐུ་གསུང་ཐུགས་རྟེན་གྱི་ནང་གཞུག་བྱས་སམ། གསུང་རབ་བྲི་བའི་སྣག་ཚ་ལ་བསྲེས་སམ་གདུང་ཚ་ལ་བསྲེས་ནས་མཆོད་པ་ཕུལ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་ཕུལ་བ་ཡིན། དད་པ་དང་མོས་པ་བྱས་ནས་ཕྱག་འཚལ་བ་དང་བྱིན་རླབས་ཞུས་ན། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་བྱིན་རླབས་ཞུས་པ་ཡིན། ཁྱད་པར་དུ་ཡང་སེམས་ཅན་ཚེ་ཟད་པའི་ཁ་རུ་གྲོག་མའི་རྐང་ལག་ཙམ་སོང་ན། ཇི་ལྟར་མཚམས་མེད་ལྔ་ཡི་ལས་བྱས་ཀྱང་། སྐྱེ་བ་བདུན་ནས་ལས་ངན་འཕྲོ་ཟད་ནས། སྐྱེ་མེད་ཆོས་སྐུའི་ས་ཐོབ་པར་འགྱུར་རོ། །དམ་རྫས་འདི་སྒྲུབ་རིལ་བུ་བཞུགས་པའི་ས་ཕྱོགས་དེར། ནད་


CMR014_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡམས་མུ་གེ་མི་མཐུན་ཕྱོགས་ཞི་ཞིང་། །བདེ་ལེགས་དཔག་མེད་འབྱུང་ཞེས་རྒྱལ་བས་གསུངས། །འདི་བསྒྲུབས་རིལ་བུ་སྤེལ་ན་ནན་ཏན་མཛད་པར་རིགས་ཞེས་འབྱུང་ངོ་། །སྤང་འོད་ཟེར་བླ་མའི་ཞལ་ནས། སྐྱེ་བདུན་རིལ་བུའི་གྲོག་མ་གསོ་བའི་ཙམ་པ་ལ་བསྲེ། བསང་བྱེད་པའི་ཕྱེ་མར་ལ་བསྲེ། ཉ་གསོ་བའི་ཕྱེ་མར་ལ་བསྲེས་ན་ཕན་ཡོན་འགྲོ་དོན་ཆེ། དུད་འགྲོའི་རིགས་ལ་བྱིན་པ་དང་ཕབས་ཡོས་ལ་བསྲེས་ན་ཆང་གི་ཉེས་པ་འཇོམས་གསུངས། འདས་ལོག་ཀུ་སུ་ལུ་པ་དང་ཉ་ཕྲུག་སོགས་ཀྱིས་ཀྱང་། སྡིག་པ་གང་ཆེ་ཆེ་རྣམས་ལ་རིལ་བུ་བུམ་སྒྲུབ་ཕན་ཡོན་སྟོབས་ཆེ་བར་གཟིགས། དེ་ལྟར་ཕན་ཡོན་བསམ་ལས་འདས་པའི་མ་ཎི་བུམ་སྒྲུབ་རིལ་བུ་འདི། གཏེར་ཁ་མང་པོ་ནས་དམ་རྫས་རུ་རྩི་དང་སྒྲུབ་ཐབས་བྱུང་བས། གཏེར་སྟོན་གཏེར་བློན་སོ་སོའི་སྒྲུབ་ཅིང་འགྲོ་དོན་མཛད་མོད་ཀྱང་། ཡོངས་སུ་གྲགས་ཤིང་འགྲོ་དོན་ཆེ་བ་ནི་ཡང་སྙིང་འདུས་པ་དང་། གསང་འདུས་འདི་གཉིས་ཡིན་ནོ། །དེ་ལ་ཡང་སྙིང་འདུས་པ་ནི་འགྲོ་དོན་བསམ་ལས་འདས་པར་འབྱུང་སྟེ། གུ་རུ་ཆོས་དབང་ཉིད་ཀྱི་སྐུ་ཚེ་དེ་ལ་ཡིག་བདུན་གྱི་ཐུན་ཁ་སུམ་སྟོང་དྲུག་ཅུ་རྩ་བཞི་བཀྲམ་མོ། །སྤང་མཁན་ཆེན་འོད་ཟེར་


