Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་། །དུར་ཁྲོད་ཀྱི་བདག་མོ་མཁའ་འགྲོ་ངས་ནུས་མ་ཡི་བསྐང་གསོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་། །དུར་ཁྲོད་ཀྱི་བདག་མོ་མཁའ་འགྲོ་ངས་ནུས་མ་ཡི་བསྐང་གསོལ།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་། །དུར་ཁྲོད་ཀྱི་བདག་མོ་མཁའ་འགྲོ་ངས་ནུས་མ་ཡི་བསྐང་གསོལ།


CMR015_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་། །དུར་ཁྲོད་ཀྱི་བདག་མོ་མཁའ་འགྲོ་ངས་ནུས་མ་ཡི་བསྐང་གསོལ་བཞུགས་སོ།།


CMR015_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བདག་མོ་མཁའ་འགྲོ་ངས་ནུས་མ་ཡི་བསྐང་བ་ནི། བསྐང་རྫས་ཅི་འབྱོར་བཤམས་ཤིང་བྲན་ལ། རོལ་མོ་དང་བཅས་དབྱངས་སྙན་པོས། ཨོཾ་ཨཱཧཱུྃ་ཧ་ཧོཧཱུྃསྭཱ་ཧཱ། བཛྲ་སྤ་ར་ཎ་ཁཾ། བྷྱོ༔ བླ་མ་མཆོག་དང་ཡི་དམ་མཁའ་འགྲོའི་ཚོགས། །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་དང་། །དྲང་སྲོང་རིག་སྔགས་འཆང་བའི་བདེན་ཚིག་གིས། །རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །རྒྱ་ཆེ་རྒྱུན་མི་འཆད་པ་ནམ་མཁའི་མཛོད། །རྡོ་རྗེ་ངས་ནུས་མ་ཡི་སྤྱན་ལམ་དུ། །།འབྱུང་ཞིང་དམ་ཚིག་ཉམས་ཆག་བསྐང་གྱུར་ཅིག །དངོས་འབྱོར་ཡིད་སྤྲུལ་བློས་བླངས་


CMR015_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི། །ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་འཁྱིལ། །རབ་མཛེས་མེ་ཏོག་སྣ་ཚོགས་སྐར་ལྟར་བཀྲམ། །དྲི་ཞིམ་བདུག་སྤོས་ཚོགས་ནི་སྤྲིན་ལྟར་གཏིབས། །སྣང་གསལ་མར་མེའི་འོད་ནི་ཉི་ལྟར་གསལ། །དྲི་ཞིམ་ཆབ་ཀྱི་རྒྱུན་ནི་ཆར་ལྟར་འབེབས། །རོ་བརྒྱའི་ཞལ་ཟས་ཚོགས་ནི་རི་ལྟར་སྤུངས། །རྔ་གླིང་རོལ་མོའི་སྒྲ་དབྱངས་འབྲུག་ལྟར་སྒྲོགས། །ལྷ་རྫས་ཉེར་སྤྱོད་ཕྱི་ཡི་མཆོད་པ་འདིས། །ཞིང་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་


CMR015_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བསྐངས་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་བྱང་གྱུར་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །དགྲ་བགེགས་བསྒྲལ་བའི་སྙིང་ཁྲག་རྦ་ཀློང་འཁྱིལ། །དབང་པོ་རྣམ་ལྔའི་མེ་ཏོག་རྫ་ལྟར་སྤུངས། །གསུར་ཆེན་དྲི་ཡི་དུད་པ་ཕྱོགས་བཅུར་འཁྲིགས། །ཞུན་ཆེན་རྐང་གི་མར་མེ་སྐར་ལྟར་བཀྲམ། །མཁྲིས་པའི་དྲི་ཆབ་དམར་སེར་རྒྱ་མཚོར་འཁྱིལ། །ཤ་སྣ་སྟོང་གི་ཞལ་ཟས་རི་ལྟར་སྤུངས། །མི་རྐང་གླིང་བུ་ཐོད་རྔ་ཅང་ཏེའུ་འཁྲོལ། །དྲག་པོའི་དགྲ་བགེགས་བསྒྲལ་བའི་ཉེར་སྤྱོད་བདུན།་། ཞིང་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །དུ་ཁྲོད་བདག་མོའི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་བྱང་གྱུར་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །འཇིགས་སུ་རུང་བ་དུར་ཁྲོད་ཆེན་པོའི་ནང་། །རོ་ལངས་ལྕེ་སྤྱང་ཤ་ཟ་འཇིགས་རུང་སྒྲ་། །ཞིང་ཆེན་གཡང་གཞི་བླ་བྲེ་རྒྱལ་མཚན་དང་། །ཐོད་པའི་གཞལ་ཡས་རུས་ཆེན་ཁ་བད་ཅན། །རོ་ཚལ་དུམ་བུ་རུས་པ་གཅལ་དུ་བཀྲམ། །རབ་འཇིགས་དུར་ཁྲོད་ཆེན་


