Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་གཙོ་མོ་དཔལ་ལྡན་སྔགས་ཀྱི་སྲུང་མའི་གསོལ་མཆོད།
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་གཙོ་མོ་དཔལ་ལྡན་སྔགས་ཀྱི་སྲུང་མའི་གསོལ་མཆོད།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་གཙོ་མོ་དཔལ་ལྡན་སྔགས་ཀྱི་སྲུང་མའི་གསོལ་མཆོད།


CMR014_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་གཙོ་མོ་དཔལ་ལྡན་སྔགས་ཀྱི་སྲུང་མའི་གསོལ་མཆོད་བཞུགས་སོ༔


CMR014_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྲུང་མོ་རྒྱུད་སྤྱི་གཏོར་སྙིང་གིས་མཚན༔ ན་མོ༔ རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་༔ ཡི་དམ་ཞི་ཁྲོ་རབ་འབྱམས་བཀའ་སྲུང་དམ་ཅན་རྒྱ་མཚོའི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུས་བདག་གིས་ཐུགས་རྗེ་ཆེན་པོ་སྒྲུབ་པ་དང་༔ མྱང་གྲོལ་སྐྱེ་བདུན་ཤའི་སྒྲུབ་པ་བྱེད་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་གཏོར་མ་འདི་ལ་ཁུག་ཅིག༔ བཛྲ་ཨངྐུ་ཤ་ཛཿ ཛཧཱུྃ་བཾ་ཧོ༔ གདོན་བྱེད་གྲ་བགེགས་ཀྱི་བླ་སྲོག་ཤ་ཁྲག་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པར་གྱུར༔


CMR014_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་ཧ་ཧོ་བྷིསྭཱ་ཧཱཿ རང་མདུན་ཁྲག་མཚོ་ཀེང་རུས་རཿ ཉི་ཟླ་པདྨའི་སྟེང་དུ་ཁྲག༔ དེ་ལས་སྔགས་ཀྱི་སྲུང་མ་སྨུག་སྤྱན་གཅིག་མཆེ་གཅིག་ནུ་གཅིག་མ༔ རལ་པ་དམར་སེར་འཁྱིལ་པའི་དཀྱིལ༔ གཡུ་ཡི་རལ་གཅིག་འཁྱིལ་ཞིང་འགྲེང་༔ ཕྱག་གཉིས་ཙིཏྟ་ཞིང་དབྱུག་འཛིན༔ གཅེར་བུ་གཡས་བསྐུམ་གཡོན་བརྐྱང་འགྱིང་༔ འཁོར་ཚོགས་བཅས་པ་སྤྱན་དྲངས་གྱུར༔ བྷོ༔ ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནསཿ ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ༔ སྒེག་མོ་རལ་གཅིག་མཐུ་མོ་ཆེ༔ ཁྲོས་པའི་རྒྱལ་མོ་གཤེགས་སུ་གསོལ༔ ཡུམ་


CMR014_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཨེ་ཀ་ཙ་ཏི་མ༔ ཡེ་ཤེས་མ་མོ་ལྔ་དང་བཅས༔ དཔོན་གཡོག་འཁོར་བཅས་གཤེགས་སུ་གསོལ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨོཾ་རུ་ལུ་ཨེ་ཀ་ཙ་ཏི་སྙིང་ཁ་རགློ་རུ་ལུ་རུ་ལུ་ཧཱུྃ་བྷོཧཱུྃ་ཛཿ ཛཿ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ བྷོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ལ༔ མཐུན་པའི་རྫས་ཀྱིས་བསྐང་བ་ནི༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ བདུད་རྩི་སྨན་གྱི་མཆོད་པ་དང་༔ རཀྟ་དམར་གྱི་ཨརྒྱུ་དང་༔ ཞུན་ཆེན་མར་མེ་གསུར་དུད་དང་༔ ཞལ་ཟས་ཚོགས་ཀྱི་མཆོད་པ་ཡིས༔ སྨུག་ནག་འཁོར་བཅས་ཐུགས་དམ་བསྐང་༔ དཔལ་ལྡན་ཨེ་ཀ་ཙ་ཏི་མ༔ མ་དང་སྲིང་མོའི་ཚོགས་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོ་དང་༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཐུགས་དམ་གཉེན་པོ་བསྐང་ཕྱིར་འབུལ༔ སྔགས་སྲུང་འཁོར་བཅས་མཉེས་གྱུར་ཅིག༔ ཨོ་ཨེ་ཀ་ཙ་ཏི་བྷོ་ཛཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཨརྒྷཾ༴ ཧཱུྃ༔


