Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ལས་དོན་ཡོད་ཞགས་པའི་གཏོར་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་གཏེར་ལས་དོན་ཡོད་ཞགས་པའི་གཏོར་དབང་།next

དགོངས་གཏེར་ལས་དོན་ཡོད་ཞགས་པའི་གཏོར་དབང་།


CMR015_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ལས་དོན་ཡོད་ཞགས་པའི་གཏོར་དབང་བཞུགས་སོ།།


CMR015_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀི་ཤྭ་ར་ན་མོ༔ ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་གཏོར་དབང་ནི༔ དབང་གཏོར་སྤྱི་ལྟར་བཤམ༔ ཡོད་ན་ཙཀ་ལི་འཛུགས༔ སྐྱབས་སེམས་ད་ནངས་སྔོན་དུ་སོང་བས་འཐུས༔ རང་ཉིད་དང་མདུན་གྱི་གཏོར་མ་སོ་སོར་དམ་ཡེ་དབྱེར་མེད་དོན་ཡོད་ཞགས་པ་ལོངས་སྐུའི་ཆ་བྱད་སྐུ་མདོག་དཀར་པོ་མགྲིན་པ་སྔོན་པོ་ཅན༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ ཕྱག་གཉིས་མཉམ་བཞག་སྟེང་ན་བུམ་པ་འཛིན་པ༔ ཀྲྀཥ་ས་རའི་གདན་ལ་བཞུགས་པ༔ དེའི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀར་ཟླ་སྟེང་ཧྲིའི་མཐར་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས༔ པོ་ཊ་ལ་


CMR015_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས༔ བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་གྱུར༔ ཨོཾ་ཨཱཧཱུྃ་ཨ་མོ་གྷ་པཱ་ཤ་སྭཱ་ས༔ ཞེས་ཅི་མང་བསྙེན༔ ཨོཾ་ལོ་ཀི་ཤྭ་ར་ཨབྷཾ་སོགས། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི་རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ མདུན་བསྐྱེད་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར༔ རྩ་སྔགས་ལ༔ ཀཱ་ཡ་སིདྡྷི་ཨོ༔ ཝཱཀ་སིདྡྷི་


CMR015_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་སློབ་མ་འདུས་ཁྲུས་བྱས་མཎྜལ་ཕུལ༔ འོ་ན་ད་ལམ་ཁྱེད་རྣམས་ལ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་དབང་བསྐུར་བ་ཡིན་ཏེ༔ སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་རོལ་དུ་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོས་གསུངས་ཏེ༔ འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་བཟུང་ནས༔ དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་རིག་སྔགས་འདིའི་སྒོ་ནས་བྱང་ཆུབ་ལམ་ལ་བཀོད་དོ༔ དེ་ནས་བསྐལ་པ་འདི་ལ་ཡང་སྟོན་པ་ཤཱཀྱ་ཐུབ་པ་དང་༔ རི་བོ་ཏ་ལ་ནས་བྱང་ཆུབ་སེམས་དཔའ་དང་ལྷའི་བུ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ༔ སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྐུལ་ཏེ་འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་གསུངས་སོ༔ འདིའི་ཕན་ཡོན་མཐའ་ཡས་པར་གསུངས་པ་མདོར་བསྡུ་ན་རིམས་དང་༔ ནད་དང་༔ བྱད་ཁ་དང་༔ རྦོད་གཏོང་དང་༔ རྨ་ངོ་ཁྲག་ངོ་དང་༔ ལྟོ་བ་ན་བ་དང་༔ དུག་དང་༔ མིག་ནད་དང་༔ འཐབ་རྩོད་དང་༔ མི་ཁ་དང་གནོད་པ་ཐམས་ཅད་ཀྱང་འདིའི་སྔགས་ཅུང་ཟད་བཟླས་པ་དང་༔ སྲུང་བ་ཅུང་ཟད་ཀྱིས་ཕན་པར་བཤད་