CMR015_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཆོད་རྫས་འདིས། །ཞིང་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དེམ་བསྐང་། །མ་མོ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་བྱང་གྱུར་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །གཞན་ཡང་གླིང་བཞི་རི་རབ་ཉི་ཟླ་བཅས་། །གཞལ་མེད་ཁང་དང་སྐྱེད་ཚལ་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་རིན་ཆེན་ཁྲི་བཟང་བརྒྱན། །རིན་ཆེན་ཕྲེང་བ་སྤུ་གྲི་བ་དན་འཕུར། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཅི་མཆིས་པ། །གླང་ཆེན་ལྤགས་པ་མི་ལྤགས་སྟག་གཟིག་ལྤགས། །ཐོད་པ་སྐམ་རློན་རྒྱུ་ཕྲེང་དོ་ཤལ་སོགས། །ཞིང་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་བྱང་གྱུར་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །རྟ་ནག་རྒྱ་བོང་དྲེད་དང་སྟག་གཟིག་དོམ། །འཕར་སྤྱང་ལུག་ནག་བྱ་རིགས་ཁྱི་ནག་ར། །གླང་ཆེན་འབྲུག་སེང་མ་ཧེ་འདོད་འཇོའི་བ། །ཤ་སྤྱང་


CMR015_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རི་དྭགས་སྣ་ཚོགས་དང་། །ཆུ་སྲིན་ཉ་སྦྲུལ་སྦལ་སོགས་ཆུ་གནས་དང་། །གདུག་པའི་ཤ་ཟན་རྣམས་དང་དཀོར་ནོར་སོགས། །གཟུགས་མཛེས་སྤུ་སྡུག་སྲོག་ཆགས་ཅི་མཆིས་པས། །ཞིང་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་བྱང་གྱུར་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །སྲ་བརྟན་གོ་ཆ་རྣོ་ངར་མཚོན་ཆའི་ཚོགས། །མདའ་མདུང་རལ་གྲི་ཁཊཾ་གྲི་གུག་ཕུར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དང་། །དགྲ་བགེགས་བྲུབ་པའི་ཐུན་ཁུང་ཐུན་རྫས་དང་། །དྲག་པོའི་ཆས་ལྡན་ཞྭ་གོས་དར་ནག་སོགས། །དྲུག་པོའི་དགྲ་བགེགས་བསྒྲལ་བའི་དམ་རྫ་ས་རྣམས། །ཞིང་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་དག་མོའི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་བྱང་གྱུར་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །ནལ་བུའི་རྒྱལ་མཚན་སྦ་


CMR015_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གླིང་བུ་དང་། །མདའ་མོ་རྒོད་སྒྲོ་དར་སྣ་སྟག་གཟིག་རས། །སྤོས་དཀར་དུད་པ་དངུལ་དཀར་མེ་ལོང་དང་། །རིན་ཆེན་སྣ་ལྔ་སྲོག་འཁོར་ནལ་བུའི་སྙིང་། །རྟེན་གཏོར་བསྐང་གཏོར་ར་ཤ་ར་ཁྲག་སོགས། །ཁྱེད་དང་མཐུན་པའི་དམ་རྫས་ཅི་མཆིས་པ། །ཞིང་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་བྱང་གྱུར་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །ཛ་གད་སྨན་ཕུད་དམར་ཆེན་རིཀྟ་དང་། །དམ་རྫས་གཏོར་མ་མྱོས་བྱེད་གསེར་སྐྱེམས་དང་། །ཤ་ལྔ་བདུད་རྩི་རྣམ་ལྔའི་ཟས་སྣའི་ཚོགས། །འབྲུ་སྣ་སྨན་སྣ་དཀར་གསུམ་མངར་གསུམ་དང་། །ཤ་སྣ་ཤིང་སྣ་སྦྱར་བྱུང་སྤོས་ཀྱི་རིགས། །མཆོག་ཆེན་མཆོག་ཕྲན་མཚན་ལྡན་རྐང་གླིང་སྒྲ། །ཡིད་འོང་གཟུགས་མཛེས་ཕྱག་རྒྱ་ལ་སོགས་པ། །དཔའ་བོ་མཁའ་འགྲོ་མཉེས་བྱེད་ཚོགས་འཁོར་བཅས། །ཞིང་སྐྱོང་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །


CMR015_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བདག་མོའི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་བྱང་གྱུར་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །བྷྱོ༔ གཞན་ཡང་། ཁྱད་པར་མཐུན་རྫས་འབུལ་བ་ནི། །རྒྱ་བོང་གྲྭ་དམར་རླུང་གི་གཤོག་པ་ཅན། །སྣ་ཚོགས་དར་སྟན་ནོར་བུའི་སྒ་སྲབ་སྤྲས། །རིན་ཆེན་དར་རྒྱན་སིལ་སིལ་སྒྲོགས་པ་འདི། །ལྷ་མོ་ཁྱོད་ལ་ཆིབས་པའི་རྟ་རུ་འབུལ། །རྐང་བཞི་རྔོག་ཆགས་འཕེལ་བའི་ཕྲིན་ལས་མཛོད། །སྣ་ཚོགས་དར་གྱི་རྟ་ཟུར་སྤྲས་པ་ཡི། །དར་དཀར་བེར་དང་རིན་ཆེན་རྒྱན་ཆའི་རིགས། །སྟག་གཟིག་མི་ལྤགས་གོས་ཟུང་སྣ་ཚོགས་རྣམས། །ལྷ་མོ་ཁྱོད་ལ་སྐུ་ཡི་རྒྱན་དུ་འབུལ། །བདག་སོགས་ཁམས་གསུམ་ཟིལ་གནོན་དངོས་གྲུབ་སྩོལ། །མདའ་དར་མེ་ལོང་ལྕགས་ཀྱུ་ནེའུ་ལེ་སོགས། །ཕྱག་མཚན་ཞི་བའི་མཐུན་རྫས་ཕྱག་ཏུ་འབུལ། །སྣང་སྲིད་གསལ་བའི་འཕྲུལ་གྱི་མངོན་ཤེས་དང་། །མི་ཟད་འདོད་དགུ་ཆར་པའི་རྒྱུན་ལྟར་ཕོབ་། །གྲི་ཐོད་ཙིཏྟ་ཐན་རྒྱལ་མཚོན་གྲུག་སོགས། །དྲག་པོ་དགྲ་བགེགས་བསྒྲལ་བའི་མཚོན་ཆ་དང་། །ཝ་མོ་དྲེད་དང་རོ་ལངས་ལ་སོགས་པ། །ཕྲིན་ལས་མྱུར་དུ་འགྲུབ་


