Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆོགnext

གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆོག


CMR015_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆོག་ཡོད༔


CMR015_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་རཱ་ཡ༔ དེ་ནས་ཐུགས་རྗེ་ཆེན་པོའི་དབང་ནི༔ ལས་བྱང་ལྟར་དབང་བསྒྲུབ་བྱ༔ དེ་ཡང་ལས་བྱུང་ཚར་གཅིག་བཏོན་པས་བདག་མདུན་བུམ་གསུམ་དུས་གཅིག་ལ་བསྐྱེད༔ བསྙེན་པ་བརྒྱ་ལས་མི་ཉུང་ཅི་མང་བཟླས༔ ཁྲུས་བྱས་མཎྜལ་ཕུལ་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཟབ་མོ་ཞིག་བསྐུར་བ་ཡིན་ཏེ༔ དེ་ལ་སངས་རྒྱས་ཐམས་ཅད་དང་པོ་ཡང་ཐུགས་རྗེ་ཆེན་པོ་འདི་ལས་སྤྲུལ༔ མཐར་ཐིམ་པ་ཡང་འདི་ལ་ཐིམ་པས༔ དཔེར་ན་ཆུ་ཐམས་ཅད་དང་པོ་རྒྱ་མཚོ་ལས་བྱུང་༔ མཐར་རྒྱ་མཚོ་ལ་ཐིམ་པ་དང་འདྲ་བའི་ཕྱིར་རྒྱལ་བ་རྒྱ་མཚོ་ཞེས་


CMR015_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ སྤྱན་རས་གཟིགས་ཀྱི་ཕན་ཡོན་བསྟན་པའི་མདོ་བདུན་སོགས་མདོ་རྒྱུད་ཉི་ཤུ་རྩ་གཅིག་ནས་འདིའི་ཕན་ཡོན་རྒྱ་ཆེར་གསུངས་ཤིང་༔ ཁྱད་པར་རྒྱུད་སྡེ་བཞིའི་ནང་ནས་བླ་མེད་ཀྱི་རྒྱུད༔ བླ་མེད་ཀྱི་ནང་ནས་ཀྱང་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་པདྨ་ཟབ་པའི་རྒྱུད་དང་པདྨ་རྒྱལ་པོའི་རྒྱུད་གཉིས་ལས་གསུངས༔ དེ་ནས་གསུངས་པའི་རིགས་གསུམ་བགྱིས་པའི་ནང་ནས་འདི་ཞིང་ཁམས་ལྟར་བཀོད་པ་དེ་ཡིན༔ འདི་ལ་ཡང་གྲུབ་པའི་རྒྱལ་མོ་ནས་རས་ཆུང་བ་ལ་བརྒྱུད་པ་གསར་མའི་ལུགས་དང་༔ མངའ་བདག་ཉང་གི་གཏེར་མ་དང་༔ སངས་རྒྱས་གླིང་


CMR015_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏེར་མ་སོགས་རྙིང་མ་དང་༔ གྲུབ་ཆེན་ཀརྨ་པཀཱིས་ཞལ་གཟིགས་ལུགས་དང་༔ རྡོ་རྗེའི་སྙིང་པོས་མཛད་པའི་རྒྱ་གཞུང་དང་༔ གནམ་ཆོས་ལུགས་སོགས་མང་དུ་ཡོད་དེ༔ ལྷ་ལྔ་འདི་ཐམས་ཅད་དོན་ལ་ཁྱད་པར་མེད༔ འོན་ཀྱང་ད་ལམ་དབང་འདི་རང་ནི་གནམ་ཆོས་ལུགས་ལྟར་ཡིན༔ སྤྱིར་སྔགས་ཡི་གེ་དྲུག་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་སྡེ་ཟ་མ་ཏོག་སོགས་ལས་རྒྱ་ཆེར་གསུངས་པ་ཕལ་ཆེར་གྱིས་གསན་པ་ལྟར་ཡིན༔ ལྷག་པར་ཡང་ཨོཾ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་སྙིང་པོ༔ གསུང་གི་སྙིང་པོ༔ ཧཱུྃ་ཐུགས་ཀྱི་སྙིང་པོ༔ བཱིཐུགས་རྗེ་ཆེན་པོ༔ འབྲུ་དྲུག་ཐུབ་པ་དྲུག་ཡིན་པར་བཤད་སྲོང་བཙན་སྒམ་པོས་ནི་གྷིཡང་སྙིང་དང་འབྲུ་དྲུག་ཉེ་བའི་སྙིང་པོ་ཡིན་པར་གསུངས༔ དེས་་ན་རྒྱ་གཞུང་གི་དགོངས་པ་ཡི་གེ་བཅུ་བཟླས་ཀྱང་ལེགས༔ ཡང་རྒྱུད་ཀྱི་དགོངས་པ་ཡི་གེ་དྲུག་པ་རང་བཟླས་ཀྱང་ཆོག་སྟེ༔ པདྨ་རྒྱལ་པོའི་རྒྱུད་ལས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཐེབ་གཅིག་མོས་པས་བརྗོད་པ་ན་སེམས་ཅན་དམྱལ་བའི་ནད་ལས་ཐར༔ ཐེབ་གཉིས་བརྗོད་པས་ཡི་དྭགས་ཀྱི༔ འགྲོ་བའི་སྒོ་ཡང་འགགས་པར་འགྱུར༔ གསུམ་བརྗོད་དུད་