CMR015_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་༔ སྙིང་པོ་འདི་སྟོང་རྩ་བརྒྱད་བཟླས་ནས་ཕྱག་རྒྱ་བཅིངས་པའམ༔ འདིའི་དབང་མང་དུ་བསྐུར་ན༔ དེས་དཔག་ཚད་བརྒྱ་ཚུན་ཆད་དུ་ཡམས་ནད་དང་གནོད་པ་མུ་གེ་དམག་དང་དགྲའི་འཇིགས་པ་ཆོམ་རྐུན་གཅན་གཟན་གདོན་འཐབ་མོ་ནང་འཁྲུགས་བསྐྱེད་པ་གནང་གཅོད་པ་བཅིང་བ་བསྡིགས་པ་ཐམས་ཅད་ཞི་བར་འགྱུར་རོ༔ ལོ་ལེགས་པ་ལྷ་འདྲེ་མི་གསུམ་གྱིས་བསྲུང་ཞིང་བསྐྱབ་པ་ལ་སོགས་ཞི་བ་ཆེན་པོའི་ལས་འགྲུབ་བོ༔ མདོ་སྡེ་པདྨ་དཀར་པོ་ལས༔ སྡུག་བསྔལ་མང་པོ་བརྒྱ་ཡིས་གཙེས་པ་དང་༔ སྡུག་བསྔལ་མང་པོས་གཟིར་བའི་སེམས་ཅན་མཐོང་༔ ཡེ་ཤེས་དགེ་བའི་སྟོབས་ཀྱིས་སྤྱན་རས་གཟིགས༔ དེ་བས་ལྷར་བཅས་འགྲོ་བའི་སྐྱོབ་པ་པོ༔ དག་པའི་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག༔ ཐེ་ཚོམ་མེད་པར་དྲན་བྱོས་དྲན་པར་གྱིས༔ འཆི་བའི་ཚེ་དང་ཉོན་མོངས་གཅེས་པའི་ཚེ༔ མགོན་དང་སྐྱབས་དང་དཔུང་གཉན་དུ་ཡང་འགྱུར་གང་གིས་སྤྱན་རས་གཟིགས་དབང་མིང་ཐོས་པ༔ དེ་ཡི་བསོད་ནམས་དག་ནི་མི་ཟད་འགྱུར༔ ཞེས་གསུངས་པས༔ མཚན་ཐོས་པའི་ཕན་ཡོན་དེ་ཙམ་ན༔ འདིའི་དབང་ཐོབ་ན་


CMR015_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་བརྗོད་པར་ག་ལ་ནུས༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་དོན་ཡོད་ཞགས་པ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ གསུམ༔ ད་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཨོཾ་པདྨ་ཏ་ཀྲྀཏ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ༔ སྟོང་པའི་ངང་ལས་ལས་ཁྱེད་རང་རྣམས་དོན་ཡོད་ཞགས་པ་ལོངས་སྐུའི་ཆ་བྱད་སྐུ་མདོག་དཀར་པོ་མགྲིན་པ་སྔོན་པོ་ཅན༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་ཕྱག་གཉིས་མཉམ་བཞག་ན་བུམ་པ་


CMR015_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཀྲྀཥཱ་ས་རའི་གདན་ལ་བཞུགས་པ༔ དེའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་བྷིལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཊ་ལ་ནས་དོན་ཡོད་ཞགས་པའི་སྐུ་ཆེ་ཕྲ་སྣ་ཚོགས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་གྱུར༔ ཧཱུྃ༔ དོན་ཡོད་ཞགས་པའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་ཨཱཧཱུྃ་ཨ་མོ་གྷ་པཱ་ཤ་སྭཱ་ཧཱ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་མགོར་བཞག༔ ཏིཥྛ་བཛྲ༔ དེ་ནས་གཏོར་མ་ཐུགས་རྗེ་ཆེན་པོར་གསལ་བའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས༔ ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས༔ ལུས་ཐམས་ཅད་འོད་དཀར་པོས་གང་བས་ཁྱོད་རང་ལ་ཐུགས་རྗེ་ཆེན་པོའི་སྐུའི་བྱིན་རླབས་ཞུགས༔ ལུས་ཀྱི་ནད་གདོན་ཞི་བར་སྒོམས༔ ཧཱུྃ༔ གཏོར་མ་འདི་ནི་དོན་ཞགས་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ སྐུ་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཨཱཧཱུྃ་ཨ་མོ་པཱ་


