Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དཀོར་སྲུང་དུར་ཁྲོད་ཀྱི་བདག་མོ་ངན་ནེ་མ་ཡི་གསོལ་ཀ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དཀོར་སྲུང་དུར་ཁྲོད་ཀྱི་བདག་མོ་ངན་ནེ་མ་ཡི་གསོལ་ཀnext

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དཀོར་སྲུང་དུར་ཁྲོད་ཀྱི་བདག་མོ་ངན་ནེ་མ་ཡི་གསོལ་ཀ


CMR015_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས། ལྟས་ངན་ངན་ནེ་དམག་རྒྱལ་སྤུན་གསུམ་ཟེར་བའི་བཀའ་སྲུང་ནི་ངས་ནུས་མ་ཡི་སྒྲུབ་ལུགས་གཅིག་རེད་དོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དཀོར་སྲུང་དུར་ཁྲོད་ཀྱི་བདག་མོ་ངན་ནེ་མ་ཡི་གསོལ་ཀ་བཞུགས་སོ། །ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་དུས་ཀྱི་བཀའ་སྲུང་གྲ་རེད་པས་གཏོར་མ་བསྔོ་ཕྱིར་སྦྱར་བའོ།།


CMR015_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་བཀའ་སྲུང་ངས་ནུས་མ་ཡི་སྒྲུབ་གཏོར་ནི། དཀར་གཏོར་མར་ཐུད་འོ་མས་བྲན་པར་གསུངས། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་གང་བར་གྱུར། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། མདུན་དུ་ཧཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །པད་ཟླའི་སྟེང་དུ་བྷོ་ཡིག་ཡོངས་གྱུར་ལས། །དུར་ཁྲོད་རྡོ་རྗེ་མཁའ་འགྲོ་ངན་ནེ་མ། །དཀར་མོ་འཛུམ་མདོངས་ནོར་བུ་ནེའུ་ལེ་འཛིན། །གཟིག་ཤམ་དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །རྫུ་འཕྲུལ་ཤུགས་ལྡན་བོང་བུ་གྲྭ་དམར་ཆིབས། །འོད་


CMR015_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་དུར་ཁྲོད་གནས་ནས་སྤྱན་དྲངས་གྱུར། ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན། །དུར་ཁྲོད་མིང་ནི་རབ་འཇིགས་བསིལ་བའི་ཚལ། །བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་དང་། །གནས་མཆོག་མཁར་ཆུ་ཉེ་བའི་ཚནྡྷོ་ཧ། །དེར་བཞུགས་མ་མོ་དགའ་བྱེད་དབང་ཕྱུག་དང་། །དཀོར་གྱི་སྲུང་མ་ཁྲོ་མོ་དུང་རྣ་ཅན། །དམར་མོ་ཁྲག་མདོག་སྲོག་སྒྲུབ་ངན་ན་མ། །བདག་གིས་གདུང་བས་མ་གཅིག་ཁྱོད་འབོད་ན། །གློག་དམར་བང་དང་བཅས་ཏེ་ད་ཚུར་བྱོན། །མ་གཅིག་ཁྱོད་ལ་འབོད་པ་བརྒྱ་ཡོད་ཀྱང་། །དམ་ཚིག་སྲུང་མཁན་རྣལ་འབྱོར་


