Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་བུམ་སྒྲུབ་སོགས་ཀྱི་ཉུལ་ལེ་བསྐྲད་པའི་ཟིན་བྲིས།
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་བུམ་སྒྲུབ་སོགས་ཀྱི་ཉུལ་ལེ་བསྐྲད་པའི་ཟིན་བྲིས།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་བུམ་སྒྲུབ་སོགས་ཀྱི་ཉུལ་ལེ་བསྐྲད་པའི་ཟིན་བྲིས།


CMR014_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་བུམ་སྒྲུབ་སོགས་ཀྱི་ཉུལ་ལེ་བསྐྲད་པའི་ཟིན་བྲིས་བཞུགས་སོ།།


CMR014_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་བུམ་སྒྲུབ་སོགས་ཀྱི་ཉུལ་ལེ་བསྐྲད་པའི་ཟིན་བྲིས་ནི། སྒྲུབ་ཆེན་དུ་བཤད་ལྟར་ཉུལ་ལེའི་ལིང་ག་བྲུབ་ཁུང་དུ་བཅུག་པ་དེ་ཁ་ཕྱེས་ལ༔ བླ་མ་རྡོ་རྗེ་སློབ་དཔོན་ཡོད་ན་དེ་ཚེ་ཉམས་ལེན་ལྟ་བའི་ངང་ལ་བཞུགས༔ ཉུལ་ལེ་སྤྲོད་མཁན་བསྐོས་ཡོད་ན་དེས་བྱ༔ སྤྲོས་པ་ལ་དགའ་ན༔ འབག་དཀར་ནག་གཉིས་འཆམ་པའི་ལག་ཏུ་བོང་མཛེ་འུག་མགོའི་ཐོ་བ་དང་༔ མི་རྐང་གི་ལྕག་ཚན་མི་ལྤགས་ཀྱི་ལྕག་འབྲས་བཏགས་པ་ཡོད་ན་རབ༔ མི་གྲིར་ཤི་བའི་ལག་པ༔ ཁྲག་དང་མཚལ་གྱིས་བྱུགས་པའི་རལ་གྲི་སོ་གཉིས༔ ཐུན་རྫས་སྣ་ཚོགས་ཐོགས་ལ་འཆམ་ཞིང་ལིང་ག་ལ་གཟིར༔ མེད་ན་ཕུར་པ་དང་ཡུངས་དཀར་ཐུན་རྫས་གང་རྙེད་ཐོགས༔ འབག་འཆམ་སོགས་མི་འཛོམ་ན་ཐུན་དཔོན་ནམ་ཉུལ་ལེ་སྐྱོད་མཁན་རང་


CMR014_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འདོན་ཆ་དུས་ཕུར་པས་གཟིར༔ ཐུན་བྲབ་པས་ཆོག༔ དང་པོ་རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་ཁྲོ་བོ་རྟ་མགྲིན་དམར་པོ་གྲི་ཐོད་འཛིན་པ་ཞིག་སྤྲོས་ལ༔ དེའི་ང་རྒྱལ་དུ་བཟུང་ནས་ལས་བྱང་ནང་གི་ཆེ་བ་བསྐྱེད་པ་འདི་འདོན་ཏེ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་དབང་གི་དལ༔ ཡེ་ཤེས་མེ་དཔུང་ཕྱོགས་བཅུར་འབར༔ གཟུགས་སྣང་ཐམས་ཅད་ཁྲོ་བོའི་རྒྱལ༔ དབང་གི་རྟ་སྐད་སྟོང་གསུམ་ཁེངས༔ མ་མོ་མཁའ་འགྲོ་དབང་དུ་སྡུད༔ སྣང་སྲིད་ཐམས་ཅད་བྲན་དུ་ཁོལ༔ སྟོང་གསུམ་འདི་ན་སུ་ཡང་རུང་༔ ང་ལས་ཆེ་བཙན་སུ་ཡང་མེད༔ ང་ཡིས་བསྒོས་པའི་བཀའ་བཞིན་དུ༔ བཅོལ་བའི་ཕྲིན་ལས་