CMR014_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་གཙོ་མོ་ཨེ་ཀ་ཙ་ཏི་མ༔ བསྐལ་པ་ཞིང་གི་རྡུལ་རྙེད་འཁོར་དང་བཅསཿ རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོགས༔ ཡེ་ཤེས་ལས་ཀྱི་གཙོ་མོ་ཁྱོད་ལ་བསྟོད༔ སྨུག་ནག་ཁྲོས་མ་ཞལ་གཅིག་ཕྱག་གཉིས་མ༔ རལ་པ་གཅིག་འཕྱང་མིག་གཅིག་སྟོང་ཁམས་གཟིགསཿ ཚེམས་གཅིག་ནུ་གཅིག་ཞིང་དབྱུག་སྙིང་ཞགས་འཛིན༔ བསྟན་པ་སྲུང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ ནམ་མཁའི་དབྱིངས་ནས་སྲིད་པའི་རྒྱལ་མོ་ནི༔ ནག་མོ་ཁྲག་རལ་དུར་ཁྲོད་ཆས་ཀྱིས་བརྒྱནེ༔ དབུ་གསུམ་སྤྱན་དགུ་སྲིད་གསུམ་བྱ་ར་མཛད༔ ཞལ་གདངས་མཆེ་གཙིག་ཁམས་གསུམ་སྐྱེ་འཆི་གཅོད༔ ཞབས་གཉིས་བརྐྱང་བསྐུམ་ཁྲག་མཚོའི་དཀྱིལ་ནས་བཞེངས༔ གཡས་ཀྱི་ཕྱག་དྲུག་མཆོག་ཆེན་ཕུར་པ་དྲུག༔ གཡོན་དྲུག་སེང་ལྡེང་ཕུར་པ་དྲུག་འདྲིལ་བ༔ དགྲ་བགེགས་དབང་པོ་ཡན་ལག་འཇོམས་པར་བྱེད༔ ཀུན་ཏུ་བཟང་མོའི་སྤྲུལ་པ་ཁྱོད་ལ་བསྟོད་སྨུག་ནག་སྐུ་ནི་ནམ་མཁའི་ཁམས་དང་མཉམ༔ ཁྲོ་གཉེར་ཞལ་ལ་སྤྱན་གཅིག་མཆེ་གཅིག་གཙིགས༔ ཐོར་ཚུགས་རལ་པའི་ཟར་བུ་གཡོན་དུ་འཁྱིལ༔ ཕྱག་གཉིས་ཁཊ་ཐོད་པ་


