Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
ངན་ནེ་མའི་གཏོར་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངན་ནེ་མའི་གཏོར་ཆོགnext

ངན་ནེ་མའི་གཏོར་ཆོག


CMR015_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ནེ་མའི་གཏོར་ཆོག་བཞུགས་སོ༔ བྷྱོ༔ དུར་ཁྲོད་མཁའ་འགྲོ་ངན་ནེ་མ༔ ཤིན་ཏུ་ཞི་ཞིང་རབ་ཏུ་ཞི༔ སྐུ་མདོག་དཀར་མོ་གཡས་གྲི་གུག༔ གཡོན་པས་ཐོད་པ༔ བདུད་རྩི་འཛིན༔ དབུ་སྐྲ་ཐོར་ཅོག་རིན་ཆེན་བརྒྱན༔ མ་ཡི་ནང་ནས་མ་གཅིག་མ༔ སྲིང་གི་ནང་ནས་སྙིང་ཉེ་མ༔ ཁྱོད་ལ་འབོད་པ་བརྒྱ་ཡོད་ཀྱང་༔ དམ་ཚིག་སྲུང་མི་ང་བས་མེད༔ རླུང་དམར་སྐར་མདའི་བང་དང་བཅས༔ མུན་པ་ཅན་གྱི་དུར་ཁྲོད་དང་༔ ཉེ་བའི་ཚན་དྷོ་ཧ་ནས་བྱོན༔ ཀ་ཆ་དཀོར་ལ་བརྟན་པར་བཞུགས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ དཀོར་རྣམས་སྲུང་ཞིང་སྤེལ་བར་མཛོད༔ དཀོར་བདག་ཆེན་མོ་ཞི་བའི་སྐུ༔ སྐུ་མདོག་དཀར་ལ་ནག་མདངས་ཅན༔ དེ་ཡི་གཡས་པས་གྲི་གུག་དང་༔ གཡོན་པས་བྷན་དྷའི་ནང་དུ་ནི༔ ཁྲག་དང་བདུད་རྩི་བསྲེས་པ་འཛིན༔ ཞབས་གཉིས་འདོར་སྟབས་བྱས་ནས་ནི༔ ཐོར་ཅོག་རིན་པོ་ཆེ་ཡིས་བརྒྱན༔ མཆན་གཡོན་མཚོན་གྱི་གྲུ་གུ་བཅུག༔ ཞལ་ནི་ཞི་ལ་སྤྱན་ནི་ཁྲོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཀ་ཆ་དཀོར་ནོར་ཐུབ་པར་སྲུངས༔ ཀ་ཆ་མ་བྱིན་ཁྱེར་བའི་ཚེ༔ ལྷ་མོ་ཅུང་ཟད་


CMR015_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ནས་ནི༔ ཞལ་གཅིག་ཕྱག་བཞི་རིན་ཆེན་བརྒྱན༔ དང་པོ་གཉིས་ནི་གྲི་གུག་དང་༔ ཐོར་ཅོག་འཛིན་ཏེ་དེ་འོག་གཉིས༔ ལྕགས་དྲྭ་དང་ནི་ནད་རྐྱལ་འཛིན༔ ཞབས་། བགྲད་འོག་ཏུ་མི་རོ་མནན༔ ཞལ་ནི་ཞི་མ་ཁྲོས་པའི་ཞལ༔ སྟོད་གཡོགས་སྔོན་མོ་སྐུ་མདོག་སྔོ༔ བརྒྱན་པའི་གཏོར་མ་འདི་གསོལ་ལ༔ རྒྱ་མཚོའི་སྟེང་དུ་ཁྱེར་ན་ཡང་༔ བརྐུས་པའི་ཀ་ཆ་ཚུར་ལོངས་ཤིག༔ དགྲ་དང་ཇག་པ་བྱུང་ཙ་ན༔ ལྷ་མོ་ཤིན་ཏུ་ཁྲོས་ནས་ནི༔ ཞལ་གཅིག་ཕྱག་ནི་དྲུག་པ་སྟེ༔ དང་པོ་གཉིས་ནི་གྲི་གུག་དང་༔ བྷན་ཀླད་ཁྲག་བཀང་བ་གསོལ༔ དེ་འོག་གཉིས་ཀྱིས་ནད་རྐྱལ་དང་༔ མཚོན་གྱི་གྲུ་གུ་འཛིན་པའོ༔ འོག་མ་གཉིས་ཀྱིས་ལྕགས་དྲྭ་དང་༔ ཁྲམ་ཤིང་འཛིན་ལ་དྲེལ་དམར་ཞུར༔ ལ་ཆིབས་ཁྲག་གི་རལ་པ་གསེགས༔ སེན་མོ་ཐམས་ཅད་ཁྲག་གི་མདོག༔ ཉིན་ལམ་གཅིག་འཆང་གནོད་བྱེད་འགུགས༔ ཞལ་ཁུག་གཉིས་ནས་ཁྲག་རྣམས་འབབ༔ གཡས་ཀྱི་མཆན་ཁུང་གསུམ་པོ་ན༔ མཚོན་གྱི་གྲུ་གུ་ཁྲ་གསུམ་བཅུག༔ མཆན་ཁུང་གཡོན་གྱི་གསུམ་པོ་ན༔ ནད་ཀྱི་རྐྱལ་པ་རེ་རེ་བཅུག༔ སྤྱན་ནི་དམར་པོ་ཁྲག་གི་མདོག༔ ནུ་མའི་


CMR015_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ནས་ཁྲག་རྒོད་འབབ༔ ཞལ་ནི་སྲིན་མོ་ཁྲོས་པའི་གཟུགས༔ སྡང་བའི་དགྲ་བོ་ལས་ངན་གྱི༔ ཤ་ཁྲག་སྲོག་དབུགས་ཁྱོད་ཀྱིས་ཟོ༔ ཆོ་འཕྲུལ་མི་རུང་སྣ་ཚོགས་ཐོངས༔ རྟག་ཏུ་ཕྲིན་ལས་མཛད་པའི་ཚེ༔ དཀར་མོ་ཁྲོ་འཛུམ་གཟིག་ཤམ་ཅན༔ དུང་གི་རྣ་ཆ་རིན་ཆེན་བརྒྱན༔ གཟིག་ཤམ་གསོལ་ཞིང་བོང་དམར་ཆིབས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ མཆོད་གཏོར་བདུད་རྩི་འདི་གསོལ་ལ༔ དེང་ནས་བདག་གི་དཀོར་དང་ནོར༔ ལྷ་མོ་ཁྱོད་ཀྱིས་བདག་ཏུ་ཟུང་༔ དགྲ་རྐུན་ལག་ཏུ་མ་ཤོར་ཅིག༔ བདག་དང་ཞལ་ད་པ་རྣམས་ཀྱིས༔ བྱིན་དང་བཙོང་ལ་ཕྲ་མ་དོག༔ དཀོར་ཕྱུགས་རྟ་ནོར་འཕེལ་རྒྱས་ཤིང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་རཱ་ལི་པྲ་མ་ཡ་ཛཿ ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ སརྦ་པཱ་ཙ་ཁཱ་ཧི༔ འདི་ཞི་སྒྲུབ་དཀར་གཏོར་འོ་མས་བྲན་ན་ལེགས་སོ། །དཀོར་སྲུང་འདི་ཟབ་ཅིང་རྣོ་བས་མན་ངག་གཞུང་དུ་ཤེས་སོ། །ཞེས་རཱ་གས་སོ། །སརྦ་མངྒ་ལཾ།། །།


CMR015_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousངན་ནེ་མའི་གཏོར་ཆོགnext