CMR014_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿབྷྱོ་བྷྱོཿ ཞེས་གྱེར་རོ༔ དེ་ནས་རྟ་མགྲིན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་པདྨ་གསུང་གི་བཀའ་སྲུང་ཐམས་ཅད་དང་ཀུན་ཐུབ་རྒྱལ་མོ་སྤྱན་དྲངས་པར་བསམ་ལ་དམར་གཏོར་གཉིས་བྲན་ནས་བཞག་པ་ལ་གསོ་ཁྲན་རྣམས་བྱ༔ ཡང་ན་དམར་གཏོར་ཆུང་ངུ་གཉིས་བྲན་ལཿ ཧཱུྃ༔ རབ་འཇིགས་དུར་ཁྲོད་རྔམས་པའི་ཀློང་དཀྱིལ་ནས༔ པདྨ་གསུང་གི་བཀའ་སྲུང་སྐུར་བཞེངས་ཤིག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཁམས་བརྒྱ་མ་དྲུག་དམུས་ལོང་སུམ་ཅུ་གཉིས༔ ཁྱི་བརྒྱད་སྤྱང་བརྒྱད་མེ་འབྲུག་རླུང་འབྲུག་དང་༔ དཀར་སེར་དམར་ལྗང་དྲ་བ་གློག་འགྱུ་མ༔ ཕོ་ཉ་བཀའ་སྲུང་དགྲ་འདུལ་ཐུགས་རྗེ་ཅན༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་ཐལ་བ་རྡུལ་དུ་རློགས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཨོ་ཀྲོ་དྷི་ཤྭ་རི་ཨ་མྲྀ་ཏ་བ་ལི་ཏ་རཀྟ་ཁཱ་ཧི༔ ཏྲི་པ་ཏྲི་པ་ཧཱུཾ་ཕཊ༔ ཁ་ལ་རོ་ཤ་ཁ་ལ་རོ་ཤ་ཧཱུཾ་ཕཊ༔ ཡཀྵ་ཀུན་བཻ་ཛཧཱུྃ་ཕཊ༔ ཛྭ་ལ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཛྭ་ལ་ཨ་མུ་ཀཾ་ཛྭ་ལ་ཨ་མུ་ཀཾ་རཾ་ཧཱུྃ་ཕཊ༔ ཨ་་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་


CMR014_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་གཏོར་མ་བསྔོས་ནས་ཆད་ཅིང་བསྐུལ་པ་ནི༔ བཀའ་སྲུང་ཕོ་ཉ་རྣམས་ཀྱིས་གནོད་བྱེད་དམ་སྲི་ཉུལ་ལེ་ཐམས་ཅད་བཀུག་ཅིང་བྲུབ་ཁུང་ནང་དུ་བཅུག་པར་བསྒོམས་ཏེ༔ ཕཊ་ཨེ་ཡཾ་རཾ་ཁཾ༔ མདུན་དུ་དུག་གསུམ་ལས་གྲུབ་པའི་བཙོན་ཁང་དུས་མཐའི་ཆར་སྤྲིན་ལྟར་ནག་པ༔ ཁ་དོག་ཅིང་མཐིལ་ཡངས་པ༔ ཟིན་ནས་ཐར་དབང་མེད་པ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ་བ༔ ཞེ་སྡང་གི་མེ་འབར་བ༔ གཏི་མུག་གི་མུན་པ་འཐིབས་པ༔ ཕྲག་དོག་གི་རླུང་འཚུབ་པ༔ སྟེང་ནས་ཐོག་དང་མཚོན་ཆའི་ཆར་འབེབས་པའི་ནང་དུ་རྩྭ་དང་སྲིད་ལས་སྐྱེས་པའི་གནོད་བྱེད་དམ་སྲི་ཁ་ངུ་བ༔ མིག་ཤི་མིག༔ ལག་པ་གཡས་ཀྱིས་སྐྲ་འབལ་ཞིང་༔ གཡོན་པས་བྲང་རྡུང་བ༔ རྐང་ལག་ལྕགས་སུ་བཅུག་པ༔ བུ་ག་དགུ་ནས་ཁྲག་འཛག་པ༔ ཉམ་ཐག་དབུགས་དང་བྲལ་ལ་ཁད་པ་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ན་མོ༔ དྲིན་ཅན་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་༔ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་