CMR014_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ། ཤིང་མགོ་རིན་པོ་ཆེ། གྲུབ་ཐོབ་ཐུགས་རྗེ་འབུམ། ཀཐོག་པ་ན་རིམ་སོགས་ཀྱིས་རིལ་བུ་བུམ་སྒྲུབ་ཆོས་དབང་ལུགས་ལྟར་ཐུགས་དམ་མཛད་ཅིང་། ད་རུང་ཀཐོག་སོགས་ལ་དར་ཆ་ཆེ་བར་ཡོད་སྐད་ཀྱང་། གུ་རུ་ཆོས་དབང་གི་དག་སྣང་རྨི་ལམ་རྟ་དཀར་མའི་ལུང་བསྟན་ལས། མི་རབས་བརྒྱད་དུ་འགྲོ་དོན་ཆེ་ཞིང་། དེ་ནས་གཙང་དུ་འགྲོ་དོན་བསྟན་པ་སྐྱོན་མེད་ཙམ་གནས། གཞན་ཆོས་དབང་ལུགས་ཀྱི་གཏེར་ཆོས་དབང་ལུང་རྒྱུན་ཙམ་ལས་མི་འབྱུང་བར་གསུངས་པས། ད་ནི་ཡང་སྙིང་འདུས་པའི་འགྲོ་དོན་རྫོགས་ལ་ཁད་ཡིན་པར་སྣང་ངོ་། །གསང་བ་འདུས་པ་འདི་ནི་དང་པོ་གཏེར་སྟོན་དུས་ཁྲོམ་གཏེར་ནས་བཏོན་པའི་ཚེ། དགེ་བསྙེན་མཁའ་རིའི་རི་རྩེ་ནས་འཇའ་དཀར་པོ་བཞི་གཏེར་གནས་དེར་ཟུག །དགེ་བསྙེན་མཁའ་རི་རྟ་དཀར་པོ་ལ་ཆིབས་པ་འཁོར་མང་པོ་དང་བཅས་པ་དངོས་སུ་བྱུང་ནས་སྦ་ལྕག་གཏེར་སྒོ་ལ་བཙུགས་ནས། གཏེར་དང་སྲུང་མ་ང་ཡིས་བྱས། ཕ་ནོར་བུ་ལ་འཕྲོད་དོ་ཟེར། གཏེར་སྒོ་ཕྱེས་པས་དྲི་བཟང་གིས་ཁྱབ་པར་བྱུང་སྟེ་ཁྲོམ་ཐམས་ཅད་ཡིད་ཆེས་སོ། །དེ་ནས་འཕན་ཡུལ་དུ་གདན་འདྲེན་བྱུང་དུས། མ་མོ་ཨེ་ཀ་ཙ་ཏི་དངོས་སུ་བྱོན་


CMR014_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ད་ལམ་མྱུར་དུ་མ་བྱོན་ན་རྟེན་འབྲེལ་འཆུགས་གསུངས་ནས་མྱུར་དུ་བྱོན་པས། ཡིག་དྲུག་དུང་བཙུགས་མ་རག་འདུག་པ་དང་དུས་འགྲིགས་ནས། འཕན་ཡུལ་སྨན་རྩེར་ཚོགས་པ་ལྔ་བརྒྱ་ཙམ་གྱིས་སྐྱེ་བདུན་སྒྲུབ་པ་བྱས་ཏེ། ཡིག་བདུན་དུང་བཙུགས་པས། ཞག་བདུན་སོང་ནུབ་ནང་ཐམས་ཅད་དྲི་བཟང་གིས་ཆིལ་གྱིས་གང་། རིལ་བུ་བུམ་པ་ཁ་ཚང་ཁྲོད་ནས་ཡར་ཐོ་རེ་རེ་ཁོལ། མགུལ་ཆིངས་ཀྱི་ཁྲོད་ནས་ཡར་དྲི་ལི་ལི་ལྷུད་ནས་བྱུང་བའི་ཚེ། བུམ་པའི་སྟེང་ན་འཇའ་འོད་ཀྱི་གུར་ཁང་དང་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསལ་ལ་མ་འདྲེས་པ་ལྔ་ལྡན་དུ་ཁྲ་ཕྲུག་ཕུག་འདུག་པ་ཞིག་དལ་གཅིག་མཐོང་དུས་ཏིང་ངེ་འཛིན་གྱི་ངང་དུ་དལ་གཅིག་སོང་ནས་དེ་ཡལ་བ་དང་གསོལ་འདེབས་ཤིག་མཛད། དེ་ནས་སྐྱེ་བདུན་རིལ་བུ་ཁྲོམ་ཁྲི་ཚོ་ལྷག་ཙམ་ལ་བཀྱེས་དུས་མེ་ཏོག་གི་ཆར་བབས་རཏྣ་གླིང་པའི་ཞལ་ནས། ཁྱད་པར་སྐྱེ་བ་བདུན་པའི་ཤ། །སུས་ཟོས་ཐར་པའི་ཞིང་དུ་འགྲོ། །གྲུ་ཤན་མཉན་པའི་རྩོལ་བ་ལྟར། །འགྲོ་ཀུན་ཕྱམ་ཅིག་དོང་སྤྲུགས་ངེས། །ཞེས་གསུངས་སོ། །ཚོགས་པ་བརྒྱ་ལྷག་ཙམ་གྱིས་སྐྱེ་བདུན་མང་པོ་བསྒྲུབས་པའི་ཐོ་རངས་ཁ་ཁྱེའུ་དར་དཀར་གྱི་ན་བཟའ་ཅན། དབུ་སྐྲ་ལྕང་


