Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
མུ་སྟེགས་ཀྱི་ལྷ་མོ་སྲོག་སྒྲུབ་མ་དུར་ཁྲོད་ཀྱི་འདྲེ་མོ་ངེ་ནེ་མ་ཞེས་བྱ་བའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམུ་སྟེགས་ཀྱི་ལྷ་མོ་སྲོག་སྒྲུབ་མ་དུར་ཁྲོད་ཀྱི་འདྲེ་མོ་ངེ་ནེ་མ་ཞེས་བྱ་བའི་སྒྲུབ་ཐབས།next

མུ་སྟེགས་ཀྱི་ལྷ་མོ་སྲོག་སྒྲུབ་མ་དུར་ཁྲོད་ཀྱི་འདྲེ་མོ་ངེ་ནེ་མ་ཞེས་བྱ་བའི་སྒྲུབ་ཐབས།


CMR015_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཏིར་ཏི་ཀ་དྷཱཀི་ནཱི་གྲ་ཡ་རུ་ཡེ༔ མུ་སྟེགས་ཀྱི་ལྷ་མོ་སྲོག་སྒྲུབ་མ༔ དུར་ཁྲོད་ཀྱི་འདྲེ་མོ་ངེ་ནེ་མ་ཞེས་བྱ་བའི་སྒྲུབ་ཐབས་ཞེས་བྱ་བ༔ ཕྲིན་ལས་ཀྱི་ལྷ་མོ་ཕྱག་འཚལ་ལོ༔ བསྟན་སྲུང་འདྲེ་མོ༔ སངས་རྒྱས་བསྟན་པའི་དཀོར་གྱི་སྲུང་མ་འདི་ལ་ལྔ་སྟེ༔ འདི་ཡི་མན་ངག་རིམ་པ་ནི༔ པདྨ་བདག་གིས་བསྟན་པར་བྱ༔ གནས་བསྟེན་རྫས་ལ་གཅོད་པ་དང་༔ རྦད་དང་ལས་ཀྱི་མཐའ་སྡུད་དོ༔ གནས་ནི་དུར་ཁྲོད་དབེན་གནས་སུ༔ དལ་ནི་མདའ་གང་གྲུ་བཞིའི་དབུས༔ རི་བོང་ཕག་གམ་ཝ་ཐོད་དུ༔ གང་བྱེད་རང་རང་ཤ་ཚིལ་སྙིང་༔ སྤོས་དང་གླ་རྩི་དར་སྣ་དང་༔ གུ་གུལ་དཀར་པོ་དེ་རྣམས་གཞུག༔ ཤོག་བུའམ་ནི་དུར་ཁྲོད་རས༔ བུད་མེད་ནག་མོ་འཇིགས་པའི་གཟུགས༔ བྲིས་ཏེ་སྙིང་ཁར་སྲོག་སྙིང་དང་༔ འདོམས་སུ་རྡོ་རྗེ་རྒྱ་གྲམ་བྲི༔ དེ་ཡི་མཐའ་མར་རྨོད་བཅོལ་ནི༔ མ་མོ་ནག་མོ་དགྲ་བོ་འདི༔ ནོར་ཁྱེར་མིང་བོས་མྱུར་དུ་སོང་༔ འོ་དོད་བོས་དང་ཆེ་གེ་མོའི༔ ལྟས་ངན་སྣ་ཚོགས་ཐོང་ཞེས་བྲི༔ ཐོད་ངན་གཞུག་ཅིང་དེ་ཡི་སྟེང་༔ ནམ་མཁའ་ནག་པོ་དར་ནག་གཟུགས༔ ཐོད་པ་རས་དྲིལ་དལ་སྟེང་བཞག༔ དེ་སོགས་བྲུབ་ཁུང་དགྲ་བོ་ཡི༔ ལིངྒ་བཞག་ལ་དགུག་གཞུག་བྱ༔ ངག་བཅད་འབོད་སྔགས་འདི་ལ་འབད༔ ཨོཾ་ར་ལི་པྲ་མ་ཡ་ཛཿ ཞག་གསུམ་བདུན་ནས་ལྔ་རུ་བསྒྲུབ༔ བུད་མེད་ནག་མོ་འཇིགས་པའི་གཟུགས༔ རབ་དངོས་འབྲིང་ཉམས་ཐ་མ་ཡང་༔ རྨི་ལམ་དུ་ནི་ངེས་པར་འོང་༔ ང་འབོད་ཅི་བྱེད་ཟེར་དུ་འོང་༔ མ་


