Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།
   
   
   
   
   
   
   
   
   
   


 
previousབཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།next

བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།


CMR014_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ།།


CMR014_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་སྤྱི་མེས་ཀུན་ཏུ་བཟང་། །དང་པོའི་སངས་རྒྱས་དེ་ལ་ཕྱག་འཚལ་ནས། །ཆོས་རྣམས་ཀུན་གྱི་ས་བོན་བཏགས་གྲོལ་རྒྱུད། །ཉམས་ལེན་མི་དགོས་བཏགས་པས་གྲོལ་བའི་ཐབས། །དེ་ཡི་མན་ངག་ཞལ་ཤེས་འདིར་བཀོད་བྱ། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །ཞི་ཁྲོ་གསང་འདུས་ཡང་སྙིང་འདུས་པ་དང་། །ཚེ་རྒྱུད་རྡོར་ཕྲེང་ཀློང་གསལ་ལ་སོགས་པ། །བཏགས་གྲོལ་རྒྱས་བསྡུས་རྣམས་གྲངས་མང་བ་དང་། །སྔགས་ལ་འདྲ་མིན་ཞུ་དག་མ་བཏུབ་ཀྱང་། །ཡབ་ཡུམ་དགོངས་པ་ཞེན་བཟློག་ཉེར་ལྔ་དང་། །ཁྲོ་ཆེན་བཞི་ཡི་


CMR014_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་རྩ་བ་ཡིན། །སྔགས་ལ་འདྲ་མིན་གཏེར་ཁ་སོ་སོའི་ལུགས། །ཞུ་དག་མི་ཉན་ཀློང་གསལ་རྒྱུད་ནས་གསུངས། །དེ་ལ་ཙཀྲ་མ་དང་གླེགས་བམ་གཉིས། །ཙཀྲ་མ་ནི་རིག་འཛིན་རྣམས་ཀྱིས་མཛད། །བྲི་ཚུལ་སོ་སོའི་གཞུང་དུ་གསལ་ལྟར་ལགས། །གླེགས་བམ་མ་ནི་རྒྱུད་ཀྱི་དགོངས་པ་ཟབ། །འབྲི་མཁན་རབ་ནི་རྫོགས་ཆེན་རྣལ་འབྱོར་པ། །འབྲིང་ནི་དབང་ཐོབ་དམ་ཚིག་མ་ཉམས་པ། །ཐ་མ་འབྲི་མཁན་དམ་ཉམས་མིན་པས་རུང་། །བྲི་གཞི་རབ་ནི་མཐིང་ཤོག་སྲབ་ལ་མཁྲེགས། །འབྲིང་ནི་ཤོག་ནག་ཐ་མ་ཤོག་སྐྱས་རུང་། །སྣག་ཚ་སྟོན་པའི་ཁ་


CMR014_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དོག་རིན་ཆེན་ཏེ། །སྔགས་ཀྱི་སྟོན་པ་རྒྱལ་བ་རིགས་ལྔའི་མདོག །བཻཌཱུར་གསེར་ཟངས་གཡུ་དང་དུང་ཡང་རུང་། །རབ་ནི་ཐུབ་པའི་སྐུ་མདོག་གསེར་ནི་མཆོག །འབྲིང་དངུལ་མཚལ་དང་ཐ་མ་རྒྱ་སྣག་ལ། །ཆོས་སྨན་བདུད་རྩི་རིལ་བུ་བསྲེས་པས་རུང་། །བཏགས་གྲོལ་མང་པོ་ཕྱོགས་གཅིག་བཏགས་པ་ན། །ཤོག་ཚད་རྩེ་སོར་བརྒྱད་ཀྱི་ཚད་རུང་སྟེ། །མཁའ་འགྲོ་སྙིང་ཐིག་ལ་སོགས་འགའ་ནས་གསལ། །མང་ཞིག་བཏགས་ན་ཁུག་སོར་བཞི་ཡི་ཚད། །གཅིག་ཙམ་ཡིན་ན་རྩེ་སོར་བཞི་ཡི་ཚད། །དེ་དག་ཞིང་དང་དཀྱུས་མཉམ་གྲུ་བཞིར་བཏགས། །གྲུ་བཞི་དེ་ལ་ཚོན་ནི་ཁ་དོག་ལྔ། །གྲུ་བཞི་ཉིད་དུ་རི་མོ་འཇའ་འདྲ་འཐེན། །དེ་ནང་ལིང་ཆེ་རེ་རེའི་ནང་དུ་ནི། །ཡབ་ཡུམ་དགོངས་པ་ནས་བཟུང་བཏགས་གྲོལ་གྱི། །སྔགས་རྣམས་བགོ་ནས་རིམ་པར་འབྲི་བ་སྟེ། །གཅིག་ནས་ནང་དུ་སྔགས་རྣམས་མི་རྫོགས་པས། །དེ་འཕྲོས་དེ་མཆན་ལིང་ཙེའི་ནང་དུ་བྲི། །སྔགས་རྣམས་ཐམས་ཅད་བྲི་བ་མ་གཏོགས་པ། །བོད་སྐད་ཚིག་ནི་གཅིག་ཀྱང་བྲི་སྲོལ་མེད། །ཞི་ཁྲོའི་མཇུག་ཏུ་ལས་བཞིའི་འདོད་གསོལ་བྲི། །འདི་འཆང་བ་པོ་དམ་པ་རིགས་བརྒྱ་


