Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་སྐྱེའུ་པ་བརྒྱུད་པའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་སྐྱེའུ་པ་བརྒྱུད་པའི་གསོལ་འདེབས།next

ཐུགས་རྗེ་ཆེན་པོ་སྐྱེའུ་པ་བརྒྱུད་པའི་གསོལ་འདེབས།


CMR015_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྐྱེའུ་པ་བརྒྱུད་པའི་གསོལ་འདེབས་བཞུགས།། ༄༅། །ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན༔ ཀུན་ཏུ་བཟང་པོ་དྲུག་པ་རྡོ་རྗེ་འཆང་༔ ཤུདྡྷ་པ་དང་གྲུབ་ཆེན་རྫ་གྲ་པ༔ གྲུབ་ཆེན་སྐྱེའུ་པ་དང་པདྨ་འབྱུང་༔ མི་འགྱུར་རྡོ་རྗེ་ལ་སོགས་རྩ་བརྒྱུད་ཀྱི༔ རིག་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས༔ སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས༔ འཕགས་པ་ཀུན་དགའ་བོ་དང་པདྨ་སྐྱེས༔ པཎ་ཆེན་ཨ་བ་ར་དང་བེ་རོ་ཙཱ༔ པཎྜི་ཀ་མ་དྷེ་དང་ཨ་ཕ་ལ༔ གུ་རུ་ཀུན་བཟང་ལེགས་དང་ཨུ་རྒྱན་མགོན༔ མཁས་གྲུབ་ཆེན་པོ་རྣམས་ལ་གསོལ་བ་འདེབས༔ བསྟན་པ་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས༔ ཀུན་དགའི་མཚན་དང་ཇ་མ་གུ་རུ་པ༔ ཤྲཱི་ལ་བཛྲ་དབང་དྲག་རྒྱ་མཚོ་ཞེས༔ བསམ་ཞིང་སྐུ་སྤྲུལ་མི་འགྱུར་རྡོ་རྗེ་སོགས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྐྱེ་བའི་ཕྲེང་བ་རྣམས་ལ་གསོལ་བ་འདེབས༔ འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེན་པ་ལ༔ སྤྱན་རས་གཟིགས་དང་མཉམ་པར་བྱིན་གྱིས་རློབས༔ ཡི་དམ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས༔ རིགས་བཞི་ཡབ་ཡུམ་རྟ་མཆོག་ཁྲོ་བོ་


CMR015_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བཞི༔ ཀཱི་ལ་མཆེད་བཞི་ལོཀྟི་པཱ་ལ་བཞི༔ འཁོར་ལོས་སྒྱུར་བཞི་རིགས་བཞི་འབངས་བཞི་སོགས༔ ཐུགས་རྗེ་འགྲོ་འདུལ་ལྷ་ལ་གསོལ་བ་འདེབས༔ འཁོར་བ་དོང་ནས་ཤུ༔ སྤྲུགས་པར་བྱིན་གྱིས་རློབས༔ རིགས་དྲུག་འདུལ་བྱེད་ཐུབ་པ་ཆེན་པོ་དྲུག༔ དེ་བཞིན་འགྲོ་དྲུག་འདྲེན་བྱེད་པད་འབྱུང་དྲུག༔ བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀུན་གྱི་བཅུད༔ གསང་སྔགས་ཆོས་འབྲུ་བདུན་ལ་གསོལ་བ་འདེབས༔ མཐོང་ཐོས་དྲན་རེག་འགྲོ་བ་ཐམས་ཅད་ཀྱི༔ རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས༔ འཛམ་གླིང་ཡུལ་ཆེན་ཉི་ཤུ་རྩ་བཞི་ན༔ གནས་ཆེན་སུམ་ཅུ་སོ་གཉིས་དབང་མཛད་པ༔ དཔའ་བོ་དཔའ་མོ་སུམ་ཅུ་རྩ་གཉིས་ལ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ གླིང་བཞི་རི་རབ་ཆེན་པོའི་ཕྱོགས་བཞི་ནས༔ ས་བརྒྱད་ལ་གནས་རྒྱལ་པོ་ཆེན་པོ་བཞི༔ གསོལ་བ་འདེབས་སོ་ཐུགས་དམ་གནད་ནས་བསྐུལ༔ བསོད་ནམས་མངའ་ཐང་དཔལ་འབྱོར་རྒྱས་པ་དང་༔ འབྲེལ་ཚད་དོན་ལྡན་གནམ་ཆོས་བསྟན་པ་དར༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང་༔


CMR015_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པ་བླ་མ་དཀོན་མཆོག་བསྟན་འཛིན་གྱིས་བསྐུལ་ནས༔ རཱག་ཨ་སྱས་འཕྲལ་དུ་སྨྲས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་སྐྱེའུ་པ་བརྒྱུད་པའི་གསོལ་འདེབས།next