CMR015_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལས་མེད། །དམ་ཚིག་གཉན་ལ་དགོངས་ཏེ་མྱུར་དུ་བྱོན། །སྐྱི་སེར་རླུང་དང་སྐར་མདའ་ཇི་བཞིན་དུ། །སྐད་ཅིག་ཡུད་ཀྱིས་གནས་འདིར་གཤེགས་སུ་གསོལ། །རིན་ཆེན་ཕོ་བྲང་པད་ཟླའི་གདན་ལ་བཞུགས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡི། །བསྟན་པ་སྲུང་བར་སུས་ནུས་བཀའ་སྩལ་ཚེ། །ང་ཡིས་ནུས་ཞེས་ཁྱོད་ཀྱིས་ཁས་བླངས་ཕྱིར། །མཁའ་འགྲོ་ངས་ནུས་མ་ཞེས་མཚན་གསོལ་བའི། །སྔོན་གྱི་དམ་ཚིག་རྗེས་སུ་དྲན་མཛོད་ལ། །ཐུགས་རྗེ་ཆེན་པོ་སྒྲུབ་པའི་བར་ཆད་སོལ། །མཐུན་རྐྱེན་སྒྲུབ་ཅིང་དཀོར་ནོར་བསྲུང་བར་མཛོད། །ཁྱོད་ལ་མཐུན་པའི་མཆོད་པ་འབུལ་བ་ནི། །མེ་ཏོག་སྣ་ཚོགས་སྤོས་དཀར་དུད་པ་དང་། །གསེར་དངུལ་བྱི་རུ་མུ་ཏིག་ཤེལ་གྱི་འོད། །ཇ་ཆང་ཕུད་རྒོད་དཀར་གསུམ་མངར་གསུམ་བཤམས། །རྔ་དུང་ཌཱ་རུ་དྲིལ་བུ་པི་ཝང་སྒྲ། །བདུད་རྩི་ར་ཁྲག་དམར་གཏོར་ར་ཤས་བརྒྱན། །མདའ་མོ་རྒོད་སྒྲོ་དར་སྣ་སྟག་གཟིག་རིས། །དངུལ་དཀར་མེ་ལོང་སྦ་སྨྱུག་གླིང་བུ་སོགས། །དངོས་འབྱོར་ཡིད་སྤྲུལ་དུ་མས་ཐུགས་དམ་བསྐང་། །ཁྱད་པར་དགྲ་ཇག་རྐུན་པོའི་ཤ་ཁྲག་


CMR015_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རུས། །རྣམ་པ་དཀར་གསུམ་བདུད་རྩིར་བྱིན་བརླབས་ནས། །དུར་ཁྲོད་བདག་མོ་ངན་ནེ་མ་ལ་འབུལ། །དམར་མོ་ཁྲག་མདོག་སྔོན་མོ་གཡུ་མདོག་མ། །སེར་མོ་གསེར་མདོག་སྔོན་མོ་ལྕགས་མདོག་མ། །ནག་མོ་སོལ་མདོག་སྔོ་སྐྱེ་ཐལ་མདོག་མ། །དབུ་ལྔ་དྲེད་མགོ་ལ་སོགས་འཁོར་བཅས་ལ། །འབུལ་ལོ་རབ་ཏུ་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་ར་ལི་པྲ་མ་ཡ་ཛཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་རཀྟ་སརྦ་པཱུ་ཛ་ཧོ༔ བྷྱོ༔ དུར་ཁྲོད་བདག་མོ་མཁའ་འགྲོ་ངན་ནེ་མ། །སྨན་གྱི་གཙོ་མོ་མཛད་ཚེ་སྨན་བཙུན་གཟུགས། །རབ་མཛེས་དཀར་མོ་བྱི་རུའི་ཐོར་ཚུགས་ཅན། །དར་དཀར་གོ་ཟུ་གསེར་གཡུ་རིན་ཆེན་བརྒྱན། །ལྕགས་ཀྱུ་མདའ་དར་མེ་ལོང་ནེའུ་ལེ་བསྣམས། །སྙན་པའི་གསུང་དབྱངས་སྒྲ་ཡིས་ནམ་མཁའ་གང་། །དྲི་ཞིམ་ངད་འཐུལ་བརྐྱང་བསྐུམ་གར་སྟབས་འཁྱུག །རེས་འགའ་ཁྲོ་མོ་དུང་གི་རྣ་རྒྱན་ཅན། །ཁྲོ་འཛུམ་རིན་ཆེན་ནེའུ་ལེས་དངོས་གྲུབ་སྟེར། །གཟིག་གི་ཤམ་ཐབས་རིན་ཆེན་དར་དཔྱངས་འཕུར། །རེས་འགའ་དམར་མོ་སྲིན་མོ་ཁྲོས་པའི་གཟུགས། །གྲི་གུག་སྤུ་གྲི་ཐན་གྱི་