CMR014_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་བཀང་བསྣམས༔ སྐུ་སྤྲུལ་རལ་གཅིག་མ་ལ་ཕྱག་འཚལ་བསྟོད༔ གཡུ་ཡི་རལ་གཅིག་གཤོག་གཅིག་རྐང་གཅིག་མ༔ ཕྱག་གཉིས་ཙིཏྟ་དང་ནི་ནད་རྐྱལ་བསྣམས༔ ཞབས་ནི་རྒྱ་མཚོ་ཆེན་པོའི་དབའི་ལ་བཞེངས༔ སྐུ་ལ་ན་བཟའ་སྨུག་ནག་འབར་བ་གསོལ༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་མོ་སྟེ༔ གསུང་སྤྲུལ་ནག་མོ་རག་གདོང་མ་ལ་བསྟོད༔ མིག་མེད་དགྲ་བོའི་མིག་ནི་ལོང་བར་བྱེད༔ རྣ་མེད་དགྲ་བོའི་རྣ་བ་འོན་པར་བྱེད༔ སྣ་མེད་དགྲ་བོའི་སྣ་ནི་འཚུབ་པར་བྱེད༔ ཁ་མེད་དགྲ་བོའི་ཁ་ནི་ལྐུགས་པར་བྱེད༔ སོ་མེད་དགྲ་བོ་ཐམས་ཅད་ཇུར་མིད་བྱེད༔ ལྕེ་མེད་དགྲ་བོའི་ལྕེ་ནི་དིག་པར་བྱེད༔ ལག་མེད་དགྲ་བོའི་ཡན་ལག་ཞ་བར་བྱེད༔ རྐང་མེད་དགྲ་བོའི་རྐང་པ་ཟློག་ཏུ་བཅུག༔ སྙིང་མེད་དགྲ་བོའི་ཙིཏྟ་རོལ་པར་བྱེད༔ ཐུགས་སྤྲུལ་ནག་མོ་མགྱོགས་བྱེད་མ་ལ་བསྟོད༔ ཐུགས་ཀྱི་དགྱེས་སྡེ་བློན་མོ་བཞི་ལ་སོགས་སྲིད་པའི་མ་མོ་བདུན་འབུམ་བཅས་ལ་བསྟོད༔ སྔགས་སྲུང་འཁོར་བཅས་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་རྟ་མགྲིན་པད་འབྱུང་བཀའ་བསྒོས་བཞིན༔ ཐུགས་རྗེ་ཆེན་པོའི་མྱང་གྲོལ་རྫ་ས་སྒྲུབ་ལ༔ བར་དུ་གཅོད་པའི་དགྲ་


CMR014_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རྡུལ་དུ་རློགས༔ བདག་ཅག་ཡོན་མཆོད་བསྲུང་བྱ་ཐམས་ཅད་ལ༔ རིམས་ནད་དུས་མིན་འཆི་སོགས་བར་ཆད་སོལ༔ ཐུགས་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ འགྲོ་ཀུན་བྱང་ཆུབ་ཐོབ་པའི་ཕྲིན་ལས་འདི༔ མ་གཡེལ་འགྲུབ་པར་མཛོད་ཅིག་ཐུགས་དམ་ཅན༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གསོལ་ཁ་ནི༔ བྷོ༔ ཀུན་ཏུ་བཟང་མོའི་སྤྲུལ་པ་སྔགས་སྲུང་མ༔ ཁྲོས་པའི་རྒྱལ་མོ་སྨུག་ནག་དབྱིངས་ཕྱུག་མ༔ ཁྱོད་ཀྱིས་ཐུགས་རྗེ་ཆེན་པོའི་དབང་བསྐུར་ཞིང་༔ ལུང་བསྟན་བྱིན་གྱིས་བརླབས་པ་ལ་བརྟེན་ནས༔ མི་ཏྲ་ཛོ་ཀིས་མཆོག་གི་དངོས་གྲུབ་ཐོབ༔ དེ་ཕྱིར་ཐུགས་རྗེ་ཆེན་མོའི་རིག་འཛིན་མ༔ ཡེ་ཤེས་མཁའ་འགྲོ་ཨེ་ཀ་ཙ་ཏི་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གསང་བ་འདུས་པའི་རྒྱུད་དང་སྐྱེ་བདུན་རྫ་སཿ ཁྱོད་ལ་གཉེར་དུ་གཏད་ནས་སྲུང་མར་བསྐོས༔ གཏེར་སྟོན་ཆེན་པོ་རཏྣ་གླིང་པ་ལ༔ ཁྱོད་ཀྱིས་ཡང་ཡང་ཞལ་བསྟན་ལུང་བསྟན་ནས༔ སྐྱེ་བདུན་བསྒྲུབ་པའི་འགྲོ་དོན་ཐོག་མར་དརཿ མེ་ཏོག་ཆར་གྱིས་འགྲོ་བའི་ཐེ་