CMR014_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཉིས་ལ་སོགས་པ་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་བདེན་པ་དང་༔ བཀའ་སྲུང་བསྟན་སྲུང་དམ་ཅན་རྒྱ་མཚོའི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུསཿ སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་གདོན་བགེགས༔ ཁྱད་པར་དུ་ཡང་སྒྲུབ་པ་ཟབ་མོ་འདི་ལ་བར་དུ་གཅོད་ཅིང་གླགས་ཚོལ་བར་བྱེད་པའི་ཉུལ་ལེ༔ ནག་མོ་བྱ་རོག་སྐད་འགྱུརཿ གྲོང་རྐུན་ནག་མོ༔ འདོད་ཆགས་དམར་མོ་ར་ནུ༔ གནམ་སྨན་དུན་རྩེ༔ ལག་བསེ་མགོ་དམར༔ གནམ་ཐེལ་ནག་པོ༔ ཀླུ་སྲིན་སྔོན་མོ༔ ཀླུ་ཆེན་འཁྱམས་པོ༔ ས་བདག་མ་ཡམས༔ བདུད་དང་ཐེའུ་རང་༔ དམ་སྲི་སྤུན་གསུམ༔ རྒྱལ་འགོང་ཀླུ་སྲིན༔ བཙུན་པ་ཁྲིམས་ཉམས༔ སྔགས་པ་དམ་ཉམས༔ བོན་པོ་ལྟ་ལོག༔ དྲེད་པོ་དཀོར་སྲེད་ཅན་འདྲེར་སྐྱེས་པ་ལ་སོགས་པ༔ ཏིང་ངེ་འཛིན་བྱིང་རྨུགས་སུ་གཏོང་བར་བྱེད་པ༔ གསང་བའི་དཀྱིལ་འཁོར་བཤིག་པར་བྱེད་པ༔ མར་མེའི་མདངས་འཕྲོག་པར་བྱེད་པ༔ ལྷ་ཆའི་སྐད་ཉམས་པར་བྱེད་པ༔ སྒྲུབ་པའི་དྲོད་དང་དངོས་


CMR014_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འཕྲོག་པར་བྱེད་པ༔ ལྷ་མིན་ལྷ་རུ་བརྫུ་བར་བྱེད་པ༔ མགོ་གཡོག་མགོ་སྐོར་རྒྱུག་ལོག་འཕར་ལྡང་བྱེད་པ༔ ཚེ་བསོད་ནམས་ཁ་རྗེ་དབང་ཐང་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་དམ་སྲི་སྒབ་འདྲེ་ཐམས་ཅད་ད་ལྟ་ཉིད་དུ་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤོ་ཊ་བཾ༔ བཛྲ་གྷནྡྷེ་ཧོ༔ ཞེས་ལན་གསུམ་མམ་དྲག་ཏུ་བཀུག་ཅིང་དབྱེར་མེད་དུ་ཐིམ་པར་བསམ་ལ་རྫ་དྲག་ཏུ་བརྡུང་༔ དམ་སྲི་འདུལ་བའི་ཕོ་ཉ་བསྐུལ་ཏེ༔ སྒྲུབ་ཆེན་ཕོ་ཉ་སྒོས་བསྐུལ་བྱ་གསུངས་པའི་དོན༔ འདི་པདྨ་གསུང་གི་དཀྱིལ་འཁོར་རྐྱང་པ་ཡིན་པས་བཀའ་བརྒྱད་ཀྱི་ཕོ་ཉ་ཐམས་ཅད་བསྐུལ་ན་འབྲེལ་མི་ཆགས་པསཿ འདིར་པདྨ་གསུང་གི་ཕོ་ཉ་བསྐུལ་ཏེ༔ ཧཱུྃ༔ སྐུ་ལས་སྤྲུལ་པའི་ཁམས་བརྒྱ་མོ༔ དུང་གི་དྲེད་མོང་མགོ་གསུམ་མ༔ གསུང་ལས་སྤྲུལ་པའི་ཁམས་བརྒྱ་མོ༔ ཟངས་ཀྱི་འཕར་བ་མགོ་བརྒྱ་མོ༔ ཐུགས་ལས་སྤྲུལ་པའི་ཁམས་བརྒྱ་མོ༔ ལྕགས་ཀྱི་སྤང་མོ་མགོ་དགུ་མ༔ ཡོན་ཏན་སྤྲུལ་པའི་ཁམས་བརྒྱ་མོ༔ གཡུ་ཡི་ཁྱི་མོ་མགོ་གསུམ་མ༔ ཕྲིན་ལས་སྤྲུལ་པའི་ཁམས་བརྒྱ་མོ༔ གསེར་གྱི་སེང་གེ་མགོ་བཅུ་མ༔ གཉིས་མེད་སྤྲུལ་པའི་ཁམས་བརྒྱ་མོ༔ དུང་གི་སེང་གེ་མགོ་བཅུ་