CMR015_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་རྫས་འབུལ། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་དུ་གསོལ། །བྷྱོ༔ མ་ཡི་ནང་ནས་མ་གཅིག་མ། །སྲིང་གི་ནང་ནས་སྙིང་ཉེ་མ། །ཁྱོད་ནི་སྲུང་མ་དམ་ཚིག་ཅན། །བདག་ནི་རྣལ་འབྱོར་གདུང་སེམས་ཅན། །དམ་ཚིག་གཅིག་པའི་ལྷ་མི་གཉིས། །ཡུན་དུ་འགྲོགས་ན་གནས་མི་འཆུགས། །བསྐལ་པར་ཞིག་ཀྱང་མི་འབྲལ་ལོ། །རྟག་ཏུ་མགོན་ཞིང་གྲོགས་མཛོད་ཅིག །ལྷ་མོ་ཁྱོད་ནི་མ་ལྟར་བསྟེན། །བྱམས་པའི་ཐུགས་ཀྱིས་བརྩེ་བས་སྐྱོང་། །ལྷ་མོ་ཁྱོད་ནི་སྲིང་ལྟར་བསྟེན། །བརྩེ་གདུང་མ་ཆུང་སྡོང་གྲོགས་མཛོད། །ཁྱོད་ནི་ཆུང་མ་ལྟར་བསྟེན་ན། །རྗེས་ཆགས་ཚུལ་གྱིས་ཕྲིན་ལས་སྒྲུབས། །ཁྱོད་ནི་མཛའ་མོ་ལྟར་དུ་བསྟེན། །འགྲོགས་པའི་ཚེ་ནི་གཞུང་མ་ངན། །ཁྱོད་ནི་བྲན་མོ་ལྟར་བསྟེན་ན། །མངག་པའི་ཚེ་ན་བང་མ་བུལ། །ཆད་པའི་གཞུང་འདི་བདག་གིས་བསྲང་། །ཉམས་པ་མཆིས་ན་བསྐང་དུ་གསོལ། །ཉེས་པ་མཆིས་ན་ཁྱོད་ལ་བཤགས། །ཕྱིན་ཆད་ཉེས་པ་མི་བགྱིད་འཚལ། །མ་གཅིག་དུར་ཁྲོད་བདག་མོ་ཁྱོད། །རྒྱང་ངེ་


CMR015_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་ལེ་མ་མཛད་པར། །བརྩེ་གདུང་གདུང་སེམས་ཅི་ཆེར་མཛོད། །བདག་ནི་ཚོར་བ་མ་ཉམས་ཀྱང་། །ཁྱོད་ཀྱི་ཐུགས་དང་འགལ་སྲིད་པས། །བཤགས་སོ་བསྐང་ངོ་སྦྱང་ལགས་སོ། །བསྒྲུབ་ལ་བར་ཆད་བྱུང་བ་དང་། །དམ་རྫས་གཉེན་པོ་མ་འཛོམས་དང་། །ཐུགས་དམ་དུས་སུ་མ་བསྐང་དང་། །སྔགས་དང་ཕྱག་རྒྱ་ནོར་བ་དང་། །ཏིང་འཛིན་དམིགས་པ་མ་གསལ་དང་། །རྩ་བའི་དམ་ཚིག་འགལ་བ་དང་། །གསང་བ་གཞན་ལ་བསྒྲགས་པ་དང་། །ཡན་ལག་དམ་ཚིག་ཉམས་པ་དང་། །བོང་བུ་ཡུགས་སར་སྡང་བ་དང་། །མེ་རླུང་འཚུབ་མར་མ་དགའ་དང་། །དུས་སུ་མཆོད་གཏོར་ཆགས་པ་དང་། །སྐུ་གསུང་ཐུགས་དང་འགལ་བ་དང་། །མ་ཚོར་མ་རིག་ཉམས་ཆག་རྣམས།་།དོ་ནུབ་བསྐང་ཞིང་བཤགས་པར་བགྱི། །ཁྱོད་ལ་རྟག་ཏུ་མཆོད་ཅིང་བསྒྲུབ། །ཁྱོད་ཀྱང་བདག་གཉིས་དམ་ཚིག་ནི། །སྲོག་ལ་བབ་ཀྱང་མི་འདའ་འཚལ། །བདག་ཅག་མི་ནོར་དགེ་འདུན་སྡེ། །གཙུག་ལག་ཁང་དང་དགོན་གནས་དང་། །རྟ་ཕྱུགས་ཀ་ཆེ་དཀོར་ཆའི་ཚོགས། །ལྷ་མོ་ཁྱོད་ལ་གཉེར་དུ་གཏད། །བཅོལ་ལོ་གཏད་དོ་མ་ཤོར་ཅིག །སྲུངས་