CMR015_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་འགྲོ་བ་འགགས༔ འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་༔ འདི་དང་མ་བྲལ་གཙང་མར་གནས༔ ཞེས་དང་༔ ཡང་རྒྱུད་དེ་ཉིད་ལས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པ༔ སངས་རྒྱས་ཐམས་ཅད་འདུས་པ་ནི༔ མགོན་པོ་སྤྱན་རས་གཟིགས་སྐུ་ཡིན༔ དྲན་པ་ཙམ་གྱིས་འཁོར་བ་ཡི༔ རྟོག་པ་ཐམས་ཅད་འགག་པར་འགྱུར༔ མྱ་ངན་འདས་པ་ཐམས་ཅད་ཀྱི༔ སྙིང་པོ་མ་ལུས་ལོན་པར་འགྱུར༔ པཉྩིས་ཉོན་མོངས་བདུད་བཅོམ་མོ༔ ཟླ་བས་ལྷ་ཡི་བུ་ཡི་བདུད༔ ཉི་མས་འཆི་བདག་བདུད་བཅོམ་མོ༔ སྐུ་ཡིས་ཕུང་པོའི་བདུད་བཅོམ་མོ༔ ཉོན་མོངས་ཤེས་བྱའི་སྒྲིབ་པ་གཉིས༔ སྐུ་མདོག་དཀར་པོས་འགགས་པ་ཡིན༔ བསོད་ནམས་དང་ནི་ཡེ་ཤེས་ཉིད༔ རིན་ཆེན་རྒྱན་གྱིས་བརྒྱན་པར་མཛེས༔ ཕ་རོལ་ཕྱིན་བཅུའི་ཡོན་ཏན་ནི༔ ཞལ་ནི་འཛུམ་པ་གཅིག་པུར་འདུས༔ ཆོས་ཀྱི་རྣམ་གྲངས་སོ་བདུན་པོ༔ སྐུ་ཡི་རྣམ་པ་གསལ་བར་ཚང་༔ ཞེས་ལྷ་འདི་བསྒོམས་པའི་ཕན་ཡོན་དང་༔ གྲུབ་པའི་རྒྱལ་མོའི་ཞལ་ནས་༔ འདི་ཉིད་སྐད་ཅིག་དྲན་པ་ཙམ་གྱིས་ཀྱང་༔


CMR015_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་འཐོབ༔ མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད་པའི་ལྟས༔ འཆི་རྩ་རྟགས་དང་མཚན་མ་འཇའ་དང་ནི༔ སྐུ་གདུང་རིང་བསྲེལ་ཤ་རི་རཾ་ལ་སོགས༔ འབྱུང་བར་འགྱུར་ཏེ་ཐེ་ཚོམ་ཡོད་མ་ཡིན། ཞག་བདུན་གྱིས་ཞལ་མཐོང་བ་དང་དངོས་གྲུབ་མ་ལུས་པ་འབྱུང་བ་ཡིན་པས་ཤིན་ཏུ་གསང་བར་བྱའོ༔ སློབ་དཔོན་དུ་མི་འཛིན་ཅིང་རང་གི་བརྒྱུད་པ་མིན་པ་ལ་གསང་བར་བྱའོ༔ མ་གཅིག་གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ་གདམས་སོ༔ གཅིག་བརྒྱུད་ཡིན་པས་སུ་ལའང་མི་བསྟན་པ་ཡིན༔ ཚོགས་ཀྱི་འཁོར་ལོ་དང་སློབ་དཔོན་ཡོན་གྱིས་མཉེས་ན་ཞག་བདུན་བསྒྲུབས་པས་ཀྱང་ཕྲིན་ལས་དུས་གསུམ་གྱི་སངས་རྒྱས་དང་མཉམ་པར་འགྱུར་རོ་ཞེས་གསུངས་སོ༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད༔ ཨ་ཧོ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ བདག་ལ་དབང་བསྐུར་བྱིན་གྱིས་རློབས༔ གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་༔ ལན་གསུམ་བརྗོད༔ དེ་ནས་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་སེམས་བསྐྱེད་པ་འདིའི་རྗེས་