CMR015_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་ནི་འདྲེ་མོ་ཉིད༔ དུར་ཁྲོད་ནང་དུ་ཡན་པས་ནི༔ གོང་ལ་འདི་བཏགས་ཞག་བཞིར་བཟླས༔ སི་ལི་མ་ནི་ཛཿ དེ་ལྟར་བྱུང་ན་འོ་མས་མཆོད༔ ང་ཡི་ནོར་གཏོར་ལ་འུར་རྒྱུས༔ བསྐུལ་ཞིང་གཏོར་མ་བཏང་བ་དང་༔ མ་ཧཱ་པདྨ་ཧུར་ཧུར༔ དེ་སྐད་བཟླས་ཤིང་བསྐུལ་འདི་བྱ༔ ཧཱུྃ༔ མ་མོ་ནག་མོ་མཐུ་རྩལ་ཅན༔ མུ་སྟེགས་ལྷ་མོ་རྫུ་འཕྲུལ་ཅན༔ ནོར་སྲང་གཅིག་གི་རྗེས་གཅོད་མ༔ ནས་བྲེ་གང་གི་ཕྱིར་འབྲང་མ༔ ནོར་བདག་མ་ཁྱེད་ནོར་ལ་རྩི༔ དཀོར་བདག་བོང་བུ་དམར་གྲྭ་ཆིབས༔ རེས་འགའ་ཕྱག་ན་གྲི་ཐོད་འཛིན༔ ལྕགས་དྲྭ་ནད་ཀྱི་རྐྱལ་པ་བསྣམས༔ ཤིན་ཏུ་དྲག་ཏུ་ཁྲོས་པའི་ཚེ༔ མུན་མདོག་ཞལ་གཅིག་ཕྱག་དྲུག་མ༔ སྲིན་མོ་ཞལ་གདངས་ཁྲག་མདོག་ཅན༔ ཁྲག་གི་རལ་པས་བར་སྣང་ཁྱབ༔ ཁ་གདངས་རྣག་ཁྲག་ནད་རླངས་འཕྱོ༔ ཁྲག་མདོག་སེན་མོ་ཉིན་ལམ་འཕྱོང་༔ ནུ་མའི་རྩེ་ནས་ཁྲག་རྒོད་འབེབས༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ གྲི་ཁུག་ཀླད་ཁྲག་དཀྲུགས་ཤིང་གསོལ༔ བར་པས་ནད་རྐྱལ་མཚོན་གྲུ་འཛིན༔ འོག་གཉིས་ལྕགས་དྲ་ཁྲམ་ཤིང་བསྣམས༔ མཆན་ཁུང་གཡས་གསུམ་མཚོན་གྲུ་དང་༔ གཡོན་གསུམ་ནད་རྐྱལ་རེ་རེ་བཅུག༔ གཅེར་བུ་དྲེལ་


CMR015_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཞུར་པོ་ཆིབས༔ བློ་བྷོ་སྡང་བའི་དགྲ་ལ་བྷྱོ༔ ཆོས་ཆོས་མ་མོ་དམག་ལ་ཆོས༔ རྒྱུག་རྒྱུག་དགྲ་རྐུན་སྟེང་དུ་རྒྱུག༔ མ་གཡེལ་མ་གཡེལ་ལས་ལ་ཡ༔ དཀོར་ནོར་དགྲ་ཡིས་ཁྱེར་སོང་བས༔ དཀོར་གྱི་བདག་མོས་ར་མདའ་མཛོད༔ རྡོ་རྗེ་མཁའ་འགྲོ་ངེ་ནེ་མ༔ ནོར་སྲང་གང་གི་རྗེས་གཅོད་མ༔ དཀོར་ནོར་ཁྱེར་བ་མ་མཐོང་ཟླངམ༔ དཀོར་ལ་བརྩེ་ཞིང་ནོར་ལ་གདུང་༔ དཀོར་དད་ཅན་གྱི་ལྷ་མོ་ཁྱོད༔ དཀོར་གྱི་ར་མདར་ད་རྒྱུག་ཅིག༔ ནས་བྲེ་གང་གི་ཕྱིར་འབྲང་མ༔ རྩྭ་འཇག་གཅིག་གི་རྗེས་གཅོད་མ༔ ཆུ་ཕོར་གང་གི་ཤུལ་སྙོགས་མ༔ དཀོར་ནོར་ཆེ་གེ་དགྲས་ཁྱེར་བས༔ དཀོར་བདག་ཁྱོད་ཀྱིས་མ་མཐོང་ངམ༔ མངོན་ཤེས་སྤྱན་དང་མི་ལྡན་ནམ༔ དམ་ཉམས་དགྲ་རྐུན་ལས་ངན་འདིས༔ སངས་རྒྱས་བསྟན་པ་སྨྲ་ཕབ་ནས༔ རྣལ་འབྱོར་བདག་ལ་དོ་བསྡོས་ནས༔ མ་མོ་ཁྱོད་ལ་བརྙས་བཙུགས་ནས༔ ས་ཆ་ཆེ་གེ་ཞེས་བྱ་ནས༔ ཀ་ཆ་ཆེ་གེ་ཁྱེར་སོང་བས༔ དེ་ཡི་དཀོར་གྱི་སྲུང་མ་ལ༔ རྡོ་རྗེ་ངེ་ནེ་མ་བསྐོས་ཛཿ དགྲ་བོས་མ་བརྩིས་ནོར་ཁྱེར་བས༔ ལྷ་མི་འཇིག་རྟེན་ཐམས་ཅད་ཀྱི༔ དཀོར་བདག་ལྷ་མོ་