CMR014_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མ༔ ཧཱུྃ༔ ཤར་ཕྱོགས་ལོང་བ་རྒྱབ་འབྲེལ་ནི༔ འབྲུག་རྗེ་སྔོན་མོ་ཆིབས་སུ་ཆིབས༔ ན་བཟའ་ལེ་བརྒན་དམར་པོ་གསོལ༔ ཕྱག་ན་ལྕགས་ཀྱུ་དགྲ་སྟ་བསྣམས༔ དབུ་ཡི་རལ་པ་ཚར་རེ་ལ༔ གཟའ་རྒོད་མིག་དམར་ཆར་དུ་འབེབས༔ སྤྲུལ་པ་དམུས་ལོང་བཅོ་ལྔས་བསྐོར༔ ཧཱུྃ༔ ལྷོ་ཕྱོགས་ལོང་བ་རྒྱབ་འབྲེལ་ནི༔ ལྕགས་ཀྱི་སྡིག་པ་ཆིབས་སུ་ཆིབས༔ ན་བཟའ་ཞིང་གི་རས་སྨད་གསོལ༔ ཕྱག་ན་ལྕགས་ཀྱི་ཁྱུང་ཆེན་བསྣམས༔ དབུ་ཡི་རལ་བ་ཚལ་རེ་ལ་ཉི་མ་འབུམ་གྱི་ཆར་དུ་འབེབས༔ སྤྲུལ་པ་དམུས་ལོང་བཅོ་ལྔས་བསྐོརཿ ཧཱུྃ་ནུབ་ཕྱོགས་ལོང་བ་རྒྱབ་འབྲེལ་ནི༔ བ་གླང་དམར་པོ་ཆིབས་སུ་ཆིབས༔ ན་བཟའ་གཡུ་འབྲུག་ལྤགས་པ་གསོལ༔ ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས་དབུ་ཡི་རལ་བ་ཚར་རེ་ལ༔ དུག་དང་མེ་ཡི་ཆར་དུ་འབེབས༔ སྤྲུལ་པ་དམུས་ལོང་བཅོ་ལྔས་བསྐོར༔ ཧཱུྃ༔ བྱང་ཕྱོགས་ལོང་བ་རྒྱབ་འབྲེལ་ནི༔ ཆིབས་སུ་དྲེད་མོང་ཁམ་པ་ཆིབས༔ ན་བཟའ་ཞིང་གི་པགས་པ་གསོལ༔ ཕྱག་ན་ཞིང་གི་དབྱུག་ཏོ་བསྣམས༔ ་དབུ་ཡི་རལ་པ་ཚལ་རེ་ལ༔ གྲི་མཚོན་ནད་ཀྱི་ཆར་པ་འབེབས༔ སྤྲུལ་པ་