CMR014_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བཅད༔ དེ་ཕྱིར་མྱང་གྲོལ་བསྒྲུབས་པའི་བཀའ་སྲུང་སྟེ༔ ལས་ཀྱི་མཁའ་འགྲོ་སྔགས་ཀྱི་སྲུང་མ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག༔ ཁྱོད་ནི་ཕ་མ་མེད་པའི་སྔོན་ནས་བྱུང་༔ སངས་རྒྱས་རྣམས་ལས་ཤིན་ཏུ་སྔ་བ་སྟེ༔ མགོན་པོ་ལྕམ་དྲལ་དྲེགས་བྱེད་ཀུན་གྱི་མ༔ ཡེ་ཤེས་ལས་དང་འཇིག་རྟེན་མ་མོའི་ཚོགས༔ ཁྱོད་ཉིད་མཆོད་ཅིང་མངོན་པར་ཕྱག་བྱས་ཤིང་༔ ནག་པོ་ཆེན་པོ་ལ་སོགས་འཇིག་རྟེན་གྱི༔ དྲེགས་བྱེད་ཀུན་གྱིས་མཆོད་ཅིང་མངོན་པར་བསྟོད༔ དེ་བས་སྲིད་པའི་རྒྱལ་མོ་ཞེས་སུ་གྲགས༔ སྲིད་པའི་མ་མོ་ཨེ་ཀ་ཙཱ་ཏི་མ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག༔ ནམ་མཁའི་ཀློང་ནས་བར་སྣང་མཁའ་ལ་རྒྱུ༔ ས་གཞིའི་སྟེང་བཞུགས་ལུང་པར་དྲོད་འབེབས་མ༔ རླུང་འཚུབ་ནང་བཞུགས་རྣལ་འབྱོར་དྲོད་ཚད་ཉུལ༔ རྒྱ་མཚོའི་སྟེང་བཞུགས་ཆུ་བོའི་མདོག་འབྱིན་མ༔ རི་བོའི་རྩེར་བཞུགས་འབྲས་དྲུག་སྨིན་བྱེད་མ༔ དེ་ལྟར་གནས་ལ་ངེས་པ་མ་མཆིས་ཀྱང་༔ གཏན་གྱི་བཞུགས་གནས་དུར་ཁྲོད་སོ་ས་གླིང་༔ དུར་ཁྲོད་མཁའ་འགྲོ་ཨེ་ཀ་ཙཱ་ཏི་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག༔ ཕྱི་ལྟར་


