Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་བསྙེན་ནོར་བདག་ཡེ་ཤེས་གྲགས་ཀྱི་གསོལ་ཁ།
   


 
previousདགེ་བསྙེན་ནོར་བདག་ཡེ་ཤེས་གྲགས་ཀྱི་གསོལ་ཁ།next

དགེ་བསྙེན་ནོར་བདག་ཡེ་ཤེས་གྲགས་ཀྱི་གསོལ་ཁ།


CMR014_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་དང་ཐུགས་སྒྲུབ་གཉིས་ཀའི་ཐུན་མོང་བ་དགེ་བསྙེན་ནོར་བདག་ཡེ་ཤེས་གྲགས་ཀྱི་གསོལ་ཁ་བཀའ་སྲུང་དགེ་བསྙེན་ཡེ་ཤེས་གྲགས་དང་སྐྱེས་བུ་སྲིད་པ་གསལ་བྱེད་གཉིས་གཅིག་ཡིན་ནོ། །ལྷ་འདྲེ་བཀའ་ཐང་ནས་འདིས་ཆོས་པ་ལ་ཕྲག་དོག་བྱེད་ཟེར་བ་འདུག་པས་གཏོར་མཆོད་གལ་ཆེའོ། །ཨོཾ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་ཡེ་གེ་ཏིཡོངས་སུ་གྱུར་པ་ལས་ནོར་བདག་ཡེ་ཤེས་གྲགས་ལེགས་པར་རྒྱུན་གྱིས་བརྒྱན་པ། གཡས་པས་རིན་པོ་ཆེ་བསྣམས་པ། གཡོན་པས་ནེའུ་ལེ་རིན་པོ་ཆེས་བཀང་སྟེ་ཁ་ནས་སྐྱུགས་པ། སྐུ་མདོག་དམར་ལ་མཛེས་པ་དེ་ལས་འོད་ཟེར་འཕྲོས་པས་རང་རྒྱུད་པ་སྤྱན་དྲངས་པར་གྱུར། ཧཱུྃ། ནོར་བདག་དགེ་བསྙེན་ཡེ་ཤེས་གྲགས། །རྣལ་འབྱོར་པ་ལ་སྙིང་ཉེ་བ། །ཡིད་མཐུན་གྲོགས་པོ་བདག་གིས་འབོད། །ཁྱོད་ནི་དགེ་བསྙེན་དམ་ཚིག་གཙང་། །དམ་ཚིག་དབང་གིས་མྱུར་དུ་བྱོན། །སྒྲུབ་ཐག་ཉེ་བའི་མྱུར་མགྱོགས་ཅན། །སྐད་ཅིག་ཉིད་དུ་གཤེགས་སུ་གསོལ། །སྐྱེས་བུ་དོན་གསལ་གཤེགས་སུ་གསོལ། །སྒྲ་སྒྲོགས་གསལ་བ་གཤེགས་སུ་གསོལ། །དཀར་པོ་ལྷ་རྒྱལ་གཤེགས་སུ་གསོལ། །ཛྙཱ་ན་ཀཱིརྟི་གཤེགས་སུ་


CMR014_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཏྲིའུ་ལོད་དེ་གཤེགས་སུ་གསོལ། །སྲིད་གསུམ་གསལ་བྱེད་གཤེགས་སུ་གསོལ། །མི་འབྲལ་ལུས་དང་གྲིབ་མ་བཞིན། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཆེ་མཆོག་ཧེ་རུ་ཀ་དཔལ་དང་། །པདྨ་འབྱུང་གནས་བཀའ་བཞིན་དུ། །ཐུགས་རྗེ་ཆེན་པོའི་བསྟན་པ་སྲུངས། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །ཁྱོད་དང་མཐུན་པའི་དམ་རྫས་ནི། །གཞི་དཀར་ནས་ཀྱི་གཡུ་དྲུང་རིས། །བྱ་རྒོད་མདའ་ལ་དར་དཀར་བརྒྱན། །ཕ་ཝང་ལང་རྡོ་གསེར་ཐིག་ཤེལ། །བྱི་རུ་དུང་འབུ་གཡུ་རྒོད་དང་། །ར་ལུག་སྲིན་བྱའི་ཤ་གསུར་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་འབུལ། །དཀར་གསུམ་མངར་གསུམ་ཟས་ཀྱི་ཕུད། །བདུད་རྩི་ཇ་ཆང་སྐྱེམས་ཕུད་བཅས། །དཀར་གཏོར་རྒྱན་དང་ལྡན་པ་འབུལ། །འབུལ་ལོ་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་ཨ་ཀཱ་རོ་སོགས། ཏྲིའུ་ཏྲིའུ་བ་ལི་ཏ་ཁཱ་ཧི། ༀ་ཨཱཧཱུྃ། སྐྱེས་བུ་སྲིད་པ་གསལ་བྱེད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི། ཏྲིའུ་ཏྲིའུ་སརྦ་པཱུ་ཛ་ཁཱ་ཧི། ཨརྒྷཾ་སོགས། ཧྲཱིཿ དགེ་བསྙེན་ནོར་བདག་ཡེ་ཤེས་གྲགས། །གཞོན་ནུ་ཤིན་ཏུ་མཛེས་པའི་གཟུགས། །སྐུ་མདོག་དམར་ལ་འོད་ཟེར་