CMR014_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་སྟེང་ན་རིན་པོ་ཆེའི་པྲོག་ཞུ་གསོལ་བ། ཕྱག་ན་ཤེལ་གྱི་བུམ་པ་བསྣམས་པ་ཞིག་དཀྱིལ་འཁོར་གྱི་སྟེང་ནས་བྱོན་ནས་ཚོགས་པ་ཐམས་ཅད་ལ་དབང་བསྐུར་ཞིང་། །ཐབས་མཆོག་རྫས་ཀྱི་དམ་པ་འདིར། །འགའ་ཞིག་གྲོལ་བ་ཚེ་འདིར་ཐོབ། །དབང་རྫོགས་འབྲས་བུ་དུས་འདིར་སྨིན། །ཐམས་ཅད་ངན་སོང་གནས་ལས་གྲོལ། །སྐྱེ་བ་གསུམ་གྱིས་ཕྱིར་མི་ལྡོག །སྐྱེ་བ་བདུན་གྱི་རྣམ་གྲོལ་ལོ། །ཞེས་གསུངས་ནས་བུམ་པ་གཏེར་སྟོན་ཉིད་ལ་གཏད་ནས། བུམ་སྒྲུབ་ཀྱི་བུམ་པ་ལ་ཐིམ་པ་ཞིག་གཟིགས་པས། དཀྱིལ་འཁོར་ལ་སྐོར་བ་བྱེད་ཅིང་བྲོ་འཁྲབ་མགུར་གསུངས་སོ། །ལྷོ་བྲག་མཁར་ཆུར་གུ་རུ་ཆོས་དབང་བྱོན་ཏེ། ཡི་གེ་བདུན་པ་ཕྱག་ན་བསྣམས་ནས། ནམ་མཁའ་ལ་གཡུག་ཅིང་ཕྱོགས་ཐམས་ཅད་དུ་ཕྱར་ནས་ཡིག་བདུན་བརྗོད་དེ་ཁ་གསོ་ཁྱོད་ལ་བབ། ཅེས་སོགས་གསུངས་པའི་ཕྱིར་ཡང་སྙིང་འདུས་པའི་བསྟན་པ་ཅུང་ཞིག་སྙིགས་ནས་ཡི་གེ་བདུན་པའི་བསྟན་པ་ཁ་གསོ་བ་ར་ལུགས་འདི་དར་བར་ལུང་བསྟན་དང་བཀའ་བབ་གཏད་པ་ཡིན་ནོ། །དེ་ནས་སྲས་བརྒྱུད་སློབ་རྒྱུད་རྣམས་ལས་བརྒྱུད་ནས་གསང་བ་འདུས་པའི་བུམ་སྒྲུབ་ཕྱོགས་གར་ཡང་དར་མོད་ཀྱི། ཆོས་


CMR014_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བླ་མ་གུ་རུ་བློ་གྲོས་པས་ཐོག་མར་ཁམས་ཕྱོགས་སུ་དར་རྒྱས་སུ་མཛད་ཅིང་བསྒྲུབ་བོ། །དེ་ནས་རྒྱལ་སྲས་ཚེ་དབང་གྲགས་པའི་དངོས་སློབ་ལུང་ནས་བསྟན་པའི་སོ་པ་མགོན་པོ་རྡོ་རྗེས། ཝ་རི་ཐང་ལྷའི་ཆོས་འཁོར་སྟེང་དུ་ཞག་ཉེར་གཅིག་བསྒྲུབ་པས། རིལ་བུ་རེ་ལ་རིལ་བུ་བཅུ་བཞི་རེ་འཕེལ་པ་ཕྱོགས་ལྟས་དང་ཡ་མཚན་བསམ་ལས་འདས་པ་བྱུང་ཞིང་ཁྲོམ་ལ་དབང་བསྐུར་ཞིང་། རིལ་བུ་བཀྱེ་བ་སོགས་འབྲེལ་ཚད་དོན་ལྡན་དུ་མཛད་དོ། །ཡིག་བདུན་བསྟན་པའི་མེ་རོ་བསླངས་ནས་ཁམས་སུ་བཀའ་དྲིན་ཆེ་བར་བྱུང་སྐད། སོ་པ་མགོན་པོ་རྡོ་རྗེས༴ དགོངས་འདུས་པ་བསོད་ནམས་རྡོ་རྗེ་ལ། བུམ་སྒྲུབ་ཀྱི་བཀའ་བབས་ཁྱོད་ཡིན་གསུངས་ནས་བཀའ་ནན་ཆེན་པོ་མཛད་ནས་གཉེ་མྱག་དམེ་ཤོད་རྟ་ནང་ཞེས་པར་བསྒྲུབས་པས་རིལ་བུ་འཕེལ་བ་སོགས་ཡ་མཚན་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དགོངས་འདུས་པ་བསོད་ནམས་རྡོ་རྗེས་བཀའ་བབ་པའི་ལུང་བསྟན་དང་བཅས་ནས་རྟོགས་ལྡན་བཀྲ་ཤིས་རྒྱ་མཚོ་ལ་གནང་ནས་བུམ་སྒྲུབ་ལེན་བཅུ་གསུམ་བཙུགས་པས། རྟགས་དང་ཡ་མཚན་བསམ་གྱིས་མི་ཁྱབ་པ་བྱུང་གསུངས་སོ། །དེ་ནས་ཁྱད་པར་དུ་ཆོས་འདི་ལ་དར་རྒྱས་སུ་