CMR014_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྲུང་ཨེ་ཀ་ཙཱ་ཏི་སྟེ༔ ནང་ལྟར་དཔལ་ལྡན་ལྷ་མོ་རེ་མ་ཏི༔ གསང་ལྟར་ཤན་པ་སྲོག་སྒྲུབ་ནག་མོ་ཞེས༔ ཡང་གསང་བཅོམ་ལྡན་ཀུན་ཏུ་བཟང་མོ་ཉིད༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ བོད་སྐྱོང་མཁའ་འགྲོ་ལྷན་ཅིག་སྐྱེས་མ་སྟེ༔ ཞི་བའི་ལས་མཛད་དཀར་མོ་འོད་ལྡན་མ༔ དྲག་མོར་བཞེངས་ཚེ་དམག་ཟོར་རྒྱལ་མོར་གྲགས༔ བརྟན་མ་དམག་གི་རྒྱལ་མོ་ཆེན་པོ་སྟེ༔ རལ་གཅིག་རྡོ་རྗེ་གཡུ་ཡི་སྒྲོན་མ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག༔ ཆོས་ཉིད་འགྱུར་མེད་སྐུ་མདོག་མཐིང་ནག་འབར༔ ཁམས་གསུམ་དབང་སྡུད་རལ་པ་གཅིག་ཏུ་འཁྱིལ༔ སྲིད་གསུམ་རྩད་གཅོད་ཕྱག་གཡས་རྩེ་གསུམ་བསྣམསཿ ཚེ་དབང་དངོས་གྲུབ་སྟེར་ཕྱིར་ཐོད་ཁྲག་གཡོན༔ འགྲོ་དྲུག་སྐྱེ་ཤི་གཅོད་ཕྱིར་ཙིཏྟ་གཡས༔ དགྲ་བགེགས་མྱུར་སྒྲོལ་གཡོན་འོག་ལྕགས་སྤྱང་འགྱེད༔ ཐབས་ཤེས་གཉིས་མེད་ཞབས་གཉིས་འདོར་ཐབས་བཞུགསཿ སྟོང་ཁམས་དགྲ་འདུལ་སྤྱང་མོ་དགུ་འབུམ་འཕྲོ༔ དབྱིངས་ཀྱི་ཡུམ་ཆེན་ཨེ་ཀ་ཙཱ་ཏི་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག༔ རྡོ་རྗེ་ཕག་མོའི་


CMR014_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ལས་བྱེད་མ༔ ཙཱ་རི་ཏྲ་ཡི་བཀའ་སྲུང་བྱ་ར་མཁནེ༔ དམར་ནག་གཅེར་བུ་ཞལ་དགུ་ཕྱག་བརྒྱད་མ་སྲིད་གསུམ་ཟ་བྱེད་ཤ་ཟ་ཁ་མོ་ཆེ༔ རབ་ཁྲོས་ཁྲག་ཞག་དུར་ཁྲོད་རྒྱན་ཆ་ཅན༔ ལྕགས་སྤྱང་མགོ་དགུ་ཆིབས་ནས་སྟོང་གསུམ་ཉུལ༔ གྲི་གུག་རལ་གྲི་དགྲ་སྟ་ཌ་རུ་གཡས༔ ཐོད་ཁྲག་ཞགས་པ་རྩེ་གསུམ་ལྕགས་ཀྱུ་གཡོན༔ རྟ་ནག་དྲེགས་པ་གསང་བའི་ཡབ་དང་རོལ༔ རལ་གཅིག་གཡུ་ཡི་སྒྲོན་མ་ཞེས་སུ་གྲགས༔ ཤ་ཟ་མཁའ་འགྲོ་ཨེ་ཀ་ཙཱ་ཏི་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག༔ འཁོར་ནི་སྲིན་མོ་ནག་མོ་རོ་ཤལ་ཅན༔ མོན་མོ་དུང་གི་རྣ་ཆ་ཅན་མ་དང་༔ ་དཔལ་ལྡན་ལྷ་མོ་ནག་མོ་སྐུ་གཅིག་མ༔ བལ་མོ་ནག་མོ་ཀུན་རྒྱུག་མ་ལ་སོགས༔ དབང་མོ་ཆེ་བཞི་བདུད་གིང་གནོད་སྦྱིན་ཀླུ་སྨན་མོ་བཞིས་ནི་ཕཊ་དང་ཕོ་སྒྲ་སྒྲོགས༔ མ་མོ་འབུམ་ནི་བློ་ཡི་རྒྱང་གླུ་ལེན༔ ཤ་ཟ་ལས་བྱེད་ཕྲ་མེན་བརྒྱད་རྣམས་ནི༔ བྱ་ནག་འབུམ་སྡེར་སྤྲུལ་ནས་སྔོན་ལ་འགྲོ༔ གསོད་བྱེད་ལས་ཀྱི་མ་མོ་སྟོང་སྡེ་ནི༔ ཁྱི་སྤྱང་གཅན་གཟན་འབུམ་སྤྲུལ་རོལ་དུ་འབྲང་༔ དུར་ཁྲོད་འདྲེ་མོ་བུད་མེད་ནག་མོ་འབུམ༔ ཕྱི་ནས་འབྱུང་ཞིང་དམོད་མོ་