CMR015_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་སྡིག་པ་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ༔ དེ་ནས་ཐུགས་རྗེ་ཆེན་པོ་འདིའི་སྐུའི་དབང་བསྐུར་ཞུ་བར་འདོད་དམ༔ གསུང་གི་དབང་བསྐུར་ཞུ་བར་འདོད་དམ༔ ཐུགས་ཀྱི་དབང་བསྐུར་ཞུ་བར་འདོད་དམ༔ ཡོན་ཏན་གྱི་དབང་བསྐུར་ཞུ་བར་འདོད་དམ༔ ཕྲིན་ལས་ཀྱི་དབང་བསྐུར་ཞུ་བར་འདོད་དམ༔ ཞེས་བརྗོད༔ སློབ་མས་ཀྱང་༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་དབང་ཞུ་བར་འདོད་ཅེས་བརྗོད༔ ད་ཁྱེད་རང་སློབ་མ་རྣམས་ལྷར་བསྐྱེད་པའི་དོན་དུ་འདི་ལྟར་


CMR015_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས་ཤིག༔ སྟོང་པའི་ངང་ལས་སློབ་མ་སྐད་ཅིག་གིས༔ ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ལ༔ ཞལ་གཅིག་ཕྱག་བཞི་དང་པོས་ཐལ་སྦྱར་དང་༔ འོག་མ་གཉིས་ཀྱིས་་ཕྲེང་བ་པདྨ་འཛིན༔ སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྤྱི་བོར་པདྨ་འབྱུང་གནས་ཨ་ཙར་སྨུག༔ ཕྱག་གཉིས་ཌཱ་རུ་བྷནྡྲ་ཞབས་ཕྱེད་སྐྱིལ༔ གཡས་སུ་རྟ་མགྲིན་དམར་པོ་ཁྲོ་ཆས་རྫོགས༔ གཡས་གཡོན་ཌཱ་རུ་དྲིལ་འཛིན་རྟ་སྐད་འཚེར༔ གཡོན་དུ་གསང་ཡེ་དམར་པོ་གྲི་ཐོད་དང་༔ རལ་གྲི་ཁ་ཊཾ་ཞབས་གཉིས་གར་སྟབས་མཛད༔ འོག་ཏུ་ནག་པོ་ཆེན་པོ་ཆར་སྤྲིན་མདོག༔ གྲི་གུག་བྷན་དམར་འཛིན་ཅིང་བེར་ནག་གསོལ་དགྲ་བགེགས་བྱད་མ་ཞབས་ཀྱི་འོག་ཏུ་མནན༔ གཙོ་བོའི་ཐུགས་ཀར་ཧྲིལ་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་མཆོད༔ དེ་ཀུན་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས༔ ཆར་ལྟར་བབ་ནས་ཁྱེད་རང་རྣམས་ལ་ཐིམ༔ དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར༔ ཧཱུྃ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་


CMR015_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བསྐུར༔ ལོག་འདྲེན་ཚེ་ཡིབར་ཆད་བསལ་དུ་གསོལ༔ ཨོཾ་ཨཱཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛྲ་ད་དང་པོ་སྐུའི་དབང་ཞུ་བར་འདོད་ན་སྐུ་བུམ་པ་ཡིན་པས༔ ཁྱེད་རང་རྣམས་ཀྱི་བུམ་པ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་བུམ་པ་འདིའི་ནང་དུ་གསལ་བ་དེ་ལྟ་བུ་ཞིག་སྒོམས་ལ༔ བུམ་པ་སྤྱི་བོར་བཞག་པའི་ཚེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུའི་དབང་ཐམས་ཅད་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཐུགས་རྗེ་ཆེན་པོ་ཡི༔ ལྷ་ཚོགས་མ་ལུས་ལྷམ་མེར་བཞུགས༔ ཁྱོད་ཀྱི་སྤྱི་བོར་བཞག་པའི་ཚེ༔ ལྷ་ཚོགས་སྐུ་ཡི་དབང་རྣམས་ནི༔ ལུས་པ་མེད་པར་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ ཞེས་བུམ་པ་སྤྱི་བོར་བཞག༔ བུམ་ཆུ་བླུད་ལ་མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་འགྲོ་ལ་ཐུགས་རྗེས་བུ་ལྟར་སྐྱོང་༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་ལུས་ཀྱི་སྒྲིབ་པ་དག༔ སྐུའི་དབང་ཐོབ༔