CMR014_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ནི། ཟུར་མང་བློ་གྲོས་རྒྱ་མཚོ་བ་དེ་ཡར་ལུང་ཤེལ་བྲག་ཏུ་མཚམས་ཡུན་རིང་ཞིག་གི་དམ་བཅའ་མཛད་ནས་བཞུགས་པས། ཨོ་རྒྱན་རིན་པོ་ཆེ་ཞལ་གཟིགས་ནས། ཁྱོད་འདི་ན་མ་འདུག་པར་ཁོམས་སུ་སོང་གསུངས། ཟངས་རི་འབར་བ་རྩེ་དགུའི་དྲུང་དུ་མ་ཎི་བུམ་སྒྲུབ་ཚུགས་དང་འགྲོ་དོན་ཆེ་ཞེས་ལུང་བསྟན་ནས། དགོངས་འདུས་པ་བསོད་ནམས་རྡོ་རྗེ་དཔོན་སློབ་ལ་དབང་ལུང་གསན་ནས། ་ཡེར་མིག་ཏུ་བུམ་སྒྲུབ་མཛད་དེ། བླ་མ་གྲུབ་ཐོབ་བཅུ་གསུམ་འཚོགས་ནས། འཚོགས་པ་ཤིན་ཏུ་མང་པོས། ཡིག་བདུན་སྟེབ་གཅིག་ལ་དུང་བཅུ་གསུམ་བཏོན་པས་རིལ་བུ་འཕེལ་བ་སོགས་རྟགས་མཚན་དཔག་ཏུ་མེད་པ་བྱུང་ཞིང་། གསང་འདུས་ཀྱི་སྨན་སྐུ་འདི་ཡང་ང་རང་གི་བསམ་པ་ལ་ལྷ་སའི་ཇོ་བོ་དང་ཁྱད་མེད་བསམ་གསུངས་སྐད། བུམ་སྒྲུབ་མ་ཆད་པར་རྒྱུན་དུ་བཙུགས་སོ། །དེའི་སྐུ་སྐྱེ་ལེགས་བཤད་སྒྲ་དབྱངས་པས་གོང་མའི་རྒྱུན་ལྟར་ཐུགས་དམ་བུམ་སྒྲུབ་རྒྱུན་དེ་ལ་ཐུགས་རྩེ་གཏད༔ དེ་ནས་སྐྱོ་བྲག་བསྟན་འཛིན་བཟང་པོས། རྗེ་དབང་ཕྱུག་རྡོ་རྗེ་ལ་འབུལ་བ་རྒྱ་ཆེར་བསྐུར་ནས། ཡིག་དྲུག་དུང་བཞི་ཙམ་ཐོན་གསུངས་ནས་ལུང་བསྟན་པ་ལ་ཟུར་མང་ལེགས་


CMR014_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྒྲ་དབྱངས་པས་དབང་ལུང་གནང་ནས། སྐྱོ་བྲག་པས་རྫ་མོ་བུམ་སྒྲུབ་རྒྱུན་འདི་ཚུགས་སྐད། ཟུར་མང་ལེགས་བཤད་པའི་སློབ་མ། ཀརྨ་མཐར་ཕྱིན་པས་ཀྱང་བུམ་སྒྲུབ་བཅུ་གསུམ་བཙུགས་པ་ཡིན་སྐད་དོ། །ཡང་ཚེ་དབང་གྲགས་པ་ནས་ལུང་ཟིན་གྱི་ཆོས་བདག་རྔོག་པ་ཤཱཀྱ་བཀྲ་ཤིས། དེས་མཁར་དྲུང་དང་ཚེ་ཆོག་པ་པདྨ་དབང་ཕྱུག་གཉིས་ཀ་ལ་གནང་ཞིང་། ཁོང་རྣམ་གཉིས་ཀྱིས་རི་བོ་ཆེར་བུམ་སྒྲུབ་གཅིག་མཛད་པའི་བུམ་པ་ཁ་མ་ཀློག་པར། ནང་རྟེན་གྱི་ཚུལ་དུ་ཡོད་པར་འདུག་པ་ཕྱིས་གླིང་ལོག་གི་དུས་འཐོར་བར་གདའ། པདྨ་དབང་ཕྱུག་པས་བཀྲ་ཤིས་དབང་ཕྱུག་ལ་གནང་ནས་མི་འདའ་ལྔས་ཟླ་གཅིག་ལ་ཕྱི་སྒྲུབ་དེ་བྱས་པ་ལ། རྫོའི་བུམ་པའི་ནང་དུ་བུམ་ཆུ་བཞག་པ་ལོ་གཅིག་ལོན་དུས་ཀྱང་ཁ་མ་དམའ་བར་གདའ་སྐད། དེ་ནས་མགར་དམ་པས་སྐྱོ་བྲག་བསྟན་འཛིན་པ་ནས་གསན་ནས་ཉང་ཆེན་སྟེང་གི་བུམ་སྒྲུབ་ཀྱི་རྒྱུན་འདི་ཚུགས་པར་གདའ། གཞན་ཡང་ངོམ་པ་སོགས་ཀྱི་བྲག་ཐོག་ཏུ་བཙུགས་པ་སོགས་བར་སྐབས་སུ་རིརྟི་ལུགས་འདི་ལ་དར་སྲོལ་ཆེ་བར་བྱུང་བར་གདའ། ཕྱིས་དྲུང་པ་ཀུན་དགའ་རྣམ་རྒྱལ་བས་དགོངས་པ་གཏད་ཅིང་མཐུན་རྐྱེན་སྦྱར། ཀརྨ་རིན་ཆེན་


