Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་སྐྱེའུ་ལུགས་ཀྱི་ལས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་སྐྱེའུ་ལུགས་ཀྱི་ལས་བྱང་།next

ཐུགས་རྗེ་ཆེན་པོ་སྐྱེའུ་ལུགས་ཀྱི་ལས་བྱང་།


CMR015_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྐྱེའུ་ལུགས་ཀྱི་ལས་བྱང་ཡོད༔


CMR015_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ཡེ༔ རྒྱལ་བ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ནས༔ ཉམས་སུ་ལེན་དང་གཞན་ལ་དབང་བསྐུར་བའི༔ སྐྱེའུ་ལུགས་ཀྱི་མངོན་རྟོགས་འདིར་བཀོད་བྱ༔ ཆོས་བདག་སྲུང་མས་བཀའ་གནང་བྱིན་རླབས་སྩོལ༔ དཀྱིལ་འཁོར་བུམ་པ་གཏོར་མཆོད་ལ་སོགས་པ༔ སྤྱི་དང་མཐུན་པར་རྒྱས་བསྡུས་གང་ལྕོགས་བཤམས༔ གནམ་ཆོས་གཞུང་ལྟར་སྐྱབས་སེམས་སྔོན་འགྲོ་བྱ༔ དེ་ནས་འདོན་སྒོམ་སྦྲག་པ་འདི་ལྟར་རོ༔ རང་གི་སྙིང་དབུས་རང་སེམས་ཧཱུྃ་ཡིག་གསལ༔ དེ་ལས་འོད་ཟེར་རྣམ་བཞི་རིམ་པར་འཕྲོས་དཀར་པོ་འཕྲོས་པས་འཕགས་པའི་ཚོགས་རྣམས་མཆོད༔ ཁྲ་བོ་འཕྲོས་པས་འགྲོ་ཀུན་བདེ་ལ་བཀོད༔ ནག་པོ་འཕྲོས་པས་


CMR015_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བགེས་རྣམས་ཚར་བཅད་བསྐྱེད༔ དམར་པོ་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི༔ བྱིན་རླབས་ཧཱུྃ་ཡིག་རྣམ་པར་བདག་ལ་བསྟིམ༔ རང་ལུས་འོད་ཞུ་སྐད་ཅིག་དྲན་རྫོགས་སུ༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ༔ སྐུ་མདོག་པདྨ་རཱ་གའི་རི་བོ་འདྲ༔ ཞལ་གཅིག་འཛུམ་མཛེས་སྤྱན་གཉིས་འགྲོ་ལ་གཟིགས༔ རིན་ཆེན་པྲོག་ཞུ་རལ་པའི་ཐོར་ཚུགས་རྩེར༔ རིགས་བདག་སྣང་མཐའ་སྤྲུལ་སྐུའི་ཆ་ལུགས་བཞུགས༔ ཕྱག་བཞི་དང་པོས་ཐུགས་ཀར་ཐལ་མོ་སྦྱར༔ སངས་རྒྱས་ཀུན་གྱི་ཐུགས་རྗེ་བསྐུལ་བར་མཛད༔ གཡས་འོག་བགྲང་ཕྲེང་ཡིག་དྲུག་


