Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
མཁའ་རི་དང་སྨྱོ་ཁའི་གསོལ་མཆོད་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་རི་དང་སྨྱོ་ཁའི་གསོལ་མཆོད་བསྡུས་པ།next

མཁའ་རི་དང་སྨྱོ་ཁའི་གསོལ་མཆོད་བསྡུས་པ།


CMR015_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རི་དང་སྨྱོ་ཁའི་གསོལ་མཆོད་བསྡུས་པ་བཞུགས་སོ༔


CMR015_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ མདུན་དུ་མཁའ་རི་མི་དཀར་རྟ་དཀར་ཆིབས༔ ཤེལ་གྱི་ཞུབས་ཅན་སྦ་ལྕག་ཐུན་དོང་བསྣམས༔ ལྷ་མོ་ཤེལ་གཟའ་མཛོ་མོ་འཕུར་ཤེས་ཆིབས༔ དམག་ཚོགས་འབུམ་གྱིས་འཁོར་བཅས་སྤྱན་དྲངས་གྱུར༔ ཧཱུྃ༔ དྲག་པོ་མཚོ་ཆེན་ཨོ་རྒྱན་ཕྱག་རྗེས་བཀྲ༔ གངས་དཀར་ཤེལ་འདྲ་རྩེ་མོ་དགུང་དུ་བསྙེགས༔ དེ་དབུས་རིན་ཆེན་ཤེལ་གྱི་སྐུ་མཁར་ནས༔ དགེ་བསྙེན་མཁའ་རི་ལྕམ་དྲལ་གཤེགས་སུ་གསོལ༔ ལེགས་བཤམ་རིན་ཆེན་ཁྲི་ལ་བཞུགས་ནས་ཀྱང་༔ རྣལ་འབྱོར་བདག་གི་བཀའ་སྲུང་ཕོ་ཉ་མཛོད༔ བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་


CMR015_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ༔ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི༔ གཡག་དཀར་ཐོད་པ་སྐུ་གཟུགས་མེ་ལོང་དང་༔ མདའ་དར་སྦ་ལྕག་ཚིགས་གསུམ་ཤེལ་དང་མདུང་༔ ཟན་གཡག་གསང་ལུག་མཛོ་མོ་དཀར་མོ་དང་༔ ཆང་ཕུད་ཆོས་སྨན་འབྲང་རྒྱས་ལུག་གི་ཤ༔ གསུར་དང་སྤོས་དུད་གཏོར་མས་ཐུགས་དམ་བསྐང་༔ ཨོཾ་བཛྲ་ཏྲིག་ན་ཏྲིག་པ༔ ཏྲིག་སྨན་རུ་རུ་ཙི་ཙི་ཛཿ མ་ཧཱ་བ་ལིཾ་ཏ་ཛི་ཧ་ར་ས་མ་ཡ་པུ་ཛ་རུ་པ་བྷ་ཧུ་ཏ་ཕ་ལ་ང་ཤྲཱི་ན་ཧཱུཾ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ མཁའ་རི་ཁྱོད་ནི་དམ་ཚིག་མཆོག་ཏུ་གཙང་༔ དེ་ཚེ་རིག་འཛིན་པདྨ་འབྱུང་གནས་ནི༔ ཁྱོད་དང་


CMR015_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་རྟག་ཏུ་སྤྱི་གཙུག་རྒྱན༔ རྣལ་འབྱོར་བདག་གིས་ཁྱོད་ལ་མཆོད་བསྟོད་གྱིས༔ སྔོན་གྱི་ཐུགས་དམ་དམ་བཅའི་དགོངས་མཛོད་ལ༔ བདག་དང་ཨོ་རྒྱན་པདྨ་སྤྱད་དུ་གསོལ༔ མཁའ་རི་བྱིས་པ་མཛེས་པར་སྤྲུལ༔ བདག་དང་འགྲོགས་པར་རྨིས་ཕྱིར་བྲིས༔ མཁའ་རི་གསོལ་མཆོད་ཧཱུྃ་སྒྲ་བཞི་པའོ༔ ཧཱུྃ༔ མདུན་དུ་མཚོ་དབུས་ཀླུ་བདུད་དགེ་བསྙེན་ནི༔ དུད་མདོག་མིག་གང་གདེངས་ཀ་སྤྲུལ་མཇུག་འཁྱིལ༔ འཁོར་ལོ་ཞགས་འཛིན་བྲ་ནག་རྟིང་དཀར་ཆིབས༔ འཁོར་དང་སྤྲུལ་པའི་ཚོགས་བཅས་སྤྱན་དྲངས་གྱུར༔ ཧཱུྃ༔ རོལ་མཚོ་བདུན་དང་རྒྱ་བོད་གནས་ཆེན་བརྒྱད༔ ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་ནས༔ དགེ་བསྙེན་སྨྱོ་ཁ་འཁོར་དང་སྤྲུལ་པར་བཅས༔ ཞི་ཞིང་བྱམས་པའི་ཐུགས་ཀྱིས་བྱོན་ནས་ཀྱང་༔ རྣལ་འབྱོར་བདག་གི་ཁ་འཛིན་སྡོང་གྲོགས་མཛོད༔ བཛྲ་ས་མ་ཡ་ཛཿ ཛཧཱུྃ་བཾ་ཧོ༔ ཧཱུྃ༔ སྨྱུག་རྒོད་རྨ་བྱའི་མདངས་དང་དར་ཚོན་ལྔ༔ དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་དང་༔ དམར་གཏོར་བྱ་ནག་ལྡིང་ཞིང་སྦྲུལ་ནག་དཀྲིས༔ ཟན་གྱི་གཡག་ནག་དགྲ་བོའི་ལིངྒ་བཀལ༔ ཡིད་སྤྲུལ་རྒྱ་མཚོ་པད་ཟླའི་གདན་ལ་བཞུགས༔ དགྲ་བོའི་ཤ་