CMR014_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱག་ལེན་མཛད་ནས་བཙུགས་པ་ལ་བདུན་གཉིས་ཙམ་ནས་རིལ་བུ་འཕུར་སྐད་དོ། །བདག་ལ་ཡང་སློབ་དཔོན་སྦས་པའི་རྣལ་འབྱོར་པ་དེས། གསང་འདུས་ཀྱི་བཀའ་རྫོགས་ལུང་རྫོགས་ཀརྨ་མི་མཆོག་ངེད་གཉིས་ལ་མཉམ་དུ་གནང་ངོ་། །ཁོང་གིས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཚེ་སྒྲུབ་གསང་འདུས་ལ་བསྙེན་སྒྲུབ་མང་དུ་ཐོན། ཐུགས་དམ་རྩ་བ་ཡིན་ཀྱང་ཡིག་བདུན་བསྙེན་སྒྲུབ་ནི་མི་མཛད་པ་ལས། ཕྱིས་དུས་མདང་ངའི་རྨི་ལམ་ན་མ་ཎི་ཇོ་ཕོམ་ཆུང་འཁོར་གཅིག་ལ་ཡི་གེ་དྲུག་པའི་སྒྲ་སྙན་པོ་གྲག་ཅིང་གདའ། ག་ཤིག་ནས་ཁྱོད་ཀྱིས་དེ་ཙམ་ཡིག་དྲུག་ཅིག་ཐོན་ཞིག་ཟེར་བ་རྨིས། ད་ང་ཡང་འཆི་རན་པ་ཡིན། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་འདི་ལ་འབྲེལ་པ་ཞིག་དགོས་པར་འདུག་གསུངས་ནས། གསང་སྒྲུབ་ཀྱི་རྒྱུན་ཁྱེར་འདའ་ཁའི་ལོ་གསུམ་གོང་ནས་མཛད་པས། དེ་ནས་སྒྲུབ་པ་རྒྱུན་མ་ཆད་པའི་རྟེན་འབྲེལ་ཙམ་ཡིན་པར་སྣང་། མཁས་གྲུབ་ལུང་རིགས་ཉི་མ་ལ་རྒྱལ་བ་རྒྱ་མཚོ་ཞུ་དུས་བུམ་སྒྲུབ་འདིའི་གསུང་གླེང་འགའ་བྱུང་དུས། རྒྱལ་བ་རྒྱ་མཚོ་འདི་ལ་རཏྣ་ལུགས་ཀྱི་བུམ་སྒྲུབ་དེ་སྦྱར་ནས་སྒྲུབ་ཆོག་ལེ་ཨེ་ཤེས། དེ་ཆོག་གསུང་པ་ཡང་དོན་ལ་འཐད་པར་སྣང་སྟེ།


CMR014_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣའི་གཏེར་མ་སྐྱེ་བདུན་སྒྲུབ་ཐབས་བསམ་ཡས་དབུ་རྩེ་ནས་བཏོན་པའི་གཞུང་ལས། ཚད་མེད་བཞི་པོ་སྔོན་སོང་ནས། ཡང་སྙིང་འདུས་པའམ་གསང་འདུས་རྒྱལ་བ་རྒྱ་མཚོ་ཐུགས་རྗེ་ཆེན་པོའི་ལས་གཞུང་བསྲང་། བླ་རྫོགས་ཐུགས་གསུམ་གཞན་ཡང་བྱ། །དུས་བཞིར་མཆོད་ཚོགས་འབྱོར་ཚད་བཤམ། །ཞེས་གསུངས་པ་དང་མཐུན་ནོ། །བརྒྱུད་པ་ནི་ཚེ་དབང་གྲགས་པ་ནས་ཤཱཀྱ་བཀྲ་ཤིས། དེས་མཁར་དྲུང་པ་དང་ཚེ་ཆོག་པ་དང་པདྨ་དབང་ཕྱུག་གཉིས་ཀ་ལའོ། །ཡང་སོ་པ་མགོན་པོ་རྡོ་རྗེ་ནས་འབྲང་བུ་ནང་སོ། དྲུང་མདོ་སྡེ་རྒྱ་མཚོ། དེ་ནས་མཁར་དྲུང་ལའོ། །པདྨ་དབང་ཕྱུག་གི་མཁར་དྲུང་ལ་ཞུ་ཝིག་ཡང་ཡང་བྱས། ཤཱཀྱ་བཀྲ་ཤིས་ནས་ལུང་སོགས་མ་ཚང་བ་མཁར་དྲུང་ལ་ཡང་ཕུལ་ལོ། །པདྨ་དབང་ཕྱུག་ནས་བཀྲ་ཤིས་དབང་ཕྱུག །དེ་ནས་སློབ་དཔོན་ཀརྨ་དོན་ཡོད། དེས་བོདག་རཱ་ག་ཨ་སྱ་ལའོ། །ཡང་གསང་སྒྲུབ་ཀྱི་ལུང་དྲུང་པ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ་ཡང་ཞུས་ཏེ་བརྒྱུད་པ་ཀཐོག་པ་ནས་ཆོས་སྒོ་བ་ཚང་ན་བརྒྱུད་གདའོ། །ཡང་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རཏྣའི་ཆོས་བདག་ཏུ་ལུང་བསྟན་པ་ལྟར། རྨི་ལམ་དུ་ཡང་རཏྣ་གླིང་པས་དབང་ལུང་རྫོགས་པར་གནང་། དངོས་


