Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བསྟན་སྲུང་སྐྱེས་བུ་ལུང་བཙན་ལྕམ་སྲིང་གི་གཏོར་ཆོག་གསོལ་ཁ་གུད་དུ་བཀོལ་བ།
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བསྟན་སྲུང་སྐྱེས་བུ་ལུང་བཙན་ལྕམ་སྲིང་གི་གཏོར་ཆོག་གསོལ་ཁ་གུད་དུ་བཀོལ་བ།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བསྟན་སྲུང་སྐྱེས་བུ་ལུང་བཙན་ལྕམ་སྲིང་གི་གཏོར་ཆོག་གསོལ་ཁ་གུད་དུ་བཀོལ་བ།


CMR014_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བསྟན་སྲུང་སྐྱེས་བུ་ལུང་བཙན་ལྕམ་སྲིང་གི་གཏོར་ཆོག་གསོལ་ཁ་གུད་དུ་བཀོལ་བ་བཞུགས་སོ།།


CMR014_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་བུ་ཟུར་གསུམ་ཆེ་བ་གཅིག་ལ། གཡས་སུ་འབྲང་རྒྱས༔ གཡོན་དུ་སྨན་ལེབ། མདུན་དུ་མཁར་ཐབས། ཆང་ཕུད་ར་ཁྲག་མེ་ཏོག་སྣ་ཚོགས་བཤམ། ཨོཾ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཡིད་དང་མཐུན་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། ཨ་ཀཱ་རོ་སོགསཾ་ཀྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཙན་རྒྱལ་སྐྱེས་བུ་ལུང་བཙན་ལྕམ་སྲིང་སྐད་ཅིག་ལ་སྤྱན་དྲངས། ཀྱཻ༔ བཙན་རྒྱལ་ཆེན་པོ་དྲག་རྩལ་ཅན༔ ཁྱོད་ཀྱི་ཕོ་བྲང་མཚན་གསོལ་བ༔ དང་པོ་


CMR014_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རུ་བྲག་དམར་ཡིན༔ ཡུལ་གླིང་རེ་ན་ཕོ་བྲང་རེ༔ སྟོད་ཀྱི་བཙན་ཡུལ་ཡ་ཀི་ན༔ ཡ་ཀི་སྒོ་མོ་བྲག་དམར་ན༔ བྲག་དམར་གནམ་དུ་ཟངས་སེ་ཟང་༔ གཡུ་མཚེ་སྨུག་ནག་ཀྱི་ལི་ལི༔ སྨན་མཚོ་འོད་དུ་ལམས་སེ་ལམ༔ དེ་ལ་ན་བུན་ཐུ་ལུ་ལུ༔ སྟེང་ན་བྱ་རྒྱལ་ལིངས་སེ་ལིང་༔ ལོགས་ན་ཤ་རྐྱང་ཁྲལ་མ་ཁྲོལ༔ ཟུར་ན་ཁུ་འཕང་ཤ་ར་ར༔ བཙན་བྱའི་གསུང་སྙན་ལྷངས་སེ་ལྷང་༔ མདུན་གྱི་སྤང་ཐོག་བདེ་མོ་ན༔ མཛེས་པའི་མེ་ཏོག་ཁྲ་ལྟེམ་མེ༔ དེ་འདྲའི་གནས་མཆོག་ཡ་མཚན་ཅན༔ བཙན་རྒྱལ་སྐྱེས་བུ་ལུང་བཙན་ཁྱོད༔ སྙིང་གཏད་


CMR014_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་བདག་གིས་འབོད༔ ཆུམ་ཆུམ་དེ་ནི་གནས་འདིར་ཆུམ༔ འདུར་འདུར་མདུར་གྱིས་གནས་འདིར་བྱོན༔ འཁོར་བཅས་ཐམས་ཅད་རྟེན་ལ་བྱོན༔ རིན་ཆེན་མཛེས་པའི་བཙན་མཁར་ན༔ འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ སྐྱེས་བུ་ལུང་བཙན་དེ་ན་བཞུགས༔ དམ་ཚིག་གཅིག་པའི་མནའ་ཐོ་བཅད༔ ཤག་རོག་གྲོགས་ལ་མནའ་མ་ཟ༔ བུ་ཡི་སྤུན་ལ་དུག་མ་བླུད༔ ཕུད་དང་བཤོས་དང་མཆོད་གཏོར་བཞེས༔ ཨོ་བྱི་ཤུ་ཙ་ན་ས་མ་ཡ༔ ཁྲག་ཏ་ཀུ་ཤུ་ར་ཙ་ན༔ ཧཱ་ཧཱ་ན་རུ་ཙ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨ་མྲྀ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཀྱེ༔ ཇོ་བོ་བཙན་གྱི་རྒྱལ་པོ་ནི༔ བཙན་རྒོད་སྐྱེས་བུ་ལུང་བཙན་ནི༔ ཞལ་མདོག་དཀར་དམར་མཛེས་པ་ལ༔ གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུག༔ དུང་སོ་དཀར་པོ་མཁྲེགས་པ་ལ༔ འཛུམ་པའི་ཞལ་མདངས་ཡ་ལ་ལ༔ སྐུ་ལ་དར་དམར་མཛེས་པ་གསོལཿ གསེར་སྐྱེད་རིན་ཆེན་སྐེད་ལ་བཅིངསཿ དབུ་ལ་དར་ཐོད་དམར་པོ་བཅིང་༔ ཐང་དཀར་རྒོད་ཕོད་ལྡེམས་སེ་ལྡེམ༔ དར་ཚོན་སྣ་ལྔ་ཕྱ་ར་ར༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན༔ བསེ་ཡི་གྲི་དམར་སྐེད་ལ་བཅུག༔ མདུང་