CMR015_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ལ་སོགས་མཆོད་པའི་རྫས༔ ཀླུ་ཡི་དགེ་བསྙེན་འཁོར་བཅས་ཐུགས་དམ་བསྐང་༔ ནཱ་ག་རཱ་ཙ་ནག་པོ་ཏི་པ་ཙ་ཡ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ས་བརྒྱད་ནོན་པའི་སེམས་དཔའ་ཆེན་པོ་ཁྱོད༔ སྨོན་ལམ་དབང་གིས་ཀླུ་བདུད་རྗེ་བོར་གྱུར༔ རྫུ་འཕྲུལ་སྟོབས་ཀྱིས་དབུས་གཙང་ཁམས་སུ་ཁྱབ༔ དམ་ཚིག་གཙང་བས་ཟབ་གཏེར་སྲུང་མ་མཛད༔ སྤྲུལ་པའི་དགེ་བསྙེན་མཆོད་ཅིང་བསྟོད་ལགས་ན༔ ཁྱོད་ཀྱི་འཁོར་དུ་གཏོགས་པའི་ཀླུ་གཉན་དང་རྒྱལ་འགོང་དམ་སྲིའི་བར་ཆད་བཟློག་ཏུ་གསོལ༔ གག་ལྷོག་གྲི་དམེ་ནང་འཁྲུག་དགྲ་ལ་ཐོང་༔ ཧཱུྃ༔ དགེ་བསྙེན་འཁོར་བཅས་ཐུགས་དང་འགལ་བའི་ལས༔ ཐབ་གཞོབ་མནའ་དང་ཤིང་གཉན་བཅད་པ་སོགས༔ ཉེས་པ་གང་མཆིས་རབ་ཏུ་གནོང་པས་བཤགས༔ རྟག་ཏུ་སྤྱན་དང་གྲོགས་ལྟར་བརྩེར་དགོངས་ལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ བཙན་ཕྱུག་དར་གསུམ་འཛོམས་པའི་སྡོང་གྲོགས་མཛོད༔ པདྨ་འབྱུང་གནས་བཀའ་ལས་མ་འདའ་བར༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྨྱོ་ཁའི་གསོལ་མཆོད་ཧཱུྃ་སྒྲ་ལྔ་པའོ༔


CMR015_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་འདོད་ན་གཏེར་གཞུང་གི་འདི་ཉིད་ཐོན༔ བསྡུས་པར་མཁའ་རི་སྨྱོ་ཁ་སྔགས་བསྔོས་བྱ༔ འབྲིང་པོ་འདོད་ན་འདི་ཉིད་ཤིན་ཏུ་གཅེས༔ གངས་བཙན་ཤེའུ་སྐུ་ལྷ་མཁའ་རི་དང་༔ ཀླུ་བདུད་ནག་པོ་དགེ་བསྙེན་སྨྱོ་ཁ་ཡི༔ གསོལ་མཆོད་བསྡུས་པ་འདི་ཉིད་ཤིན་ཏུ་ནི༔ རཱ་གའི་མིང་ཅན་དེ་ཡིས་སྦྱར་བའོ༔ འདི་ལ་འགལ་འཁྲུལ་ནོངས་པ་གང་བགྱིས་པ༔ གཏེར་སྲུང་གཉིས་པོ་འཁོར་དང་བཅས་ལ་བཤགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྲུང་གཉིས་ཀྱིས་སྲུང་མ་ལེགས་མཛད་ནས༔ མཆེད་གྲོགས་ཆོས་མཛད་སྐུ་ཚེའི་བར་ཆད་ཞི༔ ཚེ་རིང་ནད་མེད་བསམ་དོན་ལྷུན་གྲུབ་ཤོག༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱས་གྱུར་ཅིག༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཁའ་རི་དང་སྨྱོ་ཁའི་གསོལ་མཆོད་བསྡུས་པ།next