CMR015_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་སྤེལ་ཅིག་ངན་ནེ་མ། །བྱིན་དང་ཕུལ་དང་བཙོང་ལ་སོགས། །བདག་གི་ཆེད་དུ་བྱས་པ་ལ། །ཕྲག་དོག་མ་མཛད་དེ་ལྷག་སྲུང་། །ཁྱོད་དང་བདག་གཉིས་བསམ་དགོངས་ཤིག །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ལུས་དང་གྲིབ་བཞིན་འགྲོགས་པར་མཛོད། །ཀྱེ། གྲོགས་ལ་གཞུང་མེད་མི་སྲིད་ཀྱི།། །མཛའ་བོར་གདུང་མེད་ཅང་སྲིད་དམ། །མནའ་ཟན་ཁྲེལ་མེད་མི་སྲིད་ཀྱིས། །ཟས་ལ་ངོ་མེད་ཅང་སྲིད་དམ། །ཆོས་སྐྱོང་མཐུ་མེད་མི་སྲིད་ཀྱིས། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །ཁྱེད་དོན་མི་སྒྲུབ་མི་སྲིད་ཀྱིས། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དམ་རྫས་མཆོད་གཏོར་འདི་འབུལ་བས། །ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག །ཟས་ཀྱི་ངོ་འདི་ཁྱོད་ཀྱི་གྱིས། །བསྐུལ་བའི་གཉེར་འདི་བདག་ལ་ཡོད། །སྨྲས་པའི་ཚིག་འདི་ཁྱོད་ཀྱིས་གསོན། །བཅོལ་བའི་ལས་འདི་ཁྱོད་ཀྱིས་མཛོད། །གཉིས་ཀ་ཆད་པའི་གཞུང་བསྲང་འཚལ། །དེ་ཙམ་གནད་ནས་མ་བསྐུལ་ན། །མི་ཤེས་བསམས་ནས་ལེ་ལོ་བྱེད། །སྨྲས་སོ་ཆད་དོ་དམ་ཅན་རྣམས། །གསོལ་ལོ་མཆོད་དོ་མཁའ་འགྲོ་མ། །


CMR015_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སོད་ཅིག་ཐུལ་ཅིག་དགྲ་དང་བགེགས། །གཏད་དོ་གཉེར་རོ་ཐུགས་དམ་ཅན། །སྤེལ་ཅིག་སྲུངས་ཤིག་ལོངས་སྤྱོད་ཚོགས། །མགོན་ཅིག་སྐྱོབས་ཤིག་མི་ནོར་བདག །བཟློག་ཅིག་བསྒྱུར་ཅིག་བར་ཆད་རྐྱེན། །སྐུ་ཤུགས་ཕྱུང་ལ་ལས་འདི་མཛོད། །ཐུགས་དམ་གཉེན་པོ་བསྐང་བ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །བར་ཆད་རྐྱེན་ངན་ཐམས་ཅད་ཟློག །ནད་ཁ་ཡམས་ཁ་ཐམས་ཅད་ཟློག །བྱད་ཁ་ཕུར་ཁ་ཐམས་ཅད་ཟློག །གཏད་ཁ་ཁྲམ་ཁ་ཐམས་ཅད་ཟློག །མི་ཁ་བྲམ་ཆུ་ཐམས་ཅད་ཟློག །རྨིས་ལྟས་མཚན་ངན་ཐམས་ཅད་ཟློག །ཟ་འདྲེ་ཕུང་སྲི་ཐམས་ཅད་ཟློག །བསྲེ་རག་སྒབ་འདྲེ་ཐམས་ཅད་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྔོན་ཚེ་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །རྟག་ཏུ་སྲུང་དང་བསྐྱབ་པར་མཛོད། །ཆོས་འཁོར་སྐྱོང་བའི་དཀོར་སྲུང་མཛོད། །རྣལ་འབྱོར་སྐྱོང་བའི་དགྲ་བླ་མཛོད། །རྣལ་འབྱོར་མི་ནོར་འཁོར་བཅས་རྣམས། །ཐུབ་པར་སྲུངས་ཤིག་ཐུགས་དམ་ཅན། །བསམ་པ་