CMR014_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འམ། །ཐུགས་རྗེ་ཆེན་པོ་འམ་ཚེ་དཔག་མེད་པའམ། ཀུན་ཏུ་བཟང་པོ་སོགས་མཚན་བསྒྱུར། ལྷ་ཚོགས་དབྱེར་མེད་དུ་སངས་རྒྱས་པར་གྱུར་ཅིག །ཞེས་པ་དེ་ནི་བཏགས་གྲོལ་མཇུག་ཏུ་བྲིས། །པོད་བོང་ཆེའམ་ཤོག་གུ་དཀོན་པ་ན། །ལོགས་གཅིག་ཞི་ཁྲོ་ལོགས་གཅིག་གསང་འདུས་བྲི། །མགོ་མཇུག་བསྣོལ་བ་འདྲ་སྟེ་སྐྱོན་མེད་དོ་།ཡིག་མགོ་ཐམས་ཅད་ཕྱོགས་གཅིག་བསྟན་པས་འཐུས། །བཏགས་གྲོལ་གཅིག་ལ་མགོ་མ་སྟོང་པ་ཡིན། །སྔགས་མཇུག་ཕྱི་ན་བྲི་བར་མི་རུང་ངོ་། །མགོ་མཇུག་མ་ནོར་ཕྱི་ནང་ཁྱད་པར་མེད། །བྲི་ཚར་ཞག་མང་བར་ནི་མ་མཆོད་པར། །བཏགས་གྲོལ་འབྲུ་དྲུག་སྔགས་ཀྱིས་ཕུ་སུ་བྱ། །ས་རྗེན་མི་བཞག་མི་ལག་མང་མི་འགྲིམ། །མེ་ཁར་མི་ཁྱེར་རླུང་ཁར་གཡུག་མི་བྱ། །ཞུ་དག་བྱེད་ན་ཡིད་འདོན་རུང་མོད་ཀྱི། །དེ་ཉིད་ཀློག་པར་བྱ་བ་མ་ཡིན་ནོ། །རབ་གནས་རབ་ནི་སོ་སོའི་དཀྱིལ་འཁོར་གྱི། །དབུས་སུ་མཉྫིའི་སྟེང་དུ་རིན་ཆེན་སྣོད། །འབྲུས་བཀང་ནང་དུ་བཏགས་གྲོལ་དེ་ཉིད་བཞག །མདུན་བསྐྱེད་རྟེན་བྱ་སོ་སོའི་ལས་བྱང་བཏགས། །ཚོགས་དང་མཆོད་གཏོར་ལ་སོགས་བཟང་དུ་


