Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཏགས་གྲོལ་ཡི་གེ་དྲུག་པ།
   
   
   
   
   
   
   
   
   
   
   


 
previousབཏགས་གྲོལ་ཡི་གེ་དྲུག་པ།next

བཏགས་གྲོལ་ཡི་གེ་དྲུག་པ།


CMR014_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་གྲོལ་ཡི་གེ་དྲུག་པ་བཞུགས་པའི་དབུ་ཕྱོགས་ལགས་སོ༔


CMR014_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དང་པོ་འཁོར་འདས་མཉམ་པའི་དུས་ན༔ གཞི་དེ་ལས་འཁོར་འདས་གཉིས་སུ་བྱེ་བའི་སྒྲ་འོད་ཟེར་གསུམ༔ འུར་སྒྲ་ཐུག་ཆོམ་ཤིག་ཤིག་མེར་མེར་བྱེད་ཙམ་ན༔ ཀུན་ཏུ་བཟང་པོས་སྒྲ་གྲག་སྟོང་ལོ་འཛིན་པ་མ་ཞུགས་པར་སངས་རྒྱས་པས༔ ཆོས་ཉིད་ཀྱི་རང་སྒྲ་འ་ཨ་ཤ་ས་མ་ཧ་ཞེས་མངོན་པར་ཤེས་པ་དྲུག་གི་སྒྲ་ཡི་གེའི་གཟུགས་སུ་ཤར་བས༔ ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་མངོན་པར་ཤེས་པ་དྲུག་ཤར་ནས༔ སངས་རྒྱས་དེའི་དབང་པོའི་སྒོ་དྲུག་ནས་ཡི་གེ་དྲུག་གིས་གཟུགས་དང་རང་སྒྲ་སྙན་པོ་རྒྱུན་མི་ཆད་པ་བྱུང་ངོ་༔


CMR014_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རབས་ཀྱང་ཡི་གེ་དྲུག་པོ་གྲག་སྟོང་དུ་བཞག་ན་ཐོས་པ་ཙམ་གྱིས་འཁོར་བར་མི་འཁྱམས་ཏེ༔ དགོངས་པ་ཟང་ཐལ་མཐོང་གྲོལ་གྱི་གདམས་པ་ཀུན་ཏུ་བཟང་པོས་གསུངས་པ་ལས༔ ཡི་གེ་དྲུག་པ་འདི་ཐོས་པ་ཙམ་གྱིས་འཁོར་བར་མི་འཁྱམ་མོ༔ ཡི་གེ་དྲུག་པ་རིན་པོ་ཆེས་བྲིས་ཏེ་བཅངས་ན་མངོན་པར་ཤེས་པ་འཆར་རོ༔ གང་ཟག་དེ་ལུས་བོར་བའི་ཚེ་སྒྲ་གྲག་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་རུ་ཐོས་ནས་མངོན་པར་སངས་རྒྱས་སོ༔ ཡི་གེ་དྲུག་པའི་གཟུགས་མཐོང་བ་ཐམས་ཅད་ཀྱིས་ལས་བསགས་པའི་རྣམ་པར་སྨིན་པ་ཞག་བཅོ་ལྔ་ནས་དག་པར་འགྱུར་བས་མ་འོངས་པའི་སེམས་ཅན་


CMR014_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གུས་པ་རྣམས་ལ་སྟོན་ཅིག་ཡི་གེ་དྲུག་པ་འདི་སྒྲ་ཐམས་ཅད་ཀྱི་སྙིང་པོ་ཡིན༔ ཡི་གེ་འཿགཟུགས་ནི་ཆོས་ཀྱི་དབྱིངས་ན་ཡི་གེ་ཐིག་ལེ་འོད་ཁྱིམ་དུ་ཡོད་དེ༔ འཿནི་ཐིག་ལེ་ཐིག་ཕྲན་འབྲེལ༔ ཨཿནི་ཐིག་ལེ་ལུག་གུ་རྒྱུད༔ ཤཿནི་སྲོག་འབྲེལ་ཟ་རང་ཆོག༔ སཿནི་གུག་ལ་འཁྱིལ་ཆགས་རྒྱུ༔ མཿནི་འོད་ལྔའི་ཟེར་གྱིས་བརྒྱན༔ ཧཿནི་སྲོག་ཐིག་ཚོམ་བུ་ཅན༔ ཆོས་ཉིད་རང་སྒྲ་ཡི་གེ་ཡིན༔ ལྷ་དང་མི་ལ་ཡི་གེ་འགྱུར༔ ལྷ་ལ་ཐིག་ལེ་གཉིས་འབྲེལ་གཟུགས༔ མཁའ་འགྲོ་མ་ལ་དགྲ་དགུའི་གཟུགསཿ མིད་ལ་རང་རང་ཡི་གེ་གསལ༔ ཨོ་རྒྱན་དྷ་ན་ཀོ་ཤ་རུ༔ སཾ་སྐྲྀ་ཏ་ཡི་ཡི་གེར་གསལ༔ བོད་ལ་རང་ལ་མཚན་པའི་གཟུགས༔ ཡི་གེའི་འགྱུར་གྱིས་མཁས་པས་སྟོན༔ འགྲོ་བ་གཞན་ལ་སྐལ་བ་མེད༔ འདི་ལ་ཡི་གེའི་གཟུགས་རྫོགས་པས༔ མཁས་བཟོ་མི་བྱ་དག་པར་བྲི༔ མཐོང་ཐོས་ཐམས་ཅད་སངས་རྒྱས་ཐོབ༔ ཉིན་རེ་བརྒྱ་རྩ་རེ་རེ་བཟླས༔ ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ སྒྲ་དང་བཅས་ཏེ་མངོན་སངས་རྒྱས༔ མངོན་པར་ཤེས་པ་དྲུག་ཤར་ནས༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད༔ དེ་ཕྱིར་མཐོང་གྲོལ་ཡི་གེའོ༔ འདི་ལ་ལོག་པའི་བློ་མ་བྱེད༔ བྱས་ན་མནར་མེད་


CMR014_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བར་སྐྱེ༔ དེ་ཕྱིར་ལོག་ལྟ་ཅན་ལ་གསང་༔ སངས་རྒྱས་ཆོས་སྐུ་ལས་སྤྲུལ་པ་ཡི་གེ༔ འ་ཨ་ཤ་ས་མ་ཧ། དྲུག་འཛམ་གླིང་བྱེ་བ་ཕྲག་བརྒྱར་འཕྲོས་ནས༔ སེམས་ཅན་ལས་དག་པའི་མིག་ནས་ཞུགས་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་བྱུང་ནས་སེམས་ཅན་གྱི་དོན་བྱེད་པར་ཤྲཱི་སེངྒས་གསུངས་སོ༔ ཨ་རཱ་གས་ཁོལ་དུ་ཕྱུང་བའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR014_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཏགས་གྲོལ་ཡི་གེ་དྲུག་པ།next