CMR015_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱལ་པ་འཛིན། །མི་ཐོད་སྐྱ་བོ་རོ་དང་ཝ་མོ་ཞོན། །རེས་འགའ་ནག་མོ་བདུད་མོ་འཇིགས་པའི་གཟུགས། །ལྕགས་ཀྱུ་སྤུ་གྲི་ཐན་རྐྱལ་ལྕགས་དྲྭ་ཐོགས། །རིལ་པ་ཐོར་ཚུགས་ལྷག་མ་ཐུར་དུ་གྲོལ། །ཡར་མར་མཆེ་བཞི་བྲང་དང་སྨིན་མཚམས་སླེབས། །སྤྱན་གསུམ་ཁྲག་འཛག་ཞལ་གདངས་བདུད་རྩི་འབེབས། །ཕྱག་ཞབས་སེན་མོ་ཟངས་སྤར་ལྕགས་ཀྱུས་འགུགས། །དུར་ཁྲོད་ཆས་བརྒྱན་བོང་བུ་གྲྭ་དམར་ཆིབས། །འདོད་དགུར་སྒྱུར་བའི་ལུས་འཆང་མཁའ་འགྲོ་མ། །རྡོ་རྗེ་ངན་ནེ་མ་ལ་བདག་གིས་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །མཁས་བཙུན་ཡོངས་ཀྱི་དཀོར་བདག་བྱེད་པ་དང་། །ཁྱད་པར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི། །དཀོར་སྲུང་བྱེད་པར་ཁས་བླངས་དམ་བཅས་ལྟར། །རྣལ་འབྱོར་བདག་གིས་དཀོར་སྲུང་ཁྱེད་ལ་བཅོལ། །གཞི་བྱེས་ལམ་གསུམ་ཀ་ཆ་ཟས་དང་ནོར། །བྱིན་པ་མ་གཏོགས་གཞན་ལ་མ་ཤོར་ཅིག །དགྲ་རྐུན་ཇག་གསུམ་ལག་ཏུ་མ་བཏང་ཞིག །གཞི་བྱེས་ཀུན་དང་གཞན་ལ་གཏམ་པ་སོགས། །ས་ཐག་ཉེ་རིང་མེད་པར་ཐུབ་པར་སྲུངས། །ཉིན་མཚན་ཐང་ལྷོད་མེད་པར་རྒྱུན་དུ་སྲུངས། །


CMR015_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མཁར་དགུ་རིམ་ནང་དུ་ཚུད་པ་ལྟར། །མ་གཅིག་དཀོར་དད་ཅན་གྱིས་དཀོར་སྲུངས་ཤིག །རྩྭ་འཇག་གཅིག་དང་ཆུ་ཕོར་གང་གི་ཡང་། །རྩད་གཅོད་རྗེས་འབྲང་བྱེད་པའི་མ་མོ་ཁྱོད། །དེང་ནས་བདག་གི་དཀོར་གཉེར་མ་གཡེལ་ཅིག །མ་བྱིན་དགྲ་དང་རྐུན་པོས་ཁྱེར་སོང་ན། །དེ་མ་ཐག་ཏུ་ཆོ་འཕྲུལ་སྣ་ཚོགས་ཐོང་། །རྒྱ་མཚོའི་གཏིང་དུ་ཁྱེར་ཡང་མྱུར་དུ་ལོངས། །རིང་གི་གྲྭ་འཁོར་ནོར་ཕྱུགས་འཕེལ་བ་དང་། །རྟ་ཕྱུགས་སྒྲུབ་འཕེལ་གོད་ཁ་མེད་པར་མཛོད། །རྣལ་འབྱོར་བདག་དང་ཞལ་ད་པ་རྣམས་ཀྱིས། །གཞན་ལ་ཕུལ་དང་བྱིན་དང་ཚོང་པ་ཡི། །ནོར་ལ་སེར་སྣ་མ་བྱེད་བཟོད་པར་གསོལ། །དེ་རྗེས་མ་འབྲང་དེ་ལྷག་རང་ནོར་སྲུངས། །པདྨས་བཀའ་བསྒོས་རང་གི་དམ་བཅའ་རྣམས། །མ་གཡེལ་ཐུགས་རྗེ་ཆེན་པོའི་བསྟན་པ་སྲུངས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཏེར་གཞུང་ལས། སངས་རྒྱས་བསྟན་པའི་དཀོར་སྲུང་མ། ཞེས་པ་དང་༔ དེ་ཕྱིར་མོ་ཉིད་ནོར་ཕྱིར་འབྲང་༔ དཔེར་ན་ཁྱི་བཟང་འབྲང་དང་མཚུངས༔ འདི་ཉིད་ནོར་ལ་ཤིན་ཏུ་ངན༔ དེ་ཕྱིར་ངན་ནེ་མ་ཞེས་བྱ༔ ནོར་སྲང་གཅིག་གི་རྗེས་གཅོད་མ༔ ནས་བྲེ་གང་གི་ཕྱིར་འབྲང་མ༔