CMR015_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱ་བར་འགྱུར༔ འདི་ལས་སྨ་ཕབ་ཆེ་བ་ནི༔ ངེ་ནེ་མ་ལ་ཡོང་མི་སྲིད༔ དུར་ཁྲོད་འདྲེ་མོ་ངེ་ནེ་མ༔ ཞེ་སྡང་གདུག་རྩུབ་མ་ཆུང་ཞིག༔ དགའ་བྱེད་དབང་ཕྱུག་ད་རྒྱུག་ཅིག༔ དཀོར་རྐུན་རྗེས་ལ་ད་རྒྱུག་ཅིག༔ དཀོར་སྲུང་ཆེན་མོ་ད་རྒྱུག་ཅིག༔ དམར་མོ་ཁྲག་མདོག་ད་རྒྱུག་ཅིག༔ སྔོན་མོ་གཡུ་མདོག་ད་རྒྱུག་ཅིག༔ སེར་མོ་གསེར་མདོག་ད་རྒྱུག་ཅིག༔ སྔོན་མོ་ལྕགས་མདོག་ད་རྒྱུག་ཅིག༔ དབུ་ལྔ་དྲེད་མགོ་ད་རྒྱུག་ཅིག༔ ནག་མོ་སོལ་མདོག་ད་རྒྱུག་ཅིག༔ ལྟས་ངན་བརྒྱད་ཅུའི་ཐན་རྐྱལ་དེ༔ དམ་ཉམས་དགྲ་བོའི་སྟེང་དུ་བྱོས༔ བྱ་ཐན་སྣ་ཚོགས་དགྲ་ལ་བྷྱོ༔ སྟེང་དུ་བྱ་ཐན་འབབ་ཏུ་ཆུག༔ རི་བྱ་ཁྱིམ་དུ་འབབ་ཏུ་ཆུག༔ འུག་པ་སྟེང་དུ་རྒོད་དུ་ཆུག༔ སྲིན་བྱས་ཀུ་ཡིས་འདེབས་སུ་ཆུག༔ བྱ་ནག་སྡེར་འཛིང་བྱེད་དུ་ཆུག༔ ཕོ་རོག་གཤོག་ཐབས་བྱེད་དུ་ཆུག༔ གཅན་གཟན་ཐན་རྣམས་དགྲ་ལ་བྷྱོ༔ ཐད་དུ་ཕོ་སྤྱང་ངུ་རུ་ཆུག༔ གཅན་གཟན་ཁྱིམ་དུ་རྒྱུག་ཏུ་ཆུག༔ སྒོ་དྲུང་ཝ་མོ་བརྒྱལ་དུ་ཆུག༔ སྤྲེའུ་གླང་ཞོན་རྒྱུག་ཏུ་ཆུག༔ ཝ་མོ་སྤྱང་ཞོན་དགྲ་ལ་རྒྱུག༔ སྤྱང་ཀི་དྲེད་ཞོན་དགྲ་ལ་རྒྱུག༔ རི་དྭགས་ཐན་རྣམས་དགྲ་