CMR015_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་འབེབས༔ གཡོན་འོག་པདྨར་སངས་རྒྱས་སྟོང་རྩ་འཕྲོ༔ མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་རྫོགས༔ སྣ་ཚོགས་དར་གྱི་སྟོད་གཡོགས་ཤམ་ཐབས་དང་ཅོད་པན་སྐེ་རགས་དར་དཔྱངས་རླུང་གིས་བསྐྱོད༔ ཨུཏྤལ་གདེངས་ཀ་རིན་ཆེན་རྒྱན་ཆ་སོགས༔ ཞི་བའི་ཚེས་བཅུས་ཡོངས་སུ་རྫོགས་པར་བརྒྱན༔ ཞབས་གཉིས་འགྲོ་བའི་དོན་ལ་མཉམ་པར་བཞེངས༔ སྣ་ཚོགས་རིན་ཆེན་པདྨ་ཟླ་བའི་སྟེང་༔ རིན་ཆེན་རྒྱབ་ཡོལ་མུ་ཏིག་ཆུན་འཕྱང་ལྡན༔ ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་འབར༔ གནས་གསུམ་འབྲུ་གསུམ་ཐུགས་ཀར་ཟླ་སྟེང་ཧཱུྃ༔ དེ་ལ་ཡི་གེ་བཅུ་པས་གཡས་སུ་བསྐོར༔ འོད་འཕྲོས་རྒྱལ་བ་རྒྱལ་སྲས་ཐམས་ཅད་མཆོད༔ ཀུན་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཆར་བཞིན་བབས་ནས་བདག་ལ་ཐིམ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་ནུས་བཟླས་ནས༔ ཨོཾ་པདྨནྟ་ཀྲིཏ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས༔ སྟོང་པའི་ངང་ལས་ཧཱུཾ་ལས་བུམ་པ་ནི༔ ལྟོ་ལྡིར་ཞབས་ཞུམ་མཆུ་འཕྱང་མགྲིན་པ་རིང་༔ ལྷ་རྫས་མགུལ་ཆིངས་དཔག་བསམ་ཁ་རྒྱན་ཅན༔ ཕྱེད་མན་བདུད་རྩིའི་རྒྱ་མཚོ་འཁྱིལ་སྟེང་དང་༔ མདུན་


CMR015_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཀྱིལ་འཁོར་འབྱུང་བ་རིམ་བརྩེགས་དང་༔ རི་རབ་རྡོ་རྗེའི་ས་གཞི་སྙོམས་པའི་སྟེང་༔ ཧཱུྃ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ ཕོ་བྲང་གཞལ་ཡས་གྲུ་བཞི་སྒོ་བཞི་པ༔ རྟ་བབས་བང་རིམ་མཚན་ཉིད་ཡོངས་སུ་རྫོགས༔ ཁོར་ཡུག་པདྨ་རྡོ་ར་མེ་རིས་བསྐོར༔ ཕོ་བྲང་ཤར་དཀར་ལྷོ་སེར་ནུབ་དམར་དང་༔ བྱང་ལྗང་དབུས་སུ་སྣ་ཚོགས་པདྨ་ནི༔ འདབ་མ་རིམ་བཞིའི་དབུས་ཀྱི་ཟེའུ་འབྲུར༔ ཐབས་ཤེས་ཉི་མ་ཟླ་བ་བརྩེགས་པའི་སྟེང་༔ ཧྲཱིཿཡིག་ལས་བྱུང་འཕགས་པ་སྤྱན་རས་གཟིགས༔ ཤིན་ཏུ་དམར་བའི་མདོག་ཅན་འོད་ཟེར་འཕྲོ༔ ཞལ་གཅིག་ཕྱག་བཞི་མཚན་དཔེ་རིན་ཆེན་བརྒྱན༔ ལྷ་རྫས་དར་གྱི་ན་བཟའ་ཅོད་པན་འཕུར༔ ཐལ་སྦྱར་ཕྲེང་བ་པདྨ་ཕྱག་ན་བསྣམས༔ བཞེངས་པའི་སྟབས་བཞུགས་རིགས་བདག་དབུ་རྒྱན་ཅན༔ རིན་ཆེན་རྒྱབ་ཡོལ་མུ་ཏིག་དྲ་ཕྱེད་སྤྱས༔ ཤར་གྱི་འདབ་མར་རྡོ་རྗེ་སྤྱན་རས་གཟིགས༔ སྔོན་པོ་ཞལ་གཅིག་ཕྱག་གཉིས་ཡུམ་དམར་འཁྱུད༔ རྡོ་རྗེ་གྲི་གུག་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ དེ་ཡི་གཡས་གཡོན་རྒྱབ་དང་མདུན་བཞི་རུ༔ རྡོ་རྗེ་ཀཱི་ལ་དཀར་པོ་རྡོར་ཕུར་འཛིན༔ ཁྲོ་བོའི་ཆ་