CMR014_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །སོ་སོའི་བསྙེན་པ་ཅི་འགྲུབ་བྱས་པའི་རྗེས། །བཏགས་གྲོལ་བརྒྱའམ་ཉེར་གཅིག་བདུན་སོགས་འདོན། །དེ་ཡི་བཏགས་གྲོལ་ཉིད་ལ་ཕུ་ཡིས་བཏབ། །རྟེན་འབྲེལ་སྙིང་པོ་བརྒྱའམ་ཉེར་གཅིག་གིས། །ཕུ་བཏབ་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། །བླ་མ་འཛོམས་ན་བཏགས་གྲོལ་དབང་བསྐུར་ཞུ། །མ་འཛོམ་མདུན་བསྐྱེད་བླ་མ་དབྱེར་མེད་དམིགས། །བཏགས་གྲོལ་དབང་ཚིག་གཞུང་ལྟར་རང་གིས་བླངས། །རབ་གནས་འབྲིང་དུ་རྟོགས་པ་མཐོན་པོ་ཡི། །བླ་མ་མཇལ་དུས་ཕྱག་ནས་ཞལ་ཕུ་ཞུ། །བཏགས་གྲོལ་འབྲུ་དྲུག་སྟོང་ངམ་ཁྲི་ཡིས་སྔགས། །རབ་གནས་བསྡུས་པ་རྟེན་འབྲེལ་མེ་ཏོག་འཐོར། །དམ་པ་རིགས་བརྒྱ་ཡིད་ཀྱིས་སྤྱན་དྲངས་བསྟིམ། །ན་བཟའ་རབ་ནི་དར་སྣ་ལྔ་ཡིས་བཏུམ། །བྱིན་རླབས་རྟེན་ནི་གང་རྙེད་ནང་དུ་བཏུམ། །འབྲིང་ནི་མན་རྩེ་དུམ་བུ་གཅིག་གིས་གཏུམ། །ཐ་མ་དར་སྣས་སྐུད་པ་ཁ་དོག་ལྔས། །རྒྱ་གྲམ་ཉིད་དུ་བཅིངས་པས་འཐུས་པ་ཡིན། །རབ་ནི་ཟངས་སམ་ལྕགས་ཀྱི་གའུར་བཅུག །འབྲིང་ནི་བསེ་ཡིས་གཡོགས་པར་བྱ་བ་ཡིན། །ཐ་མ་རྔ་ཤུན་ལ་སོགས་མཁྲིགས་པོས་གཡོགས། །དེ་རྒྱབ་


CMR014_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལྷིས་གེ་ལ་སོགས་གང་རུང་གི །མདོར་ན་ཡིག་འབྲུ་མི་ཉམས་ཐབས་གཅིག་བྱ། །དམ་ཚིག་རབ་གནས་དུས་མིན་ལུས་མི་འབྲལ། །བཏགས་གྲོལ་བཏགས་པ་ཀུན་གྱིས་ཤེས་ནའང་། །གསང་སྔགས་གསང་བའི་དམ་ཚིག་རྟེན་འབྲེལ་དུ། །བཏགས་གྲོལ་ཡོད་ཅེས་མི་སྨྲ་མིར་མི་སྟོན། །སྒྲུབ་པའམ་ནི་ཚེས་བཅུ་ལ་སོགས་དུས། །དཀྱིལ་འཁོར་དབུས་བཤམས་མདུན་བསྐྱེད་དེ་ལ་བསྟིམ། །འཆི་ཁ་མི་འབྲལ་རོ་དང་འབྲལ་མི་བྱ། །ཕུང་པོ་བསྲེག་ན་བཏགས་གྲོལ་ཚར་གཅིག་བཀླགས། །དུམ་བུ་གསུམ་བྱས་དཔྲལ་མགྲིན་སྙིང་ག་རུཤ །མར་ཁུ་སོགས་ཀྱིས་ཡིག་འབྲུ་ཤ་བསྟན་སྦྱར། །དོང་དུ་སྦ་ནའང་དེ་ལྟར་བྱ་བ་ཡིན། །རི་ལ་བསྐྱལ་ན་ཕུང་པོ་གན་རྐྱལ་གྱི། །མེ་རུ་སྦར་བས་སྙིང་གར་འཁོར་ལོ་བསྲེགས། །ཐལ་བ་དེ་ནས་དཔྲལ་མགྲིན་སྙིང་གར་བྱུག །དེ་ལྟར་བྱས་པས་གཞུང་ནས་བཤད་པ་ལྟར། །ནམ་མཁའ་གཡའ་དག་འཇའ་ཟུག་འཇའ་སྤྲིན་འཁྲིགས། །མེ་ཏོག་ཆར་འབེབས་རླུང་དང་སེར་བུ་མེད། །རིང་བསྲེལ་སྐུ་གཟུགས་ཡིག་འབྲུ་ལ་སོགས་པ། །སྣ་གཅིག་མི་འབྱུང་སྲིད་པར་མི་འགྱུར་ཏེ། །མ་བྱུང་ན་ནི་ཁོ་ཉིད་བཏགས་གྲོལ་