CMR014_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གཞི་རྡེབ༔ ཕོ་ཉ་ཡང་སྤྲུལ་ལས་མཁན་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག༔ སྔགས་སྲུང་མཁའ་འགྲོ་ཨེ་ཀ་ཙཱ་ཏི་མ༔ དགྱེས་པའི་ཞལ་བཟང་བདག་ལ་བསྟན་དུ་གསོལ༔ མྱང་གྲོལ་སྒྲུབ་པའི་རྟགས་མཚན་མྱུར་དུ་ཕྱུངསཿ འདོད་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་མཛོད༔ དཔལ་དང་མངའ་ཐང་གཟི་མདངས་བསྐྱེད་དུ་གསོལ༔ ཚེ་དང་བསོད་ནམས་འབྱོར་པ་ལོངས་སྤྱོད་སྤེལ༔ འཁོད་དང་བསྟན་པ་སྦྱིན་བདག་སྲུང་སྐྱོབ་མཛོད༔ ཆག་ཆེན་ཉམ་ང་སྒྲུབ་པའི་བར་ཆད་ཟློག༔ སྡང་བའི་དགྲ་སོད་གནོད་པའི་བགེགས་རྣམས་ཐུལ༔ མདུན་གྱི་འཁར་བ་རྒྱབ་ཀྱི་བརྟེན་མ་གྱིས༔ ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད༔ ནད་དང་གནོད་པ་འཇིགས་པ་ཀུན་ལས་སྐྱོབས༔ རྐྱེན་ངན་བར་དུ་གཅོད་པ་ཐམས་ཅད་སོལ༔ སྙན་པ་སྒྲུབས་ལ་གྲགས་པ་ཕྱོགས་བཅུར་སྒྲོགས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ མི་ལ་ན་ཚ་ཤི་ཆད་མ་བཏང་ཞིག༔ ཕྱུགས་ལ་གོད་ཁ་དགྲ་ཇག་མ་བཏང་ཞིག༔ དཀོར་རྫས་ཀ་ཅ་གཏོར་བརླག་མ་བཏང་ཞིག༔ བསམ་པའི་དོན་ལ་བར་ཆད་མ་


CMR014_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ཞིག༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་ཡི་ཕྲིན་ལས་སྡོང་གྲོགས་མ་གཡེལ་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཏྲག་རཀཱ་ཨེ་ཀ་ཙཱ་ཏི་ཨི་དཾ་བ་ལིཾ་ཏ་པཱ་ཙ་ཧོ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྐང་བ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ཡམས་ནད་རིམས་ནད་འགོ་བའི་ནད་རྣམས་ནི༔ མ་མོ་མིག་གཅིག་ཁྱོད་ཀྱི་མིག་ནས་བྱུང་༔ དེ་ཕྱིར་ནད་དང་རིམས་ཀྱི་བདག་མོར་གྲགསཿ བསྐལ་པ་རྩོད་ལྡན་ལྔ་བརྒྱའི་ཐ་མ་ལ༔ སྐྱེ་བོ་ཁྲེལ་མེད་བཙུན་པ་སྡོམ་ཁྲིམས་མེད༔ སྔགས་པ་དམ་མེད་ལོག་སྤྱོད་སྣ་ཚོགས་དརཿ དེ་ཚེ་སྲིད་པའི་མ་མོ་ཁྱོད་ཁྲོས་ནས༔ རྒྱ་མཚོའི་ཀློང་ནས་ནམ་མཁའི་དབྱིངས་སུ་བཞེངས༔ བར་སྣང་ཁམས་སུ་དམོད་པའི་ཐལ་མོ་རྡེབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་ཡི༔ བུད་མེད་དཀར་སེར་དམར་ལྗང་ནག་མོའི་ཚོགས༔ སྟོང་གསུམ་གང་ཞིང་ཁ་རླངས་ནད་སྤྲིན་འཁྲིགས༔ མི་ནད་ཕྱུགས་ནད་ཡམས་ནད་དུས་འཁྲུགས་སློང་༔ ཁྲོས་ཤིང་འཁྲུགས་པའི་མ་མོ་བསྐང་ཞིང་བཅོསཿ ཚོགས་དང་གཏོར་མ་དམ་རྫས་ཨ་མྲྀ་ཏ༔ རཀྟ་སུ་རཱ་ཞུན་མར་མདངས་དང་