CMR015_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ཅེས་ཡིག་བརྒྱ་མན་ངག་ལྟར་བཟླ། སེང་གདོང་མའི་སྔགས་ཀྱིས་བར་ཆད་བཟློག་པར་བཟླའོ།། ༈ །དེ་ནས་གསོལ་ཁ་བྱ་བར་སྤྲོ་ན། ཧོ༔ དགོངས་སུ་གསོལ་ལོ། །ཆོས་དབྱིངས་སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་ངང་ནས། སྤྲུལ་པའི་མ་གཅིག་དཔལ་ལྷ་མོ། ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་མ་དུར་ཁྲོད་ཀྱི་བདག་མོ་རྡོ་རྗེ་ངས་ནུས་མ་གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་འཁོར་དང་བཅས་པ། ཁྱེད་རྣམས་སྔོན་གྱི་ཐུགས་དམ་ཞལ་གྱིས་བཞེས་པ་བཞིན་དུ་ཐུགས་བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་རྒྱ་གར་རྡོ་རྗེ་གདན་ན་བཞུགས་སམ། དུར་ཁྲོད་བསིལ་བའི་ཚལ་སོགས་དུར་ཁྲོད་བརྒྱད་ན་བཞུགས་སམ། དེ་ཝི་ཀོ་ཊ་སོགས་ཡུལ་ཆེན་ཉི་ཤུ་རྩ་བཞི་ན་བཞུགས་སམ། མཁར་ཆུ་ཉེ་བའི་ཚན་དྷོ་ཧ་ལ་སོགས་གནས་མཆོག་དམ་པ་གར་བཞུགས་ཀྱང་། དེང་གི་གནས་མཆོག་དམ་པ་འདིར་རྣལ་འབྱོར་པ་བདག་གིས་སྤྱན་འདྲེན་གྱིས། ཐུགས་དམ་དབང་གིས་གནས་འདིར་བྱོན་ལ། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དམ་པ་འབུལ་ལོ། །མུ་སྟེགས་


CMR015_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་མོ་སྲོག་སྒྲུབ་མ་དུར་ཁྲོད་ཀྱི་བདག་མོ་རྡོ་རྗེ་ངས་ནུས་མ་ལ་གསོལ་ལོ། །མཆོད་དོ།་།འདྲེན་ནོ། །འབུལ་ལོ། །གཞན་ཡང་དམར་མོ་ཁྲག་མདོག་མ། ལྗང་མོ་གཡུ་མདོག་མ། སེར་མོ་གསེར་མདོག་མ། སྔོན་མོ་ལྕགས་མདོག་མ། ནག་མོ་སོལ་མདོག་མོ། སྔོ་སྐུ་ཐལ་མདོག་མ། དབུ་ལྔ་དྲེད་མགོ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །ཁྱེད་རྣམས་ལ་གཙང་མ་ཕུད་ཀྱི་གསེར་སྐྱེམས། སྨན་གཏོར་རཀྟའི་མཆོད་པ་དམ་པ་འདི་འབུལ་ལོ། །ཁྱེད་རྣམས་སྔོན་གྱི་ཁས་བླངས་དང་། དམ་བཅས་རྗེས་སུ་དྲན་པར་མཛོད་ལ། རྣལ་འབྱོར་པ་བདག་གི་བཅོལ་བའི་ཕྲིན་ལས་མཛོད་ཅིག །དགྱེས་པའི་ཞལ་སྟོན་ཅིག །སྒྲུབ་པའི་རྟགས་ཐོན་ཅིག །སྙན་པའི་སྒྲ་སྒྲོགས་ཤིག །སུ་ལ་མི་རེ་ཁྱོད་རེའོ། །སུ་ལ་མི་ལྟོས་ཁྱོད་ལ་ལྟོས་སོ། །རྒྱལ་མཚན་དུ་ཁྱོད་ཕྱིར་རོ། །དཔའ་དེར་དུ་ཁྱོད་འཛུགས་སོ། །སྡང་བའི་དགྲ་ཐུལ་ཅིག །གནོད་པའི་བགེགས་ཆོམས་ཤིག །དཔལ་དང་འབྱོར་པ་སྤེལ་ཅིག །གཡང་ཆེན་གྱི་ནོར་དང་། བཅུད་ཅན་གྱི་ཟས་སྐྱོལ་ཅིག །བརྗིད་ཅན་གྱི་གོས་བཀོན་