CMR014_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ངེས་ཤེས་མེད་པར་ཐེ་ཚོམ་ཤོར་བའི་རྟགས། །ཐེ་ཚོམ་མེད་པར་ཉམས་ལེན་བཟང་བའི་རིགས། །བཟང་རྟགས་མེད་པར་གནམ་གཡུལ་ངན་པ་ནི། །དེ་ཉིན་སྡིག་ཅན་གྲིབ་ཅན་གཞན་འགའ་ཞིག །ཤིའམ་བསྲེག་པའི་གྲིབ་ནི་ཡིན་པར་བཤད། །འདི་ཉིད་བཏགས་པས་གྲོལ་བ་བདེན་མི་བདེན། །སྙམས་པའི་ཐེ་ཚོམ་མེད་པ་གལ་ཆེའོ། །ཤོར་ལུང་སྔགས་འཆང་སྤྱན་གསུམ་ལྡན་པ་དེས། །བསྐུལ་ཕྱིར་ལུག་ལོ་སྨིན་དྲུག་ཟླ་བ་ཡི། །བཅུ་གསུམ་ཉིན་གུང་ཐུན་གྱི་མཚམས་ཉིད་དུ། ། ༧ རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་དེ། །མུ་པའི་དགེ་བཤེས་པདྨ་དད་པས་བྲིས། །འགལ་འཁྲུལ་མཆིས་ན་མཁྱེན་ལྡན་རྣམས་ལ་བཤགས། །དགེ་བས་འགྲོ་དོན་རླབས་ཆེན་འབྱུང་བར་ཤོག །འདི་ནི་མ་སྦས་ཀུན་ལ་བསྟན་པར་གྱིས། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR014_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཆེ་བ་བསྐྱེད་པ་ནི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་དབང་གི་དལ༔ ཞེས་སོགས། ཧཱུྃ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཐུགས་རྗེའི་ལྷ་ཚོགས་བདེན་པའི་མཐུས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་ཆད་བྱེད་པའི་དམ་སྲི་རྣམས༔ ཚོགས་སུ་བསྒྲལ་ཕྱིར་ཚོགས་ལ་ཁུག༔ ཀྱེ་བསོག་མེད་ངེས་པའི་རྣལ་འབྱོར་པས༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ འགྲོ་དོན་བྱང་ཆུབ་བསྒྲུབས་པ་ལ༔ དམ་ཉམས་དགྲ་བགེགས་བདུད་ཀྱིས་བརྙས༔ འདི་ཡི་དཔང་དང་གྲོགས་མཛོད་ཅིག༔ རྒྱལ་བ་ཐུགས་དམ་མ་གཡེལ་ཅིག༔ དམ་ཅན་མཐུ་རྩལ་མ་ཆུང་ཞིག༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ དཀོན་མཆོག་དབུ་འཕང་སྨད་པ་དང་༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ༔ འཁུ་ཞིང་སྡང་བའི་དགྲ་དང་བགེགས༔ བསྒྲལ་བའི་ཞིང་བཅུ་འདི་དག་ཀུན༔ དུས་འདིར་བརླག་པར་མ་བསྒྲལ་ན༔ རྒྱལ་བ་ཐུགས་རྗེ་མ་ཆུང་ངམ༔ དམ་ཅན་མཐུ་རྩལ་མ་ཆུང་ངམ༔ རྣལ་འབྱོར་ཡི་ཡང་མ་འཆད་དམ༔ གནད་ནས་བསྐུལ་ལོ་ཐུགས་དམ་ཅན༔ དུས་ལ་བབ་བོ་ས་མ་ཡ༔ ཛལས་རྟ་གདོང་ལྕགས་ཀྱུ་མ༔ གཅིག་ལས་


CMR014_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་བྱེ་བ་འབུམ༔ ལྕགས་ཀྱུ་འབར་བས་ཁུག་ལ་ཤོག༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛཿ ཧཱུྃ་ལས་ཕག་གདོང་ཞགས་པ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ་ཞགས་པ་འབར་བས་ཆིངས་ལ་ཤོག༔ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ པཾ་ལས་སྤེལ་གདོང་ལྕགས་སྒྲོག་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ལྕགས་སྒྲོག་འབར་བས་སྡོམས་ལ་ཤོག༔ སྡོམས་ཤིག་བཛྲ་སྤོ་ཊ་བི༔ ཧོལས་སྤང་གདོང་དྲིལ་བུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ དྲིལ་བུ་འབར་བས་གཟུགས་ལ་ཕོབ༔ མྱོས་པར་གྱིས་ཤིག་གནྡྷེ་ཧོ༔ ཧཱུྃ༔ ང་ནི་རབ་འཇིགས་དབང་གི་སྐུ་ཞེས་སོགས༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ ཅེས་པ་སོགས་བྱའོ། །ཞེས་པ་ཨ་རཱ་གས་མཛད་དོ། །ཞུ་བྷོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།next