CMR015_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྐུ་སྨད་ཕུར་ཞབས་ཅན༔ རྡོ་རྗེ་རྭ་ཙ་དཀར་པོ་རྡོ་རྗེ་དང་༔ ལྕགས་སྒྲོག་འཛིན་ཅིང་ལ་ཐོད་བེར་གསོལ་བཞུགས༔ རྡོ་རྗེ་རྩལ་དཀར་རྡོ་རྗེ་མེ་ཞགས་བསྣམས༔ ཁྲོ་བོའི་ཆས་རྫོགས་འདོར་ཐབས་མེ་ཀློང་བཞུགས༔ རྡོ་རྗེ་འབིར་རྩལ་དཀར་པོ་རྡོ་རྗེ་དང་༔ ཞགས་འཛིན་དྲང་སྲོང་ཆ་ལུགས་ཕྱེད་སྐྱིལ་བཞུགས༔ ལྷོ་ཡི་འདབ་མར་རིན་ཆེན་སྤྱན་རས་གཟིགས༔ གསེར་མདོག་ཡུམ་ལྗང་འཁྱུད་ཅིང་སྐྱིལ་ཀྲུང་བཞུགས༔ རྡོ་རྗེ་བྷནྡྷ་འཛིན་ཅིང་ཞི་ཆས་རྫོགས༔ དེ་འཁོར་རཏྣ་ཀཱི་ལ་སྐུ་སྨད་ཕུར༔ སྐུ་མདོག་སེར་པོ་རིན་ཆེན་རི་རབ་འཛིན༔ མ་ཎི་རཱ་ཙ་གསེར་མདོག་ལ་ཐོད་བེར༔ རིན་ཆེན་ཞགས་འཛིན་སྐྱིལ་མོ་ཀྲུང་གིས་བཞུགས༔ རཏྣ་རྩལ་སེར་ཁྲོ་ཆས་འདོར་ཐབས་ཞབས༔ གཡས་པས་རིན་ཆེན་གཡོན་པས་ཐོ་བ་གདེངས༔ རཏྣ་འབིར་རྩལ་གསེར་མདོག་དྲང་སྲོང་ཚུལ༔ ར་ལྕགས་སྒྲོག་འཛིན་ཅིང་སེམས་སྐྱིལ་བཞུགས༔ ནུབ་ཀྱི་འདབ་མར་པདྨ་སྤྱན་རས་གཟིགས༔ པདྨ་ཁ་ཊཾ་བསྣམས་ཤིང་ཡུམ་སྔོན་འཁྱུད༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ དེ་འཁོར་པདྨ་ཀཱི་ལ་སྐུ་སྨད་ཕུར༔ པདྨ་ཁ་ཊཾ་བསྣམས་ཤིང་ཁྲོ་བོའི་ཆས༔ པདྨ་


CMR015_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དམར་གསལ་པདྨ་དང་༔ ལྕགས་ཀྱུ་འཛིན་ཅིང་ལ་ཐོད་བེར་གསོལ་བཞུགས༔ པདྨ་རྩལ་སེར་པདྨ་དྲིལ་བུ་འཛིན༔ ཁྲོ་གཏུམ་འདོར་ཐབས་དུར་ཁྲོད་དཔལ་ཆས་རྫོགས༔ པདྨ་འབིར་རྩལ་པདྨ་རྔ་ཡབ་འཛིན༔ དྲང་སྲོང་ཆ་ལུགས་ཙོག་པུ་པུས་འཁྱུད་བཞུགས༔ བྱང་གི་འདབ་མོར་ལས་ཀྱི་སྤྱན་རས་གཟིགས༔ ལྗང་གུ་ཡུམ་སེར་འཁྱུད་ཅིང་རྒྱ་གྲམ་དྲིལ༔ ཞི་བའི་ཆས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་འཁོར་ཀརྨ་ཀཱི་ལ་ལྗང་ནག་འཕྲོས༔ རྒྱ་གྲམ་རྡོ་རྗེའི་ཕྱག་མཚན་ཕུར་ཞབས་འབར༔ ཀརྨ་རྒྱལ་པོ་ལྗང་གུ་རྒྱ་གྲམ་དྲིལ༔ རྒྱལ་པོའི་ཆ་བྱད་ལ་ཐོད་བེར་གསོལ་བཞུགས༔ ཀརྨ་རྩལ་ལྗང་རྒྱ་གྲམ་བུམ་པ་འཛིན༔ ཁྲོ་གཏུམ་འདོར་ཐབས་དཔལ་དང་དུར་ཁྲོད་ཆེས་ཀརྨ་འབིར་རྩལ་ལྗང་གུ་དྲང་སྲོང་ཚུལ༔ རྒྱ་གྲམ་དབུ་རྒྱན་འཛིན་ཅིང་སེམས་སྐྱིལ་བཞུགས༔ དེ་ཡི་ཕྱི་རིམ་འདབ་མ་བརྒྱད་པོ་ལ༔ ཤར་ལྷོར་རྡོ་རྗེ་འབངས་དཀར་སེམས་དཔའི་ཚུལ༔ རྡོ་རྗེ་ལྕགས་ཀྱུས་ཕྱག་མཚན་རོལ་སྟབས་བཞུགས༔ ལྷོ་ནུབ་རིན་ཆེན་འབངས་སེར་རིན་ཆེན་ཞགས༔ དར་དང་རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ནུབ་བྱང་