CMR014_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དམུས་ལོང་བཅོ་ལྔས་བསྐོར༔ ཧཱུྃ༔ ཤར་ཕྱོགས་ཁྱབ་པར་རྒྱུག་པའི་ཁྱི༔ དུང་གི་ཁྱི་མོ་རལ་པ་ཅན༔ ལྷོ་ཕྱོགས་ཁྱབ་པར་རྒྱུག་པའི་ཁྱི༔ གསེར་གྱི་ཁྱི་མོ་རལ་པ་ཅན༔ ནུབ་ཕྱོགས་ཁྱབ་པར་རྒྱུག་པའི་ཁྱི༔ ཟངས་ཀྱི་ཁྱི་མོ་རལ་པ་ཅན༔ བྱང་ཕྱོགས་ཁྱབ་པར་རྒྱུག་པའི་ཁྱི༔ གཡུ་ཡི་ཁྱི་མོ་རལ་པ་ཅན༔ ཤར་ལྷོ་མཚམས་ནས་རྒྱུག་པའི་ཁྱི༔ བྱི་རུའི་ཁྱི་མོ་རལ་པ་ཅན༔ ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི༔ མཆོང་གི་ཁྱི་མོ་རལ་པ་ཅན༔ ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱི༔ བསེ་ཡི་ཁྱི་མོ་རལ་པ་ཅན༔ བྱང་ཤར་མཚམས་ནས་རྒྱུག་པའི་ཁྱི༔ ཤེལ་གྱི་ཁྱི་མོ་རལ་པ་ཅན༔ དཔལ་གྱི་ཁྲི་བརྒྱད་ཐུགས་དམ་ཅན༔ ཀུན་ཀྱང་འཇིགས་ཚུལ་རྔམས་པའི་གཟུགས༔ མཆེ་བ་སྤུ་གྲི་གཏམས་པ་འདྲ༔ མིག་ནས་ཉི་ཟླའི་ཟེར་ལྟར་འཚེར༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་རྒྱུག་པ་ནི༔ དུང་གི་སྤྱང་མོ་རལ་པ་ཅན༔ ལྷོ་ཡི་ཕྱོགས་ནས་རྒྱུག་པ་ནི༔ གསེར་གྱི་སྤྱང་མོ་རལ་པ་ཅན་ནུབ་ཀྱི་ཕྱོགས་ནས་རྒྱུག་པ་ནི༔ ཟངས་ཀྱི་སྤྱང་མོ་རལ་པ་ཅན༔ བྱང་གི་ཕྱོགས་ནས་རྒྱུག་པ་ནི༔ གཡུ་


CMR014_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྤྱང་མོ་རལ་པ་ཅན༔ ཤར་ལྷོ་མཚམས་ནས་རྒྱུག་པ་ནི༔ མཐིང་གི་སྤྱང་མོ་རལ་པ་ཅནུ༔ ལྷོ་ནུབ་མཚམས་ནས་རྒྱུག་པ་ནི༔ མུ་མེན་སྤྱང་མོ་རལ་པ་ཅན༔ ནུབ་བྱང་མཚམས་ནས་རྒྱུག་པ་ནི༔ མཆོང་གི་སྤྱང་མོ་རལ་པ་ཅན༔ བྱང་ཤར་མཚམས་ནས་རྒྱུག་པ་ནི༔ ར་གན་སྤྱང་མོ་རལ་པ་ཅན༔ སྤྱང་མོ་རོ་ཤལ་ཐུགས་དམ་ཅན༔ ཀུན་ཀྱང་སྤྱན་གྱིས་དུར་ཁྲོད་གཟིགསཿ ལས་སུ་དུར་ཁྲོད་གནས་སུ་རྒྱུག༔ ཁ་ནས་རོ་ཤལ་དུར་ཐག་གཅོད༔ མ་ཐོགས་མྱུར་དུ་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་ཕོ་ཉ་ནི༔ དཀར་མོ་ཟླ་འདབ་འཇིགས་པའི་གཟུགས༔ ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི༔ སེར་མོ་ཉི་འདབ་འཇིགས་པའི་གཟུགས༔ ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི༔ དམར་མོ་བསེ་འདབ་འཇིགས་པའི་གཟུགས༔ བྱང་གི་ཕྱོགས་ཀྱི་ཕོ་ཉ་ནི༔ སྔོན་མོ་ཆུ་འདབ་འཇིགས་པའི་གཟུགས༔ ཀུན་ཀྱང་ལྗགས་ལ་གློག་འགྱུ་མ༔ འཇིག་རྟེན་ཁམས་རྣམས་སྲེག་པར་བྱེད༔ ཞལ་ནས་ཆུ་འབབ་རྦ་རླབས་འཁྲུགས༔ ཤངས་ནས་རླུང་འཐོར་བུ་ཡུག་འཚུབ༔ སྤྱན་ནས་ཁྲོ་ཆུའི་ཐོག་ཀྱང་འབེབས༔ ལྗགས་ལས་སྤྲུལ་པའི་ཕོ་ཉ་འགྱེད༔ མཆེ་བས་ཁམས་