CMR014_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན༔ བྱ་ནག་ལུག་ནག་རྔ་དུང་རོལ་མོའི་སྒྲ༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་ལྟ་དགོངས་ཀྱིས་འཁྲུགས་པའི་མ་མོ་རྣམས་ཀྱི་ཐུགས་དམ་བསྐང་༔ སྔགས་སྲུང་ཨེ་ཀ་ཙཱ་ཏིའི་ཐུགས་དམ་བསྐང་༔ སྲིད་པའི་རྒྱལ་མོ་ཆེན་མོའི་ཐུགས་དམ་བསྐང་༔ ནག་མོ་རག་གདོང་མ་ཡི་ཐུགས་དམ་བསྐང་༔ ནག་མོ་མགྱོགས་བྱེད་མ་ཡི་ཐུགས་དམ་བསྐང་༔ དཔལ་ལྡན་རེ་མ་ཏི་ཡི་ཐུགས་དམ་བསྐང་༔ ཤན་པ་སྲོག་སྒྲུབ་ནག་མོའི་ཐུགས་དམ་བསྐང་༔ སྔགས་སྲུང་ཁྲོས་མ་ནག་མོའི་ཐུགས་དམ་བསྐང་༔ ཡང་གསང་ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་༔ བོད་སྐྱོང་ལྷན་ཅིག་སྐྱེས་མའི་ཐུགས་དམ་བསྐང་༔ ཞི་མཛད་དཀར་མོ་འོད་ལྡན་ཐུགས་དམ་བསྐང་༔ དྲག་མོ་དམག་ཟོར་མ་ཡི་ཐུགས་དམ་བསྐང་༔ བརྟན་མ་དམག་གི་རྒྱལ་མོའི་ཐུགས་དམ་བསྐང་༔ རལ་གཅིག་གཡུ་ཡི་སྒྲོན་མའི་ཐུགས་དམ་བསྐང་༔ དབྱིངས་ཕྱུག་ཨེ་ཀ་ཙཱ་ཏིའི་ཐུགས་དམ་བསྐང་༔ ཌཱ་ཀི་ཟ་བྱེད་གདོང་གི་ཐུགས་དམ་བསྐང་༔ བཀའ་འཁོར་མ་མོ་རྣམས་ཀྱི་ཐུགས་དམ་བསྐང་༔ སྲིན་མོ་རོ་ཤལ་ཅན་གྱི་ཐུགས་དམ་བསྐང་༔ མོན་མོ་དུང་རྣ་ཅན་གྱི་ཐུགས་དམ་བསྐང་༔ ལྷ་