CMR015_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱུག༔ ལྷས་སུ་ཤ་ཕོ་རུ་འཛིང་རྒྱུག༔ སྒོ་རུ་ཡུ་མོ་བགྱིད་ལྷས་རྒྱུག༔ རི་དྭགས་སྣ་ཚོགས་ཁྱིམ་དུ་ཐོང་༔ རི་བོང་གླང་ཞོན་ཁྱིམ་དུ་ཐོང་༔ གཡུང་དྭགས་ཐན་རྣམས་དགྲ་ལ་རྒྱུག༔ དུད་འགྲོ་ལྷག་ཆད་རྒྱུན་མ་གཅོད༔ སྒོ་ཁྱི་རྒྱུན་དུ་ངུ་རུ་ཆུག༔ སྒོ་ཁྱིས་རོ་དོང་འབྲུ་རུ་ཚུག༔ ཁྱིམ་ཕུག་ཐུག་ཆོམ་འུར་སྒྲ་ཐོང་༔ དགྲ་བོའི་མིང་ནས་རྒྱུན་དུ་བོས༔ ནོར་གྱི་ར་མདའ་ཡིན་ནོ་གྱིས༔ དོན་སྙིང་སྲོག་རྩ་ཁྱེར་རོ་གྱིས༔ བུད་མེད་ནག་མོས་ངུ་འབོད་ཐོང་༔ མལ་ས་རྒྱུན་དུ་མགོ་འཇུག་ལྡོག༔ སྐྱ་ནས་འཐེན་ལ་འགྲམ་ལྕག་རྒྱོབ༔ གཉིད་ཀྱིས་ནོན་ལ་གྲིབ་ནོན་ཐོན༔ སྐྱག་ཏུ་ཆུག་ལ་དངས་སུ་ཆུག༔ དགྲ་བོ་སྨྱོར་ཆུག་བརྒྱལ་དུ་ཆུག༔ ཞི་རུ་ཆུག་ལ་རེངས་སུ་ཆུག༔ ཁྱེར་བའི་ཀ་ཆ་ནོར་རྫས་ལ༔ མེ་འབར་མི་སྐད་སྨྲ་རུ་ཆུག༔ དགྲ་ཁྱིམ་མེ་དཔུང་འཁྱིལ་དུ་ཆུག༔ མི་རུངས་འཇིགས་པའི་ཆོ་འཕྲུལ་གྱིས༔ དགྲ་བོ་སྔངས་ཤིང་སྐག་ཚུག་ལ༔ ས་ཆ་ཆེ་གེ་ནས་ཁྱེར་བའི༔ ཀ་ཆ་མྱུར་དུ་ཁྱེར་ལ་ཤོག༔ བཀའ་དང་དམ་ལས་མ་འདའ་ཞིག༔ མཐུ་དང་རྫུ་འཕྲུལ་ཅི་གདའ་ལྕ༔ ཞག་དང་ཟ་མར་མ་འགོར་བར༔ བཅོལ་བའི་ཕྲིན་


CMR015_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འགྲུབ་པར་མཛོད༔ ཅེས་གཏོར་ཆུང་ཉེར་གཅིག་འུར་རྡོར་བཞག་ནས་འཕང་བར་བཤད་ཀྱང་༔ ཞག་རེ་ལ་རེ་རེ་འཕེན་པར་བྱའོ། །ཡང་ན་ཕྱོགས་གཅིག་ཏུ་འཕེན་ཞིང་ཟད་སྔགས་ནན་ཏན་བཟླའོ། །ཞེས་ཐུགས་རྗེ་ཆེན་པོའི་ལྷན་ཐབས་སུ་དམིགས་ཏེ་དགྲ་རྐུན་བྱུང་བ་ལ་བརྟེན་ནས་བྱི་བ་སྨིན་དྲུག་ཟླ་བའི་ཚེས་བཞི་ལ་གཟའ་ཐེབ་ཉིན་པར་ཏེ། ཉེས་པ་ཆེ་བར་བསམས་ནས་བསད་ལས་བསྐུལ་པ་མ་བྲིས། ཞེས་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམུ་སྟེགས་ཀྱི་ལྷ་མོ་སྲོག་སྒྲུབ་མ་དུར་ཁྲོད་ཀྱི་འདྲེ་མོ་ངེ་ནེ་མ་ཞེས་བྱ་བའི་སྒྲུབ་ཐབས།next