Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུར་བཏང་གསེར་སྐྱེབས།
   
   
   
   
   
   


 
previousགསུར་བཏང་གསེར་སྐྱེབས།next

གསུར་བཏང་གསེར་སྐྱེབས།


CMR014_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གསུར་བཏང་གསེར་སྐྱེམས་འཐོར་མདའ་དར་ཕྱར་ལ་འདི་སྐད་དོ།། ཧོཿ དགོངས་སུ་གསོལ་ལོ༔ གསན་དུ་གསོལ་ལོ༔ གཟིགས་སུ་གསོལ་ལོ༔ མཁྱེན་པར་གསོལ་ལོ༔ འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས༔ རང་བཞིན་ལྷུན་གྲུབ་ཀྱི་གནས་ནས༔ རིག་འཛིན་མཁའ་འགྲོ་ཆོས་སྐྱོང་༔ དམ་ཅན་དགེ་བསྙེན་ཐམས་ཅད་གསོན་ཅིག༔ དགོངས་ཤིག༔ ངེད་ཅག་འདིར་འདུས་པའི་རྣལ་འབྱོར་པ་རྣམས་ནི༔ དད་གུས་ཆེ་བས་དམ་ཚིག་ནི་གཙང་༔ ངེས་འབྱུང་སྐྱེས་པས་བརྩོན་འགྲུས་ནི་ཚེ༔ གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པས༔ སེམས་ཅན་ཐམས་ཅད་འཁོར་བ་དོང་ནས་སྤྲུགས་པའི་ཕྱིར་དུ༔ ཐུགས་རྗེ་ཆེན་པོའི་སྐྱེ་བདུན་ཤའི་སྒྲུབ་ཆེན་བྱེད་ཅིང་ཡོད་དོ༔ ཁྱེད་རྣམས་སྔོན་གྱི་ཐུགས་དམ་དང་དམ་ཚིག་ལས་མ་གཡེལ་བར༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་སྐྱོལ་ཅིག༔ དམ་པ་ཆོས་ཀྱི་དངོས་གྲུབ་སྐྱོལ་ཤོག༔ འཆི་མེད་ཚེའི་དངོས་གྲུབ་སྐྱོལ་ཤོག༔ འཛད་མེད་ནོར་གྱི་དངོས་དངོས་གྲུབ་སྐྱོལ་ཤོག༔ བསྟན་སྲུང་མཐུ་ཡི་དངོས་གྲུབ་སྐྱོལ་ཤོག༔ སྙན་གྲགས་སྟོབས་ཀྱི་དངོས་གྲུབ་སྐྱོལ་ཤོག༔ རྨ་


CMR014_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཟས་ཀྱི་དངོས་གྲུབ་སྐྱོལ་ཤོག༔ ལོངས་སྤྱོད་མངའ་ཐང་དངོས་གྲུབ་སྐྱོལ་ཤོག༔ འཇའ་ཚོན་མེ་ཏོག་ཆར་དང་རོལ་མོའི་སྒྲ་དང་བཅས་ཏེ་སྐྱོལ་ཤོག༔ སིདྡྷི་སིདྡྷི་ཛ་ཛཿ ཧཱུྃ་ཧཱུྃ༔ རྒྱུན་དུ་སྒྲུབ་པ་པོ་ལ་དངོས་གྲུབ་རྣམསཿ སྐྱེལ་བར་དམ་བཅའ་ཐུགས་རྗེའི་དམ་ཚིག་ཅན༔ རིག་འཛིན་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་རྒྱུན་དུ་སྐྱོལ༔ སྒྲུབ་པ་བྱེད་པའི་རྣལ་འབྱོར་བདག་ཅག་ལ༔ རྒྱུན་དུ་དངོས་གྲུབ་སྐྱོལ་བར་ཁས་བླངས་པའི༔ དམ་ཚིག་ལྡན་པའི་དགེ་བསྙེན་ཐམས་ཅད་ཀུན༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ སྔོན་གྱི་དམ་ཚིག་གཉེན་ལས་མ་འདའ་བར༔ སྒྲུབ་པ་འདི་ལ་དངོས་གྲུབ་རྒྱུན་དུ་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་མྱུར་དུ་སྟོན༔ ཐོ་རངས་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ༔ སྐྱེས་བུ་ཆེན་པོ་གིང་གི་ཚོགས་བཅས་ལ༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ ཐོ་