CMR015_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨོཾ༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང་༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ ཐུགས་རྗེ་ཆེན་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་སྐུའི་དབང་ཐོབ་པ་ཡིན༔ ཡང་གཏོར་མ་ཐུགས་རྗེ་ཆེན་པོར་གསལ་བའི་མགྲིན་པའི་ཨཊྚལས་འོད་ཟེར་དམར་པོ་འཕྲོས༔ ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས་ལུས་ཐམས་ཅད་འོད་དམར་པོས་གང་བས་ཁྱེད་རང་ལ་ཐུགས་རྗེ་ཆེན་པོའི་གསུང་གི་བྱིན་རླབས་ཞུགས་ངག་གི་དིག་ལྷུགས་ཞི་བར་སྒོམས༔ ཧཱུྃ༔ གཏོར་མ་འདི་ནི་དོན་ཞགས་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུཾ་ཨ་མོ་གྷ་པཱ་ཤ་སྭཱ་ཧཱ༔ ཝཱཀ་སིདྡྷི་ཨཱཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང་༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ ཐུགས་རྗེ་ཆེན་པོའི་གསུང་གི་བཀྲ་ཤིས་ཤོག༔ དེས་གསུང་གི་དབང་ཐོབ་པ་ཡིན༔ ཡང་གཏོར་མ་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག་འཕྲོས༔ ཁྱེད་རང་རྣམས་ཀྱི་


CMR015_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་ཞུགས༔ ལུས་ཐམས་ཅད་འོད་མཐིང་གས་གང་བས་ཁྱེད་རང་ལ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་བྱིན་རླབས་ཞུགས༔ སེམས་ཀྱི་སྨྱོ་འབོག་ཞི་བར་། སྒོམས༔ ཧཱུྃ༔ གཏོར་མ་འདི་ནི་དོན་ཞགས་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ ཐུགས་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཨ་མོ་གྷ་པཱ་ཤ་སྭཱ་ཧཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང་༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་ཐུགས་ཀྱི་དབང་ཐོབ་པ་ཡིན༔ ད་གཏོར་མ་འདི་ཉིད་དོན་ཡོད་ཞགས་པ་ལོངས་སྐུའི་ཆ་བྱད་སྐུ་མདོག་དཀར་པོ་མགྲིན་པ་སྔོན་པོ་ཅན༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་ཕྱག་གཉིས་མཉམ་བཞག་ན་བུམ་པ་འཛིན་པ་ཀྲྀཥྛ་ས་རའི་གདན་ལ་བཞུགས་པ༔ སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་དབྱེར་མེད་པར་སྒོམས་ཤིག༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་


CMR015_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ལོ་ཆེན་བེ་རོ་ཙ་ན༔ ཤུད་པུ་དཔལ་གྱི་སེང་གེ༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ཀརྨ་ཆགས་མེད་ལ་སོགས་པ་རིག་འཛིན་བརྒྱུད་པའི་བླ་མ་རྣམས་དང་༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་དོན་ཡོད་ཞགས་པ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་གི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ ཡམས་ནད་རིམས་ནད་ལ་སོགས་པ་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་མཛད་དུ་གསོལ༔ གདོན་དང་བྱད་ཁ་སོགས་འཇིགས་པ་བཅུ་དྲུག་ལས་སྐྱོབ་པར་མཛད་དུ་གསོལ༔ འཐབ་རྩོད་འཁྲུག་ལོང་མི་ཁ་བྲ་མཆུའི་གནོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དང་བསོད་ནམས་དང་ཁ་རྗེ་དབང་ཐང་ཐམས་ཅད་འཕེལ་བར་མཛད་དུ་གསོལ༔ སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨ་མོ་གྷ་པཱ་ཤ་སྭཱ་ཧཱ༔ བ་ལིཾ་ཏ་ཨ་དྷིཥྛན་ཨ་བྷི་ཥིཉྩ་མཱི༔ སངས་རྒྱས་ཀུན་གྱིས་རབ་


CMR015_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང་༔ སྤྱན་རིས་གཟིགས་ཞེས་མཚན་གསོལ་བའི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ འོ་དེས་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་གཏོར་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་གྱི་ལྷར་འཛིན་པའི་མོས་པོས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ སོགས་། མཎྜལ་ཕུལ༔ ཞེས་པ་དགོངས་གཏེར་རྡོ་རྗེའི་གསུང་གི་དོན་ཕྱག་ལེན་གཏན་ལ་ཕབ་སྟེ་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་པདྨ་བིརླ་སྟེ༔ འགལ་བ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་༔ དགེ་བས་འདི་ཉིད་ལ་འབྲེལ་པ་ཐོགས་ཚད་འཇིགས་པ་ཀུན་ལས་ཐར་བར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཤོདསྟོང་།


previousདགོངས་གཏེར་ལས་དོན་ཡོད་ཞགས་པའི་གཏོར་དབང་།next