CMR015_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འབངས་དམར་པདྨ་དང་༔ ལྕགས་སྒྲོག་བསྣམས་ཤིང་མཐིལ་སྤྱད་སེམས་དཔའི་ཆས༔ བྱང་ཤར་ཀརྨ་འབངས་ལྗང་རྒྱ་གྲམ་དྲིལ༔ དར་དང་རིན་ཆེན་རྒྱན་ལྡན་རོལ་སྟབས་བཞུགས༔ དེ་ཡི་ཕྱི་རོལ་པད་འདབ་ཉེར་གཅིག་ལ༔ ཤར་དུ་ལྷ་ཡི་གུ་རུ་སྲིད་ཐུབ་འཛིན༔ དཀར་པོ་པི་ཝཾ་ཤིང་ཐོག་ཕྱག་ན་བསྣམས༔ རིན་ཆེན་རྒྱན་ལྡན་པད་ཞྭ་ཁ་ཊཾ་དང་༔ ཕོད་ཁ་སྔོན་པོ་ཆོས་གོས་སྐྱིལ་ཀྲུང་བཞུགས༔ ལྷོ་རུ་མི་ཡི་གུ་རུ་པདྨ་འབྱུང་༔ རིན་ཆེན་པད་ཞྭ་ཟ་བེར་ཆོས་གོས་གསོལ༔ རྡོ་རྗེ་ལྷུང་བཟེད་ཕྱག་ན་སྐྱིལ་ཀྲུང་བཞུགས༔ ནུབ་ཏུ་ཡི་དྭགས་གུ་རུ་ཁ་འབར་དམར༔ བུམ་པ་སྒྲོམ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ པད་ཞྭ་ཁ་ཊཾ་ཕོད་ཁ་ཆོས་གོས་བརྒྱན༔ བྱང་དུ་དམྱལ་བའི་གུ་རུ་པདྨ་ནག༔ སྐྱབས་སྦྱིན་བུམ་པ་བསྣམས་ཤིང་སྐྱིལ་ཀྲུང་བཞུགས༔ པད་ཞྭ་བེར་དང་ཆོས་གོས་ཁ་ཊཾ་ལྡན༔ ཤར་ལྷོར་ལྷ་མིན་གུ་རུ་འོད་ཟེར་ལྗང་༔ རལ་གྲི་རྟ་མཆོག་ཕྱག་མཚན་སྐྱིལ་ཀྲུང་བཞུགས༔ པད་ཞྭ་ཕོད་ཁ་ཆོས་གོས་ཁ་ཊཾ་ལྡན༔ ལྷོ་ནུབ་བྱོལ་སོང་གུ་རུ་པྲ་ཝ་སེང་༔ མཐིང་ག་མར་མེ་པོ་ཏི་རིན་ཆེན་རྒྱན༔ པད་ཞྭ་ཁ་ཊཾ་བེར་ཆོས་སྐྱིལ་ཀྲུང་བཞུགས༔ དེ་ལས་གཞན་