CMR014_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རངས་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལཿ ནམ་ལངས་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ༔ དཀར་མོ་སྡེ་བཞི་འཁོར་དང་བཅས་པ་རྣམས༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལཿ ནམ་ལངས་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ༔ ཉི་ཤར་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ༔ རྡོ་རྗེ་སྲིན་པོ་འཁོར་དང་བཅས་པ་རྣམསཿ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ ཉི་ཤར་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ༔ ཉི་དྲོས་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ༔ ཧ་ལུ་མུ་ཁ་འཁོར་དང་བཅས་པ་རྣམས༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ ཉི་དྲོས་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ༔ ཉིན་ཕྱེད་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ༔ ཀླུ་རྒྱལ་དམ་ལྡན་འཁོར་དང་བཅས་པ་རྣམས་བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ ཉིན་ཕྱེད་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ༔ དགོང་མོའི་དུས་སུ་དངོས་


CMR014_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྐྱེལ་བའི་ལྷ༔ ཀླུ་སྨན་མཚོ་སྨན་འཁོར་དང་བཅས་པ་རྣམས༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ དགོང་མོའི་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ༔ དམར་ཐག་ཆད་དུས་དངོས་གྲུབ་སྐྱེལ་བའི་ལྷ༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལཿ ཉི་མ་དམར་ཐག་ཆད་དུས་དངོས་གྲུབ་སྐྱོལ༔ མུན་རུབ་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ༔ སྲིན་པོ་དམ་ལྡན་འཁོར་དང་བཅས་པ་རྣམས༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ མུན་རུབ་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ༔ སྲོད་ཀྱི་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ༔ སྲིད་པའི་མ་མོ་འཁོར་དང་བཅས་པ་རྣམས༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ སྲོད་ཀྱི་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ༔ ནམ་གྱི་གུང་ལ་དངོས་གྲུབ་སྐྱེལ་བའི་ལྷ༔ རེ་ཏི་མཆེད་བཞི་འཁོར་དང་བཅས་པ་རྣམས༔ བཟང་ཤིང་ཕྱེ་


CMR014_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ ནམ་གྱི་གུང་ལ་དངོས་གྲུབ་ཐམས་ཅད་སྐྱོལ༔ ནམ་ནི་ཕྱེད་ཡོལ་དངོས་གྲུབ་སྐྱེལ་བའི་ལྷ༔ མ་མོ་བདུན་པོ་འཁོར་དང་བཅས་པ་རྣམས༔ བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་༔ གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ༔ ནམ་གྱི་ཕྱེད་ཡོལ་དངོས་གྲུབ་ཐམས་ཅད་སྐྱོལ༔ དེ་ལྟར་དུས་དང་དུས་མིན་རྒྱུན་དུ་ནི༔ སྒྲུབ་ལ་དངོས་གྲུབ་སྐྱེལ་བའི་ཐུགས་དམ་ཅན༔ ཐུགས་དམ་མ་གཡེལ་དམ་ཚིག་དུས་ལ་བབ༔ ངེད་རྣམས་གཞུང་བཞིན་སྒྲུབ་པ་བགྱིས་ལགས་ན༔ ཁྱེད་རྣམས་དམ་ཚིག་བཞིན་དུ་དངོས་གྲུབ་སྩོལ༔ ཚེ་བསོད་དམ་ཆོས་འགྲུབ་པའི་དངོས་གྲུབ་སྩོལ༔ འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ༔ འཛད་པ་མེད་པ་ནོར་གྱི་དངོས་གྲུབ་སྩོལ༔ དགྲ་བགེགས་ཚར་གཅོད་མཐུ་ཡི་དངོས་གྲུབ་སྩོལ༔ སྙན་གྲགས་འཛམ་གླིང་ཁྱབ་པའི་དངོས་གྲུབ་སྩོལ༔ རྨ་གཡང་ཟས་ཀྱི་དངོས་གྲུབ་ཐམས་ཅད་སྩོལ༔ ལོངས་སྤྱོད་མངའ་ཐང་སྟོབས་ཀྱི་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་དྷརྨ་པཱ་ལ་


CMR014_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཛ་ཛཿ ཕོ་ཕོ་ཧཱིང་ཧྲིང་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་པ་སྒྲུབ་ཆེན་གཞུང་དང་རཏྣ་གླིང་པའི་ཞལ་གདམས་འདྲ་ཞིག་ལས་བྱུང་བ་ལྟར༔ འདོན་ཆ་སྔགས་འཆང་༧ ཨ་རཱ་གས་བུམ་སྒྲུབ་དུས་སྦྱར་བ་མངྒ་ལཾ༔ དགེའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསུར་བཏང་གསེར་སྐྱེབས།next