CMR014_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དར་དམར་པོ་གནམ་དུ་ཕྱར༔ བསེ་ཡི་གཞུ་མདུང་ཕྲག་ལ་བཀལ༔ གཡུ་ཡི་མདའ་བཀྲ་ཕྱག་ན་བཟུང་༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ སེང་ལྡེང་སྒ་གཏད་ཝངས་སེ་ཝང་༔ ཕྲ་མེན་ཡོབ་ཆེན་སི་ལི་ལི༔ གསེར་སྲབ་གཡུ་མཐུར་སྤྲིངས་སེ་སྤྲིང་༔ མུ་མན་གོང་སྨད་ཁྱུགས་སེ་ཁྱུག༔ དེ་འདྲའི་བཙན་འཁོར་མང་པོ་ཡང་བཙན་རྟ་རྒྱུག་དང་སྤྲིངས་སེ་སྤྲིང་༔ བཤེར་སྒྲ་སིལ་ཆོམ་དི་རི་རི༔ ཀུ་དང་བསོ་སྒྲ་ལྷངས་སེ་ལྷང་༔ བཙན་རྒྱལ་འཁོར་དང་བཅས་ལ་བསྟོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སློབ་དཔོན་པདྨའི་བཀའ་བཞིན་དུ༔ ཐུགས་རྗེ་ཆེན་པོའི་བསྟན་པ་སྲུངས༔ བསྒྲུབ་ལ་བར་ཆད་མེད་པ་དང་༔ མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་དང་༔ རིགས་དང་བརྒྱུད་པར་བཅས་རྣམས་ལ༔ འཁོར་དང་བདེ་ལེགས་རྒྱས་པ་དང་༔ བཀྲ་ཤིས་ཐམས་ཅད་འབྱུང་བ་དང་༔ མི་ནོར་བཙན་ཕྱུག་འཛོམ་པ་དང་༔ སྙན་གྲགས་ས་སྟེང་ཁྱབ་པ་དང་༔ ཕོ་རྣམས་བཙན་རྒོད་ལྟར་དྲག་ཅིང་༔ མོ་རྣམས་སྨན་ལྟར་འབྱོར་པ་དང་༔ གཞི་བྱེས་ལམ་གསུམ་མགོ་ཐོན་པའི༔


CMR014_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་དང་མངོན་སྐྱབས་ཆེན་པོ་མཛོད༔ རྟག་ཏུ་ལུས་དང་གྲིབ་བཞིན་འགྲོགས༔ ལྷང་ལྷང་སྙིང་གཏམ་རྣ་བར་སྨོས༔ ཙེར་ཙེར་སྤྱི་དང་ལེགས་ཉེས་སྟོན༔ སྣང་སྲིད་ཐམས་ཅད་ས་ལེར་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱེ༔ མ་ཀི་སྨན་ལུང་སྨན་ར་ན༔ ཁྲ་ཚང་རིན་ཆེན་འབྲུག་གཤོང་ན༔ རིན་ཆེན་མཛེས་པའི་སྨན་ལུང་ན༔ གཡུ་མཚོ་སྔོན་མོའི་ཕོ་བྲང་ནས༔ ལྕམ་སྲིང་རྡོ་རྗེ་གཡུ་སྒྲོན་མ༔ མིང་པོའི་གྲོགས་དང་རྟེན་ལ་བྱོན༔ ལྷང་ལྷང་ཙེར་ཙེར་འབོད་ཀྱིས་བྱོན༔ མ་ཐོགས་མྱུར་དུ་གནས་འདིར་བྱོན༔ རིན་ཆེན་མཛེས་པའི་ཤེལ་གུར་ན༔ འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ ལྕམ་གཅིག་ཆེན་མོ་དེ་ན་བཞུགས༔ མཐུན་པའི་མཆོད་གཏོར་འབུལ་གྱིས་བཞེསཿ མ་མ་འུར་འུར་སྨན་སིལ་སིལ༔ རུ་རུ་ཏིང་ལཾ༔ ཏིང་མ་མ་ཛཛཿ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ པུཥཱ་པཱུ་ཛ་ཧོ༔ ཀྱེ༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ སྐུ་ལུས་མཛེས་པའི་དྲང་ལྡེམ་མ༔ དར་དཀར་གཡུ་ཡི་ཐིག་ཕྲན་ཅན༔ རིན་ཆེན་རྒྱན་མཛེས་པུ་རུ་རུ༔ དབུ་ལ་གཡུ་ཡི་ཐོད་བཅིངས་ནས༔ རྒོད་ཕོད་དར་སྣ་ཕྱ་ར་