CMR014_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྒྲོལ་བར་བྱེད༔ ཕོ་ཉ་ཆེན་པོ་ཁྱེད་རྣམས་ཀྱང་༔ མ་ཐོགས་མྱུར་དུ་ཕྲིན་ལས་མཛོད༔ ཧཱུྃ༔ རླུང་འབྲུག་སྐུ་མདོག་མཐིང་ནག་ལ༔ རིན་ཆེན་གཡུ་ཡི་འདབ་གཤོག་ཅན༔ མེ་འབྲུག་སྐུ་མདོག་དམར་པོ་ལ༔ འབར་བ་མེ་ཡི་འདབ་གཤོག་ཅན༔ ཆུ་འབྲུག་སྐུ་མདོག་སྔོ་ནག་ལཿ གདུག་པ་སྦྲུལ་གྱི་འདབ་གཤོག་ཅན༔ གཅིག་ནི་སྣ་ཚོགས་གཟུགས་ཅན་མ༔ རྡོ་རྗེའི་འདབ་གཤོག་འབར་བས་གཏམས༔ ཀུན་ཀྱང་འབྲུག་སྒྲ་འུ་རུ་རུ༔ ཁ་ནས་གློག་དམར་ཁྱུགས་སེ་ཁྱུག༔ དམ་ཉམས་དགྲ་ལ་རྒོད་པའི་ཚེ༔ རྐད་ཅིག་ཡུད་ཀྱིས་དགྲ་བགེགས་སྒྲོལ༔ པདྨ་གསུང་གི་བཀའ་སྲུང་ཐུགས་དམ་ཅན༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཏྲི་པ་ཏྲི་པ་ཧཱུྃ་ཕཊ༔ ཁ་ལ་རོ་ཤ་ཁ་ལ་རོ་ཤ་ཧཱུཾ་ཕཊ༔ ཡཀྵ་ཀུན་བཻ་ཛཧཱུྃ་ཕཊ༔ ཛྭ་ལ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ས་མ་ཡ་ཡཀྵ་ཧཱུྃ་ཕཊ༔ ཛྭ་ལ་ཨ་མུ་ཀ་ཛྭ་ལ་ཨ་མུ་ཀ་རཾ་ཧཱུྃ་ཕཊ༔ ཅེས་བྱས་ལ་གཏོར་མ་འབུལ། དེ་ནས་ཀུན་ཐུབ་རྒྱལ་མོ་བསྐུལ་ལ་གཏོར་མ་འབུལ་ལོ། །ཨ་རཱ་གས་སོ།། །།


CMR014_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་བུམ་སྒྲུབ་སོགས་ཀྱི་ཉུལ་ལེ་བསྐྲད་པའི་ཟིན་བྲིས།next