CMR014_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཇལ་ནས་རཏྣའི་བླ་སྒྲུབ་ཕྱི་ནང་གསང་གསུམ་གནང་ནས་གདའ་བས། ཁོང་ལ་ཡང་བརྒྱུད་པ་ཉེ་བར་བསམས་ནས་གཏོར་དབང་དང་པོད་དབང་ཙམ་ཞུས་སོ། །བདག་ནི་ལོ་ཉེར་བརྒྱད་ཙམ་ལོན་དུས་མདོ་སྡེ་ཟ་མ་ཏོག་མཐོང་བས་རྐྱེན་བྱས་ཏེ་ཐུགས་རྗེ་ཆེན་པོའི་སྔགས་ཡི་གེ་དྲུག་པར་དད་མོས་ཚད་མེད་པ་བྱུང་ནས། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཐམས་ཅད་ལ་ཐོས་བསམ་སྒོམ་སྒྲུབ་ཅི་ནུས་བགྱིད། ལོ་བཅུ་གསུམ་ཡང་ཐུགས་རྗེ་ཆེན་པོ་ཁོ་ན་ཡང་བསྒྲུབ་པའི་དམ་བཅའ་བྱས། དེ་སྐབས་ནུབ་གཅིག་རྨི་ལམ་དུ་ཆོས་དབྱིངས་རྡོ་རྗེ་མངོན་སུམ་ལྟ་བུར་མཇལ་ནས། ཁྱོད་རང་རིལ་བུ་བུམ་སྒྲུབ་ཚུགས་གསུངས་ནས། མ་ཎི་རིལ་བུ་དམར་ཞིང་མཛེས་ལ་རློན་པ་བསྒྲིལ་མ་ཐག་པ་འདྲ་བ་ཞོ་གཅིག་ཙམ་གནང་བ་དང་། འདི་པ་ནི་ཐུགས་རྗེ་ཆེན་པོ་ཡིན། བརྒྱུད་པ་ཉེ་བས་ཞུ་དགོས་བསམས་ནས། ང་ལ་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལུང་ཞིག་གནང་དགོས་ཞུས་པས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གསུངས་ནས་ཕར་བྱོན་ཐལ་བ་ལ། འདི་པ་སངས་རྒྱས་དངོས་ཡིན་ཀྱང་རྙིང་མ་ལ་ཐུགས་འདྲིས་ཆུང་བས་མི་དགོངས་པར་འདུག་སྙམ་ཞིང་། ཧཱུྃ༔ དེ་གསུང་དགོས་རྒྱུ་ཨེ་ཡིན་སྨྲས་ཤིང་


CMR014_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ན་བརྒྱུགས་པས། ཧཱུྃཞེས་པའི་དབྱངས་ཆེན་པོ་གཅིག་མཛད་ནས་བྱོན་སོང་བ་ཞིག་རྨིས་པ་དང་། སྔར་སློབ་དཔོན་འདའ་ཁའི་ལོ་འགའི་ཟུང་དུས་ཁོ་རང་གསང་འདུས་བསྙེན་ཞིང་ཁྱེད་ཀྱི་དུས་མཐར་བུམ་སྒྲུབ་ཨེ་ཚུགས་བྱ་བ་ལན་མང་དུ་གསུངས་ནས་གསང་སྔགས་ཀྱི་བྱ་བ་རྒྱ་ཆེན་པོ་རྣམས་ལ། ལྷ་དང་བླ་མས་བཀའ་གནང་བ་གནད་ཆེ་བར་བཤད་པའི་རྟེན་འབྲེལ་མཚོན་ཙམ་ཚང་ངམ་སྙམ་མོ། །དེ་ཡན་ཆད་ནི་ཐུགས་རྗེ་ཆེན་པོའི་ལས་ཚོགས་སྐྱེ་བདུན་རིལ་བུའི་ཕན་ཡོན་དང་ལོ་རྒྱུས་ཐོ་ཙམ་ཞིག་བཤད་པ་ཡིན་ནོ། །དེར་མ་ཟད་མ་ཎི་རིལ་བུ་འདི་མཆོག་གི་ཤ་ཆེན་སྐྱེ་བདུན་ཤ་གཙོ་བོར་བྱས་པའི་མཆོག་གི་སྨན་སྒྲུབ་ཆོས་སྨན་བདུད་རྩི་རིལ་བུ་ཡང་ཡིན་ལ། ས་སྐྱ་པ་དང་འབྲི་གུང་པ་དང་གཏེར་སྟོན་རྣམས་ཀྱིས་སྒྲུབ་པའི་པཉྩགམ་ཕྱེ། བདུད་རྩི་རིལ་བུ་མང་དུ་མ་ཎི་རིལ་བུ་འདི་ལ་འདྲེས་ཤིང་། སླར་ཡང་ཆོས་སྨན་གྱི་བསྒྲུབས་པས་ཁ་གསོས་པའི་ཕྱིར། འདི་ནི་བདུད་རྩི་རིལ་བུ་དང་ཆོས་སྨན་ཨ་མྲྀ་ཏའི་མཆོག་ཡིན་པ་ཤེས་པར་བྱའོ། །དེའི་ཕན་ཡོན་ཨོ་རྒྱན་ཆེན་པོའི་མཛད་པའི་བདུད་རྩི་སྨན་གྱི་གསང་སྒྲུབ་ལས། དེ་ནས་ཡོན་ཏན་འབྲས་བུ་ནི༔ བདེ་གཤེགས་མ་ལུས་མཆོད་པའི་རྫས༔ བླ་


