Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་པདྨ་གཙུག་ཏོར་སྒྲུབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་པདྨ་གཙུག་ཏོར་སྒྲུབ་པ།next

གནམ་ཆོས་པདྨ་གཙུག་ཏོར་སྒྲུབ་པ།


CMR015_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་པདྨ་གཙུག་ཏོར་སྒྲུབ་པ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ རང་ཉིད་ཧྲིལས་པདྨ་གཙུག་ཏོར་ཅན༔ དཀར་སྔོ་དམར་བའི་ཞལ་གསུམ་འཛུམ༔ ཐོར་ཚུགས་ཟླ་ཕྱེད་དར་གྱིས་བརྒྱན་གཡས་གསུམ་པདྨ་རྩེ་གསུམ་ས༔ གཡོན་གསུམ་ཞགས་པ་སྐྱབས་སྦྱིན་དབྱུག༔ རི་ལྤགས་ཕྲག་བཀལ་པད་ཟླར་བཞུགས༔ དབུ་གཙུག་བླ་མ་སྣང་མཐའ་ཡས༔ ཤར་ལྷོ་ནུབ་བྱང་རིམ་བཞིན་དུ༔ རལ་གཅིག་ཁྲོ་གཉེར་རྟ་མགྲིན་སྒྲོལ༔ མཐིང་སེར་དམར་ལྗང་སེམས་དཔའི་དཀྱིལ༔ གྲི་ཐོད་ཕྲེང་རིལ་དབྱུག་ཞགས་དང་༔ སྐྱབས་སྦྱིན་ཨུཏྤལ་འཛིན་པ་སྟེ༔ གཙོ་བོའི་ཐུགས་ཀར་ཧྲིལ་སྔགས་ཀྱིས་བསྐོར༔ འཁོར་བཞིར་རཾ་ཧཱུྃ་ཧྲཱིཿཏཱཾ་བསྐྱེད༔ པོ་ཊ་ལ་ནས་སྤྱན་དྲངས་བསྟིམ༔ ཐུགས་ཀར་ཟླ་སྟེང་ཧཱུྃཡིག་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་མཆོད༔ སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས༔ ཨོཾ་པདྨོ་ཨུཥྞི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཅེས་བསྙེན་པ་ཅི་ནུས་བཟླ༔ ཨོཾ་


CMR015_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀི་ཤྭ་རི་ཨརྒྷཾ༴ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི་རྟག་པར་གཙོ་ལ་ཕྱག་འཚལ་བསྟོད༔ དབང་བསྐུར་ཐོབ་ནས་ཕྲེང་བསྐོར་རེ་ཙམ་མམ་ཐ་ན་བདུན་རེ་ཆག་མེད་དེ། སྔགས་འདི་དུང་ལ་སྔགས་ནས་བུས་ན་ཐོས་ཚད་མཐོ་རིས་སུ་སྐྱེ། བྱེ་མ་ལ་སྔགས་ནས་རུས་པ་ལ་གཏོར་ན་ངན་སོང་ལས་ཐར། ཙན་དན་ཤུག་པའི་ལོ་མ་སྤོས་ཁྱེར་རིགས་གང་རུང་ལ་སྔགས་ནས་བདུག་ན་མི་ནད་དང་ཕྱུགས་ནད་དང་ནོར་ནད་དང་ལུག་ནད་གོད་ཡམས་ནད་ཀྱི་རིགས་ཐམས་ཅད་ཆད་པར་དོན་ཡོད་ཞགས་པའི་རྒྱུད་ལས་གསུངས་སོ། ༧ ཨ་རཱ་གས་བྲིས།། །།


previousགནམ་ཆོས་པདྨ་གཙུག་ཏོར་སྒྲུབ་པ།next