CMR014_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྐུ་གཅིག་མ་ཡི་ཐུགས་དམ་བསྐང་༔ བལ་མོ་ཀུན་རྒྱུག་མ་ཡི་ཐུགས་དམ་བསྐང་༔ དབང་མོ་ཆེན་མོ་བཞི་ཡི་ཐུགས་དམ་བསྐང་༔ བདུད་དང་གིང་གི་འཁོར་ཚོགས་ཐུགས་དམ་བསྐང་༔ ཀླུ་དང་གནོད་སྦྱིན་འཁོར་ཚོགས་ཐུགས་དམ་བསྐང་༔ བཀའ་སྡོད་བློན་མོ་བཞི་ཡི་ཐུགས་དམ་བསྐང་༔ སྲིད་པའི་མ་མོ་བདུན་འབུམ་ཐུགས་དམ་བསྐང་༔ ཤ་ཟ་ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང་༔ ལས་ཀྱི་མ་མོ་སྟོང་ཕྲག་ཐུགས་དམ་བསྐང་༔ དུར་ཁྲོད་དམན་མོ་འབུམ་སྡེའི་ཐུགས་དམ་བསྐང་༔ སྲིད་པའི་མ་མོའི་ཐུགས་དམ་བསྐངས་གྱུར་ནས༔ རིམས་ནད་ཡམས་ནད་ཐམས་ཅད་བཟློག་ཏུ་གསོལ༔ ཕྱུགས་ནད་གོད་ཁ་ཐམས་ཅད་བཟློག་ཏུ་གསོལཿ གློ་བུར་ཡེ་འདྲོགས་ཐམས་ཅད་བཟློག་ཏུ་གསོལ༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག་ཏུ་གསོལ༔ འཐབ་རྩོད་འཁྲུག་ལོང་ཐམས་ཅད་བཟློག་ཏུ་གསོལ༔ རྨིས་ལྟས་མཚན་ངན་ཐམས་ཅད་བཟློག་ཏུ་གསོལ༔ མོ་ངན་ལྟས་ངན་ཐམས་ཅད་བཟློག་ཏུ་གསོལ༔ ཀག་དང་སྲི་ལངས་ཐམས་ཅད་བཟློག་ཏུ་གསོལ༔ བྱད་ཀ་དྲོད་གཏོང་རྦད་འདྲེ་བཟློག་ཏུ་གསོལ༔ ཆག་ཆེན་ཉམ་ང་ཐམས་ཅད་བཟློག་ཏུ་གསོལ༔ དུས་


CMR014_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མིན་འཆི་བ་ཐམས་ཅད་བཟློག་ཏུ་གསོལ༔ བསྒྲུབ་པའི་བར་ཆད་ཐམས་ཅད་བཟློག་ཏུ་གསོལཿ སྲིད་པའི་དབང་ཆེན་མ་ཚོགས་མཐུ་མ་ཆུང་༔ གདུག་པའི་སྲོག་གཅོད་མ་མོ་རྩལ་མ་ཞན༔ དགྲ་བགེགས་ཙིཏྟ་ཕྱུང་ལ་ཞལ་དུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བདག་ཅག་དཔོན་སློབ་བསྲུང་བྱ་འཁོར་བཅས་ཀྱིསཿ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ འགལ་འཁྲུལ་ཉམས་ཆག་སྡིག་ལྟུང་ཅི་བསགས་པ༔ མ་མོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས༔ བྱང་ཞིང་དག་ནས་ཉམས་ཆག་སོར་ཆུད་དེ༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོ་ས་མ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ ཏྲཀ་རཀྵ་ཁ་མུན་ཨེ་ཀ་ཛ་ཊི་སྙིང་ཁ་རག་མོ་བྷོཛཿ ཨོཾ་བཛྲ་སཏ་སོགས། ཡིག་བརྒྱ་ནས་སཏྭ་ཨཱཿ ཞེས་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་སྒྲུབ་ཆེན་ལ་ཉེ་བར་མཁོ་ཕྱིར་སྔགས་འཆང་ཨ་རཱ་གས་སྦྱར་བ་ལས། ཉེས་པ་གང་མཆིས་བཤགས་ཤིང་དགེ་བས་ཐུགས་རྗེ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག། སརྦ་མངྒ་ལཾ།། །།


CMR014_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་གཙོ་མོ་དཔལ་ལྡན་སྔགས་ཀྱི་སྲུང་མའི་གསོལ་མཆོད།next