CMR014_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །དར་ཟབ་རིན་ཆེན་རྒྱན་གྱིས་སྤྲས། །ཕྱག་གཡས་ཡིད་བཞིན་ནོར་བུ་འཛིན། །གཡོན་པས་གཏེར་གྱི་ནེའུ་ལེ། །རིན་ཆེན་སྣ་ཚོགས་སྐྱུགས་པ་འཛིན། །ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས། །ནོར་ལྷ་ཀུན་གྱི་ཕོ་ཉ་བ། །གཏེར་བདག་དགེ་བསྙེན་ཁྱོད་ལ་བསྟོད། །རེས་འགའ་སྐུ་མདོག་སྟོན་ཟླའི་མདོག །དབུ་ལ་དར་ཐོད་གཡུ་ཡིས་བརྒྱན། །སྐུ་ལ་དར་དཀར་ན་བཟའ་ནི། །མེ་ཏོག་རི་མོ་བཀྲ་བ་གསོལ། །ཕྱག་གཡས་སྙན་གྲགས་དུང་དཀར་འབུད། །གཡོན་པས་སྨྲ་མཁས་པི་ཝང་འཛིན། །ཤིན་ཏུ་མཛེས་པ་ཡིད་འོང་བ། །ཆིབས་སུ་ལྷ་གཡག་ཁམ་པ་ཆིབས། །དགེ་བསྙེན་ཆེན་པོ་དམ་ཚིག་གཙང་། །དཀར་པོ་ལྷ་རྒྱལ་ཁྱོད་ལ་བསྟོད། །རེས་འགའ་བྱིས་པ་མཛེས་པ་ནི། །ཡིད་འོང་ལྟ་བས་ཆོག་མི་ཤེས། །མགོ་ལ་གཡུ་ཡི་ཐོད་བཅིངས་ཤིང་། །ན་བཟའ་ཁྲེ་ཚེ་མཛེས་པ་གསོལ། །རྒྱབ་ཏུ་རིན་ཆེན་ཁྲེས་པོ་ཁུར། །ལག་གཉིས་ཐལ་མོ་སྦྱར་ནས་ཀྱང་། །སྒྲུབ་པ་པོ་ཡི་བཀའ་ལ་ཉན། །ཛྙཱ་ན་ཀཱིརྟི་ཁྱོད་ལ་བསྟོད། །གཞན་ཡང་སྲིད་པ་གསལ་བྱེད་སོགས། །རིགས་དང་སྡེ་དང་བཅས་པ་ལ། །


CMR014_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཐུགས་རྗེ་ཆེན་པོའི་བཀའ་སྲུང་ནི། །དགེ་བསྙེན་ནོར་བདག་ཡེ་ཤེས་གྲགས། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་རྗེ་ཆེན་པོ་བསྒྲུབ་པ་ལ། །ཀོ་ལོང་ཕྲག་དོག་མ་བྱེད་པར། །དངོས་གྲུབ་རྒྱ་མཚོ་ལྷུད་ལྟར་སྩོལ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། །ལོངས་སྤྱོད་མངའ་ཐང་མཉམ་པར་མཛོད། །འགྲོ་ཀུན་བྱམས་ཤིང་འདུད་པ་དང་། །འདོད་དགུ་ལོངས་སྤྱོད་དབང་དུ་སྡུས། །ཡིད་བཞིན་དངོས་སུ་ཁོལ་པོ་མཛོད། །ཁྱོད་ནི་སྟོང་གསུམ་ཁ་ལོ་སྒྱུར། །དེ་ཕྱིར་སྣང་སྲིད་དབང་དུ་སྡུས། །ཁྱོད་ནི་སྣང་སྲིད་ས་ལེར་མཁྱེན། །དེ་ཕྱིར་ལེགས་ཉེས་ཅི་འདོད་ཀུན། །ཐམས་ཅད་སྟོན་ཅིང་བཤད་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འདི་ནི་བཀྲ་ཤིས། དམ་གཙང་། ཟས་ནོར་འདུ། ཕུག་ཆེ། དོན་གསལ་ལོ། །ཆོས་ལ་དཀར། ལོངས་སྤྱོད་ཆེ། སྤྱོད་པ་འཇམ། སྙིང་ཉེ། ཟས་ནོར་འདུ། མངོན་ཤེས་རྒྱ་ཆེན་པོ་འཆར། བཀྲ་ཤིས་ཕྱི་ཐག་རིང་པའོ། །།འདི་ནི་སྙིང་ཉེ་དམ་གཙང་། འགྲུབ་ཐབ་ཉེ་ཞིང་ཕུག་བཀྲ་ཤིས། གཏོར་མ་ལ་བརྩོན་པར་བྱས་ན་ལོངས་སྤྱོད་རྒྱ་མཚོ་ལྷུད་པ་ལྟ་བུར་འགྱུར་རོ། །དང་པོ་བཀྲེས་པ་ལོངས་སྤྱོད་མེད་པ་གཅིག་གིས་བསྒྲུབས་ཀྱང་། ལོངས་


CMR014_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཉམ་པར་འགྱུར་རོ། །ཞེས་གསུངས་སོ། །ཞེས་པ་འདི་ཡང་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་དུས་བཀའ་སྲུང་རེད་པས་གཏོར་མ་འབུལ་ཕྱིར་ཨ་རཱ་གས་སྦྱར་བ་བཀྲ་ཤིས་དཔལ་དུ་འབར་བས་སེམས་ཅན་བདེ་སྐྱིད་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


CMR014_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདགེ་བསྙེན་ནོར་བདག་ཡེ་ཤེས་གྲགས་ཀྱི་གསོལ་ཁ།next