CMR014_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡི་དམ་བདུད་རྩི་ཡིན༔ ཌཱ་ཀི་ཀུན་གྱི་སྙིང་ཁྲག་ཡིན༔ ཟོས་པས་ཡོན་ཏན་བརྗོད་མི་ལོང་༔ སངས་རྒྱས་སྐུ་ལྔའི་བདག་ཉིད་འགྲུབ༔ ཕྱི་ཡི་གདོན་ཞི་ལུས་གནད་འཇོམས༔ ནང་དུ་ཉོན་མོངས་དུག་ལྔ་དག༔ ཐུན་མོང་དམ་ཚིག་ཉམས་ཆག་བསྐང་༔ གསང་བ་རང་བྱུང་རྣམ་པར་དག༔ ཉན་ཐོས་རང་སངས་རྒྱས་ལ་སོགས༔ བསྐལ་པ་གྲངས་མེད་སྐད་ཅིག་གིས༔ མཉམ་དང་ཁྱད་འཕགས་ཡོན་ཏན་རྫོགས། དེ་ཕྱིར་གསང་བའི་དམ་རྫས་སོ༔ ཞེས་གསུངས་པ་དང་། གཏེར་ཁ་མང་པོ་ནས། ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་བྱོན་པ་རིལ་བུ་འདི་ལ་འདྲེས་པའི་ཕན་ཡོན་ནི། སངས་རྒྱས་གླིང་པའི་རྫས་ཀྱི་དཀར་ཆག་སྤྱོད་ཚུལ་ཁ་བྱང་ལས། མ་འོངས་པ་ན་བདུད་མི་ལོག་ལྟ་ཅན་རྣམས་ཀྱིས་སྐུར་འདེབས་འོང་ལུགས་རྒྱས་པར་ལུང་བསྟན་ནས། དེ་དག་གཉན་པོར་ཁྱད་པར་རྨད་བྱུང་རྫས༔ དབང་བཞི་བསྐུར་དང་རྒྱུད་བཞི་སྨིན་བྱེད་ཅིང་༔ སྒྲུབ་དང་སྒྲུབ་ཆེན་ལས་ཕྲན་འཐོར་བུར་བཅསཿ གང་དང་གང་གི་ནུས་པ་སྨིན་པ་དང་༔ འགྲོ་བ་གང་གི་ལྕེ་སྟེང་སླེབ་ཙམ་གྱིས༔ ལོག་པར་བསླུས་རྣམས་གྲོལ་བར་འགྱུར་བ་སོགས༔ ཡང་དག་བསྟན་པའི་ཡང་སྙིང་