CMR015_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་པད་འདབ་བཅོ་ལྔ་ལ༔ བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན༔ དེ་ཡི་ཕྱི་རིམ་པད་འདབ་ཉེར་ལྔ་ལ་ཤར་དུ་བརྒྱ་བྱིན་དཀར་པོ་པི་ཝཾ་སྒྲོགས༔ སྤྲུལ་སྐུའི་ཆ་ལུགས་ཆོས་གོས་རྡོར་སྐྱིལ་བཞུགས༔ ཤར་ལྷོར་ཐགས་བཟང་ལྗང་གུ་མདའ་གཞུ་འགེངས༔ ཆོས་གོས་གསུམ་གསོལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ལྷོ་ནུབ་ཤཱཀ་ཐུབ་སེར་པོ་ཆོས་འཆད་དང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་སྐྱིལ་ཀྲུང་བཞུགས་༔ ནུབ་བྱང་སེང་གེ་མཐིང་ག་གླེགས་བམ་འབྱེད༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ བྱང་ཤར་ཁ་འབར་བུམ་པ་སྒྲོམ་བུ་བསྣམས༔ དམར་པོ་སྐྱིལ་ཀྲུང་ཆོས་གོས་གསུམ་གྱིས་བཀླུབས༔ ནུབ་ཏུ་ཆོས་རྒྱལ་སྐུ་མདོག་ནག་པོ་ནི༔ མེ་ཆུ་བསྣམས་ཤིང་ཆོས་གོས་རྡོ་རྗེའི་སྐྱིལ༔ གཞན་ཡང་པདྨའི་འདབ་མ་བཅུ་དགུ་ལ༔ གཡུ་ཡི་ཞགས་པ་ལ་སོགས་དབང་གི་རྫས༔ བཅུ་དགུ་དང་ནི་བཀྲ་ཤིས་རྟགས་བརྒྱད་གསལ༔ ཤར་སྒོར་ཡུལ་སྐྱོང་མཆོད་རྟེན་པི་ཝཾ་དཀར༔ ལྷོ་སྒོར་འཕགས་སྐྱེས་མཆོད་རྟེན་རལ་གྲི་སྔོ༔ ནུབ་སྒོར་སྤྱན་བཟང་མཆོད་རྟེན་སྦྲུལ་ཞགས་དམར༔ བྱང་སྒོར་རྣམ་སྲས་མཆོད་རྟེན་ནེའུ་ལེ་


CMR015_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སེར༔ བཞི་ཀ་རིན་ཆེན་ཁྲབ་རྨོག་རྒྱལ་ཆས་རྫོགས༔ བཞེངས་པའི་སྟབས་ཀྱིས་འགྱིང་བག་སྒོ་བཞི་སྲུང་༔ ཕྱི་རོལ་ཁོར་ཡུག་ཀ་ན་རྭ་ཙ་སོགས༔ དཔའ་བོ་ཌཱ་ཀི་དྲུག་ཅུ་རྩ་བཞི་ནི༔ སྐུ་མདོག་སྣ་ཚོགས་མགོ་བརྙན་ཅིར་ཡང་སྟོན༔ ཕྱག་མཚན་སྣ་ཚོགས་གར་ཐབས་རྣམ་འགྱུར་གྱིས༔ པད་རྐྱང་སྟེང་ན་བཞེངས་ཐབས་བསྟན་པ་སྲུང་༔ ལས་བུམ་ནང་དུ་རྟ་མགྲིན་དམར་པོ་ནི༔ གྲི་ཁུག་ཐོད་ཁྲག་བསྣམས་ཤིང་འདོར་ཐབས་བཞུགས༔ ལྷ་ཚོགས་ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ གཙོ་བོའི་ཐུགས་སྲོག་ཧཱུྃལས་འོད་འཕྲོས་པས་རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར༔ ཧཱུྃ༔ ཆོས་དབྱིངས་ལྷུན་གྲུབ་བདེ་བ་ཆེན་པོ་ནས༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས་རྗེའི་བདག༔ ཡེ་ཤེས་ལྔ་དངོས་རིགས་ལྔའི་སྤྱན་རས་གཟིགས༔ འབྱུང་བཞི་གནས་དག་ཡུམ་མཆོག་སྒྲོལ་མ་བཞི༔ བདུད་བཞིའི་དཔུང་འཇོམས་རྟ་མཆོག་ཁྲོ་བོ་བཞི༔ ཕྱོགས་བཞིའི་བདུད་བཅོམ་རྡོ་རྗེ་ཕུར་པ་བཞི༔ ཕྲིན་ལས་བཞི་སྒྲུབ་དྲང་སྲོང་ལོཀྟི་བཞི༔ གླིང་བཞི་དབང་སྡུད་འཁོར་ལོས་སྒྱུར་རྒྱལ་བཞི༔ ཚད་མེད་བཞི་ལྡན་རིགས་བཞི་འབངས་བཞི་དང་༔ རིགས་དྲུག་