CMR015_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དཀོར་བདག་ཆེན་མོ་ཞེས་གསུངས་སོ༔ འདི་ནི་རྒྱ་གཞུང་ལས། མཁས་བཙུན་རྣམས་ཀྱི་དཀོར་རྣམས་སྲུང་བར་ཞལ་གྱིས་བཞེས། ནོར་སྲང་གཅིག་གི་རྗེས་གཅོད་མ། །རྩྭ་འཇག་གཅིག་གི་ཤུལ་སྙོགས་མ། །ཡང་རྒྱ་གཞུང་གཅིག་ལས། ནོར་སྲང་གཅིག་གི་རྗེས་གཅོད་མ། །ཞེས་དང་ཡིག་སྙིང་ལས། ཆོས་སྐྱོང་ཕོ་རྒྱུད་གང་ལས་ཀྱང་། ལྷ་མོ་འདི་ཉིད་ཕྲིན་ལས་མྱུར་མགྱོགས་ཆེ། ཆོས་སྐྱོང་འདི་གཞན་བས་སྙིང་ཉེ་འགྲུབ་པར་སླ། ར་མདའ་མྱུར་བ་མགྱོགས་ལ་རེམས་པ། །དངོས་གྲུབ་ཆེ་ལ་མྱུར་བ། ཡུན་རིང་། རྒྱུ་རྫས་དང་དཀོར་ནོར་སྲུང་བ་ལ། ཉིན་མཚན་མེད་པར་སྲུང་བ། ཐང་ལྷོད་མེད་པར་སྲུང་བ། ཐག་ཉེ་རིང་མེད་པར་སྐྱོབ་པ། མི་རྟ་ནོར་ལུག་བ་ར་ཐམས་ཅད་སྒྲུབ་སྤེལ་བ་ལ་བརྩོན་པ། ལོ་ལེགས་པ། བསམ་པའི་དོན་ཐམས་ཅད་ཅི་བསམ་འགྲུབ་པ། བདག་ཏུ་བཟུང་བ་རྣམས་ནི་ལྕགས་མཁར་དགུ་རིམ་ནང་དུ་ཡོད་པ་དང་འདྲ་བར་གསུངས་སོ། །ཆད་ན་དགོན་སྡེ་ཚེ་ཡང་འགྲོ། སྔགས་པ་མང་ན་ཡང་འགྲོ་སྔགས་པ་ནུས་པ་ཆེ་ན་ཡང་འགྲོ་བར་ཐེ་ཚོམ་མེད། ཆོས་སྐྱོང་གཞན་པས་ཀྱང་སྟོབས་ཤུགས་ཆེ་ལ་མྱུར་མགྱོགས་ཆེ། རྒྱུད་རྒྱལ་དགོངས་པ་འདུས་པ་དང་། ཕྱག་རྡོལ་རྩལ་ཆེན་འདུས་པ་དང་། ཕག་མོའི་རྒྱུད་ལས་ཀྱང་གསུངས་སོ། །ཞེས་འབྱུང་ངོ་། །ཞེས་པ་འདི་ཉིད་ཨ་རཱ་གས་སོ། །མངྒ་ལཾ།། །།


no previousཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དཀོར་སྲུང་དུར་ཁྲོད་ཀྱི་བདག་མོ་ངན་ནེ་མ་ཡི་གསོལ་ཀnext