CMR014_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རཿ ཞལ་ནི་སེར་མོ་ཁྲོ་འཛུམ་ལ༔ དུང་སོ་དཀར་པོ་ཁྲིགས་སེ་ཁྲིག༔ གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུག༔ གསེར་གཡུ་རིན་ཆེན་སི་ལི་ལི༔ ཕྱག་ན་དངུལ་དཀར་མེ་ལོང་ཐོགསཿ རྒྱང་གླུ་ལེན་ཅིང་མེ་ཏོག་ཐུ༔ སྨན་ཕྲན་མང་པོའི་འཁོར་གྱིས་བསྐོརཿ མཛེས་པའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ སྨན་གྱི་ཤོན་སྐོར་སྒོ་རོ་རོ༔ མཛེས་པའི་གར་སྟབས་ལིངས་སེ་ལིང་༔ སྙན་པའི་ཀླུ་ལེན་ཀྱུ་རུ་རུ༔ གཡུ་སྒྲོན་འཁོར་དང་བཅས་ལ་བསྟོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སློབ་དཔོན་པདྨའི་བཀའ་བཞིན་དུ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ གསལ་བྱེད་པྲ་ཡི་སྒོ་ཕྱེས་ལ༔ ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ༔ མོ་བདག་ཆེན་མོས་མོ་སྟོན་ཅིག༔ པྲ་བདག་ཆེན་མོས་པྲ་སྟོན་ཅིག༔ ཐུགས་རྗེ་ཆེན་པོ་བསྒྲུབ་པ་ལ༔ བར་དུ་གཅོད་པ་ཐམས་ཅད་སོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་རྣལ་འབྱོར་དམ་ཚིག་ཅན་ནམ་སྐྱེས་པ་གཙང་མ་སྐད་བདེ་བས་བསྒྲུབས་ན༔ འཁོར་ལེགས་པ་དང་བཀྲ་ཤིས་པ་ཐམས་ཅད་འབྱུང་༔ ཁྱད་པར་དུ་པྲ་དང་རྣོ་མཐོང་དང་ལྷ་ཁ་འབབ་པ་རྣམས་ཤིན་ཏུ་གསལ་བར་འོང་༔ གྲོགས་དང་མགོན་སྐྱབས་ཆེ༔ མི་ནོར་བཙན་ཞིང་ཕྱུག་པ་འོང་༔ ཕོ་


CMR014_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བཙན་རྒོད་ལྟར་དྲག༔ མོ་སྐྱེས་ཐམས་ཅད་སྨན་ལྟར་འཕྱོར༔ སྙན་གྲགས་ལས་ཅི་བྱས་མགོ་ཐོན་པར་འོང་ངོ་༔ ཞེས་གསུངས་སོ༔ གཏེར་གཞུང་རྒྱུད་ཚིག་འཁྲུགས་ཆེ་བར་འདུག་པས༔ ཐུགས་རྗེ་ཆེན་པོ་བསྒྲུབ་དུས་བཀའ་སྲུང་གི་གྲ་རེད་པས་གཏོར་མ་འབུལ་བའི་ཆེད་དུ་ཨ་རཱ་གས་འཁྲུགས་བསྡེབས་བསལ་ཏེ་བྲིས་པ༔ ཉེས་འགལ་མཆིས་ན་ལུང་བཙན་ལྕམ་བྲལ་འདི་ལ་བཤགས་ཤིང་༔ དགེ་བས་ཐུགས་རྗེ་ཆེན་པོ་གསང་འདུས་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བསྟན་སྲུང་སྐྱེས་བུ་ལུང་བཙན་ལྕམ་སྲིང་གི་གཏོར་ཆོག་གསོལ་ཁ་གུད་དུ་བཀོལ་བ།next