CMR015_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་ཐུབ་དྲུག་གུ་རུ་དྲུག༔ ཕྱོགས་བཞི་སྐྱོང་མཛད་རྒྱལ་པོ་ཆེན་པོ་བཞི༔ གནས་ཆེན་སོ་གཉིས་ཌཱ་ཀི་ཡབ་དང་ཡུམ༔ གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང་༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྟེན་འབྲེལ་གྱིས༔ ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ༔ བདག་དང་འགྲོ་བའི་བསོད་ནམས་བསགས་པའི་ཕྱིར༔ ད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ༔ རིན་ཆེན་གཞལ་ཡས་པོད་ཉི་ཟླ་བའི་གདན༔ དམ་ཚིག་ཡེ་ཤེས་གཉིས་མེད་རོ་གཅིག་པར༔ ཆུ་ལ་ཆུ་བཞག་བཞིན་དུ་བརྟན་པར་བཞུགས༔ ཡེ་ཤེས་ལྔ་ཡི་རྩལ་དབང་ཡོངས་རྫོགས་ཤོག༔ བཛྲ་ས་མཱ་ཛཿ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨོཾ་ཧཱུྃ་ཧཱུྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ནས་རང་དང་གཉིས་མེད་ཡེ་ཤེས་ལྷ༔ ཕུང་ཁམས་སྐྱེ་མཆེད་རྩ་རླུང་དག་པའི་དངོས༔ བཅོམ་ལྡན་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས༔ ལྷ་ཚོགས་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ སྟོང་གསུམ་འདི་འམ་འཇིག་རྟེན་གཞན་དག་ན༔ མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང་དངོས་སུ་བཤམས་དང་ཡིད་ལས་སྤྲུལ་པ་ཡི༔ མཆོད་ཡོན་ཞབས་བསིལ་ཞལ་བསིལ་


CMR015_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་འཐུང་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཤོས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་འོང་བ༔ བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན༔ རིག་མ་བཅུ་དྲུག་སྨན་གཏོར་རཀྟར་བཅས༔ གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ༔ ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དྷཱི༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་འདུས་པ༔ འཕགས་མཆོག་རིགས་ལྔ་ཡེ་ཤེས་ལྔ་ཡི་ངང་༔ འབྱུང་བཞི་རྣམ་དག་ཡུམ་མཆོག་སྒྲོལ་མ་བཞི༔ ཕྱི་ནང་དགྲ་བགེགས་འདུལ་མཛད་ཀཱི་ལ་བཞི༔ བདུད་བཞིའི་དཔུང་འཇོམས་དབང་ཆེན་ཁྲོ་རྒྱལ་བཞི༔ གླིང་བཞི་ཟིལ་ནོན་འཁོར་ལོས་སྒྱུར་བ་བཞི༔ ཕྲིན་ལས་བཞི་སྒྲུབ་དྲང་སྲོང་དྲི་མེད་བཞི༔ ཚད་མེད་བཞི་དངོས་འབངས་བཞིས་འགྲོ་བ་འདུལ༔ རིགས་དྲུག་འདྲེན་མཛད་ཐུབ་དྲུག་གུ་རུ་དྲུག༔ ཕྱོགས་བཞིའི་སྒོ་སྐྱོང་རྒྱལ་པོ་ཆེན་པོ་བཞི༔ གནས་ཆེན་སུམ་ཅུ་གཉིས་ཀྱི་ཞིང་སྐྱོང་བ༔ བསྟན་སྲུང་དཔའ་བོ་ཌཱ་ཀི་དྲུག་ཅུ་བཞི༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་ཕྱག་འཚལ་བསྟོད༔ ཁྱོད་ལ་མཆོད་ཅིང་བསྟོད་པའི་བསོད་ནམས་ཀྱིས༔ སྡིག་སྒྲིབ་ཉམས་ཆག་འགལ་འཁྲུལ་ཀུན་བྱང་