CMR015_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །རྣལ་འབྱོར་པ་བདག་གི་ཡུལ་དང་འཁོར་སྐྱོངས་ཤིག །བྱེས་སུ་རྐྱེན་ཟློག་ཅིག །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །སྤོ་ལ་དར་སྦྱོར་ཁྲོམ་ལ་དུང་བུས་ཤིག །བཟང་པོ་བརྗེད་ན་སྐུལ་ཅིག །ངན་པ་དྲན་པས་ཟློག་ཅིག །མི་ནོར་ཕྱུགས་གསུམ་སྤེལ་ཅིག །ཆག་ཆེན་ཉམ་ང་ཟློག་ཅིག །དགྲ་ཇག་ཆོམ་རྐུན་ཆིངས་ཤིག །ཟོད་གཏོང་རྦད་འདྲེ་ཟློག་ཅིག །རྨིས་ལྟས་མཚན་མ་ངན་པ་ཐམས་ཅད་ཟློག་ཅིག །རྣལ་འབྱོར་པ་བདག་གི་འདོད་དོན་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཨོཾ་དྷ་མ་གྷ་ཡེ་ན་མ་ཧ་རི་ནི་ས་ཧྲིཏ་སྭཱ་ཧཱ། དེ་ལྟར་བསྐང་གསོལ་ལ་བརྩོན་ན་དམ་ཚིག་ཉམས་ཆག་བྱུང་ནས་ལྷ་མོ་རང་བཞིན་ཤུགས་ཀྱིས་འཁོར། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། རྟ་ནོར་ར་ལུག་སྒབ་སྤེལ་ལ། སྤྱིར་བདག་ཏུ་བཟུང་བའི་ཟས་ནོར་ཀ་ཆ་ཐམས་ཅད་ལྕགས་མཁར་དགུ་རིམ་ནང་དུ་ཚུད་པ་ལྟར། ཉིན་མཚན་ཐང་ལྷོད་མེད་པར་དུས་རྒྱུན་དུ་སྲུང་བ་ནི། རྒྱུད་ཀྱི་རྒྱལ་པོ་དགོངས་པ་འདུས་པ་དང་། ཕྱག་རྡོར་རྩ་རྒྱུད་རྩལ་ཆེན་འདུས་པ་དང་། ཕག་མོ་མངོན་བྱུང་རྒྱུད་ནས་གསུངས་པ་དང་། གཏེར་གཞུང་ཚད་ལྡན་རྣམས་སུ་གསུངས་པ་དང་། སྔར་གྱི་ཡིག་རྙིང་རྣམས་སུ་བྱུང་བའོ། །གཏེར་གཞུང་ལས། སངས་རྒྱས་


CMR015_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དཀོར་སྲུང་མ། །དེ་ཕྱིར་མོ་ཉིད་ནོར་ཕྱིར་འབྲང་། །ནོར་སྲང་གཅིག་གི་རྗེས་གཅོད་མ། །རྩྭ་འཛག་གཅིག་གི་ཤུལ་སྙོག་མ། །ཞེས་གསུངས་པ་ལ། ཟས་ནོར་དཀོར་རྣམས་སྲུང་བ་ལ། ལྷ་མོ་འདི་བས་རྣོ་མྱུར་ཆེ་བ་སྲུང་མ་གཞན་གང་ཡང་མེད་དོ། །རྦད་ན་ཡང་དགོན་ཆེན་དཔུང་མང་དང་། སྔགས་པ་ནུས་ལྡན་མང་ན་ཡང་མྱུར་མགྱོགས་དྲག་རྩལ་ལྡན་པར་འགྱུར་ཞིང་། དེ་མ་ཐག་ཏུ་ཆོ་འཕྲུལ་ལྟས་ངན་སྣ་ཚོགས་སྟོན་ཅིང་རྣོ་མྱུར་གློག་དང་འདྲའོ། །ཞེས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་དུས་ཐུན་མཚམས་གཅིག་ལ་༧ རཱ་ག་ཨ་སྱས་སྦྱར་བའོ།། །།སརྦ་མངྒ་ལཾ་ཛ་ཡནྟུ། ༈ འདི་ལས་ཟབ་པ་མེད། ཨོཾ་ཏཱ་རེ་ཏུཏྟ་ཏུ་རེ་སརྦ་ཧི་ཧི་ཙ་ལེ་ཙ་ལེ་བྷནྡྷ་ཕཊ་སྭཱ་ཧཱ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་། །དུར་ཁྲོད་ཀྱི་བདག་མོ་མཁའ་འགྲོ་ངས་ནུས་མ་ཡི་བསྐང་གསོལ།next