CMR014_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་དང་༔ བསྟན་འཛིན་རྣམས་དང་སྒྲུབ་ལ་བརྩོན་རྣམས་ཀྱིས༔ བསམ་པ་སྒྲུབ་དང་རེ་བ་བསྐང་བའི་ཕྱིར༔ བདག་ཉིད་པདྨ་འབྱུང་གནས་གསང་བའི་བཅུད༔ འབྱུང་བའི་དྭངས་མ་རྒྱུ་ཡི་བྱང་ཆུབ་སེམས༔ ཤེས་རབ་མི་མོ་མཚོ་རྒྱལ་གསང་བའི་མཚལ༔ རྟེན་འབྲེལ་ཐབས་ཤེས་ཡང་སྙིང་གསང་བ་ཡིས༔ བཅུད་ཀྱི་རིག་པ་མཐོང་གི་སྤར་བུ་གང་༔ ཆོས་ཀྱི་རྒྱབ་ཚབ་སྲོག་གི་སྙིང་པོར་བཞག༔ འདི་ནི་མཆོག་གི་ནང་ནས་ཡང་མཆོག་སྟེ༔ ཞེས་གསུངས་སོ། །དེ་ལ་རཏྣ་གླིང་པའི་ཆོས་འདི་བསྟན་པ་མཐའ་རྒྱས་སུ་འགྲོ་བར་ལུང་བསྟན་པ་མ་གཏོགས་མི་རབས་དང་ལོ་གྲངས་འདི་ཙམ་ནས་འགྲོ་དོན་རྫོགས་ཟེར་བ་མེད་པས་རྟེན་འབྲེལ་མཐའ་ལེགས་ཏེ། རཏྣའི་གཏེར་ཁའི་ལུང་བསྟན་ཆེན་པོ་ལས། རཏྣ་གླིང་པ་ཉིད་ལུང་བསྟན་ཞལ་གདམས་དང་བཅས་པའི་མཇུག་ནས། སྐལ་ལྡན་དེ་ཡི་གདུལ་བྱ་རྗེས་འཇུག་རྣམས༔ སློབ་མ་བོས་ཀྱང་ཡང་སློབ་རྗེས་འཇུག་དུས༔ རིམ་པ་བཞིན་དུ་བསྟན་པ་མཐའ་རྒྱས་འགྱུརཿ མཐའ་དབུས་ཕྱོགས་མཚམས་ཀུན་ཏུ་ཆོས་འདི་དར༔ སྙིགས་མའི་འགྲོ་བ་ཕྱམ་ཅིག་ཐར་ལམ་བསྒྲོད༔ འཕྲད་ཆོག་མཐོང་གྲོལ་གྱུར་ཏེ་ངོ་མཚར་ཆེ༔ བོད་ཡུལ་ས་


CMR014_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཀུན་གྱི་གཏེར་གཅིག་མ༔ ལས་ཅན་སྐྱེས་བུ་རྣམས་ཀྱིས་འདི་སྤྱོད་ཅིག༔ ཅེས་དང་། ལང་གྲོའི་ཞུས་ལེན་ལས་ཀྱང་། བུ་བས་ཀྱང་ཡང་སློབ་རྗེས་སློབ་ཀྱི་དུས་ན་མར་བསྟན་པ་མཐའ་རྒྱས་སུ་འགྲོ་བར་འགྱུར་རོ༔ ཞེས་ལུང་བསྟན་པ་དང་། རཏྣའི་གཏེར་ཆོས་ཀྱི་ནང་ནས་ཀྱང་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་འདི་བོད་ཡུལ་དུ་ཡུན་རིང་དུ་དར་ཏེ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་སྲས་བྱང་ཆུབ་སེམས་དཔའི་རིགས་དེ་དག་གི་སློབ་རྒྱུད་ལ་སོགས་རིམ་པ་བཞིན་དུ་རྒྱུན་མ་ཆད་པ་ལྟར་འབྱོན་ནས་ཡིག་བདུན་གྱི་བསྟན་པ་འཛིན་པ་དང་། ལ་ལས་སྐྱོང་བ་དང་། ལ་ལས་སྲུང་བར་བྱེད། རང་གཞན་གྱི་དོན་རྒྱ་ཆེན་པོར་བྱེད་པར་ལུང་བསྟན་པ་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ཆེན་པོ་ཉིད་ལས་། མ་འོངས་བསྟན་པའི་སྒྲོན་མེ་འདི༔ ཤཱཀ་ཐུབ་མྱ་ངན་འདས་ནས་ཀྱང་༔ ལོ་ནི་སུམ་སྟོང་ཉེ་བ་ན༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་ངོས༔ རི་བོ་ནག་པོ་བཅུ་གསུམ་འདས༔ ཁ་བ་ཅན་གྱི་རྒྱལ་ཁམས་སུ༔ འགྲོ་མགོན་ཐུགས་རྗེའི་འདུལ་ཞིང་དེར༔ ཐུགས་རྗེའི་སྤྲུལ་སྲས་རྒྱུད་འཛིན་གྱིས༔ ཡིག་བདུན་བསྟན་པ་འཛིན་སྐྱོང་སྲུང་༔ རིམ་པ་བཞིན་དུ་དོན་


CMR014_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤྱོད༔ རྒྱུད་མཆོག་དེ་ཡང་དེར་སྣང་འགྱུརཿ ཅེས་བཀའ་སྩལ་ཏོ༔ ཞེས་པ་འདི་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རཱ་ག་ཨ་སྱས་རང་གཞན་གྱི་དད་པ་གསོ་ཕྱིར་སྦྱར་བ་ལ། ཉེས་འགལ་མཆིས་ན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཆོས་བདག་སྲུང་མའི་ཚོགས་དང་བཅས་པ་ལ་བཤགས་ཤིང་། དགེ་བས་བདག་དང་སེམས་ཅན་ཐམས་ཅད་སྐྱེ་བ་གཞན་གྱི་བར་མ་ཆོད་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་བྱང་ཆུབ་ཏེ། སླར་སྤྲུལ་པས་འགྲོ་བ་འདྲེན་པ་ལ་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་པར་གྱུར་ཅིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མ་ཎི་བུམ་སྒྲུབ་དང་རིལ་བུའི་ལོ་རྒྱུས་དང་ཕན་ཡོན།next