CMR015_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ ཉམས་རྟོགས་བསོད་ནམས་ཡེ་ཤེས་འཕེལ་ཞིང་རྒྱས༔ མཐོང་ཐོས་དྲན་རེག་འགྲོ་བ་འདྲེན་པ་ལ༔ འཕགས་མཆོག་ཉིད་དང་མཉམ་པར་བྱིན་གྱིས་རློབས༔ བདག་མདུན་བུམ་ལྷ་གཙོ་བོའི་ཐུགས་ཀ་རུ༔ ཧྲིལ་ཡི་གེ་བཅུ་པ་གཡས་སུ་འཁོར༔ བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བུམ་བསྐུལ༔ བུམ་ལྷར་བདུད་རྩིའི་རྒྱུན་བབས་བུམ་པ་གང་༔ མདུན་བསྐྱེད་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ འགྲོ་བའི་སྒྲིབ་སྦྱངས་འཕགས་པའི་བྱིན་རླབས་རྣམས༔ བསྡུས་ནས་བདག་དང་མདུན་བསྐྱེད་འདི་ལ་ཐིམ༔ བྱིན་རླབས་ནུས་རྩལ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཧཱུཾ་ཧ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་མདུན་བསྐྱེད་ལ་དམིགས་ནས་བསྙེན་པ་བརྒྱ༔ བུམ་བསྐྱེད་བརྒྱ་རྩ་ལས་མི་ཉུང་བར་བསྙེན༔ གྲྭ་སློབ་མང་ན་འུར་འདོན་བྱ༔ ཨོཾ་རྒྱ་གྲི་བ་ཧཱུྃ་ཕཊ༔ ལས་བུམ་གྱི་བསྙེན་པ་ཅི་འགྲུབ་བཟླའོ༔ དེ་ནས་དབང་བསྐུར་ཚོགས་དང་བརྟན་སྐྱོང་རྣོ་སྤྲའི་གཞུང་ལྟར་བྱ༔ འཇིག་རྟེན་པ་བཛྲ་མུས་གཤེགས༔ ཡེ་ཤེས་པ་དང་དམ་ཚིག་པ་ཐམས་ཅད་རང་ལ་བསྟིམ་མོ༔ འདི་གཏེར་གཞུང་རང་ལ་གོ་མི་བདེ་བར་སྣང་བ་སྤྲུལ་སྐུས་བཀའ་གནང་ནས་བསྒྲིགས་པ་ཡིན་ཀྱང་༔ བཀའ་རྒྱ་དམ་དོ་བས་གཞུང་ལ་ཐུག་རེག་མ་བྱས་པར་ལྷན་ཐབས་སུ་བརྩམས༔ གཞུང་


CMR015_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབངས་བཞི་དང་རིགས་བཞི་པད་འདབ་ནང་མ་དང་༔ དེ་རྒྱབ་ལ་རྫས་བརྒྱད་སོགས་ལས་ལྷ་མེད་པ་འདྲ་ཞིག་ལ༔ དེ་རྒྱབ་པད་འདབ་རིམ་གཉིས་སོ་གསུམ་ལ་ལྷ་དང་ཕྱག་མཚན་གང་དུ་འགོད་གསལ་ཁ་མེད་ཀྱང་༔ ལྷ་སྣམ་ལ་ལྷ་མེད་པར་ཕྱག་མཚན་ཁོ་ན་ཡིན་པར་གསར་སྙིང་གང་དུ་ཡང་མ་མཐོང་ཞིང་༔ ལྷའི་བར་དུ་བུམ་པ་ཐོད་པ་སོགས་དང་མེ་ཐབ་སོགས་ཅི་ཡང་སྲོལ་གདའ་བས༔ འདི་བཞིན་དུ་བཤད་ལུགས་གཅིག་རེད་སྙམ་པས་བཀོད་པ་ལ་འགལ་འཁྲུལ་ཉེས་པ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་༔ དགེ་བས་སྤྲུལ་སྐུའི་སྐུ་ཚེ་ཕྲིན་ལས་རྒྱས་པར་གྱུར་ཅིག༔ དབང་ཆོག་སྔོན་གྱི་སྔོན་འགྲོ་དེ་སློབ་མའི་བགེགས་བསྐྲད་དུས་བྱ་བ་ལེགས་སོ༔ རཱ་གས་སོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་སྐྱེའུ་ལུགས་ཀྱི་ལས་བྱང་།next