CMR015_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལྷར་བསྒོམ་པར་དབང་༔ འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ ད་གསུང་གི་དབང་ཞུ་བར་འདོད་ན༔ གསུང་དབང་ཤེལ་གྱི་ཕྲེང་བ་ཡིན་པས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་འོད་ཟེར་ལས་གྲུབ་པའི་ཕྲེང་བ་བདག་གི་ཐུགས་ཀར་ཐིམ༔ བདག་གི་རྣ་བ་ནས་ཐོན་ཁྱེད་རང་གི་རྣ་བར་ཐིམ༔ ཁྱེད་རང་གི་སྙིང་དང་གཉིས་སུ་མེད་པར་གྱུར་པས་ཐུགས་རྗེ་ཆེན་པོའི་གསུང་གི་དབང་མ་ལུས་པ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ ཕྲེང་བ་འདི་ནི་གསུང་གི་མཆོག༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ནི༔ མ་ལུས་ལུས་པ་མེད་པ་ཡི༔ གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་རྣམས་ལ་ཐུགས་རྗེས་བུ་ལྟར་སྐྱོང་༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་གསུང་གི་་བཀྲ་ཤིས་ཤོག༔ མེ་ཏོག་འཐོར༔ དེས་ངག་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ༔ དེ་རིང་ཕྱིན་ཆད་སྔགས་ཡི་གེ་དྲུག་པ་བཟླ་བར་དབང་༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་


CMR015_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་སྐལ་བ་དང་ལྡན་པའོ༔ དེ་ནས་ཐུགས་ཀྱི་དབང་ཞུ་བར་འདོད་ན༔ ཐུགས་རྡོ་རྗེའི་དབང་ཡིན་པས་རྡོ་རྗེ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་པ་ཡིན་པར་སྒོམས་ལ༔ སྙིང་གར་བཞག་པས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་པ་ཐིམ་པས་ཐུགས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ རྡོ་རྗེ་འདི་ནི་ཐུགས་ཀྱི་དབང་༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ ཐུགས་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་རྣམས་ལ་ཐུགས་རྗེས་བུ་ལྟར་སྐྱོང་༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར༔ དེས་སེམས་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དབང་ཐོབ༔ སེམས་ཏིང་ངེ་འཛིན་བསྒོམ་པར་དབང་༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ དེ་ནས་ཡོན་ཏན་གྱི་དབང་ཞུ་བར་འདོད་ན་ཡོན་ཏན་ཕྱག་མཚན་གྱི་དབང་ཡིན་པས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདི་དང་པདྨ་དམར་པོ་འདི་ཉིད་


CMR015_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་ཡོན་ཏན་གྱི་དབང་ཐོབ་པའི་རྒྱུ་ཡིན་པས་ཁྱོད་ཀྱི་ལྟེ་བར་བཞག་པས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ ཕྱག་མཚན་ཡོན་ཏན་དབང་གི་རྫས༔ ཁྱོད་ཀྱི་ལྟེ་བར་བཞག་པ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ནི༔ ལུས་པ་མེད་པའི་ཡོན་ཏན་དབང་༔ མ་ལུས་དེང་འདིར་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྟེ་བར་བཞག༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་རྣམས་ལ་ཐུགས་རྗེས་བུ་ལྟར་སྐྱོང་༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་ཡོན་ཏན་བཀྲ་ཤིས་ཤོག༔ མེ་ཏོག་འཐོར༔ དེས་བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ ཡོན་ཏན་གྱི་དབང་ཐོབ༔ ཡོན་ཏན་དྲུག་ཅུ་རྩ་བཞི་ཐོབ་པའི་སྐལ་པ་དང་ལྡན་པའོ༔ དེ་ནས་ཕྲིན་ལས་ཀྱི་དབང་ཞུ་བར་འདོད་ན༔ ཕྲིན་ལས་འཁོར་ལོ་རྡོ་རྗེ་ནོར་བུ་པདྨ་དམར་པོ་རལ་གྲི་འདི་རྣམས་ཀྱི་དབང་ཡིན་པས་དེ་རྣམས་ཁྱེད་རང་གི་གསང་གནས་སུ་བཞག་པས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་པའི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ རྣམ་པ་འདི་ལྔ་སྤྱན་རས་


CMR015_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས༔ ལྷ་ཚོགས་ཕྲིན་ལས་དབང་བསྐུར་རྫོགས༔ ཁྱོད་ཀྱི་གསང་བར་བཞག་པ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ནི༔ མ་ལུས་ཀུན་གྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་གསང་བར་བཞག༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་རྣམས་ལ་ཐུགས་རྗེས་བུ་ལྟར་སྐྱོང་༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་ཕྲིན་ལས་བཀྲ་ཤིས་ཤོག༔ མེ་ཏོག་འཐོར༔ དེས་ཤེས་བྱའི་སྒྲིབ་པ་དག་ཕྲིན་ལས་ཀྱི་དབང་ཐོབ༔ ཕྲིན་ལས་ཀྱིས་འགྲོ་བ་འདུལ་པའི་སྐལ་བ་དང་ལྡན་པའོ༔ དེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་སོང་ཚར་ནས༔ ད་ལས་བཞི་འདུས་པའི་གཏོར་མའི་དབང་བསྐུར་བ་ནི༔ གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དུ་བསྒོམས་ལ་ཁྱོད་ཀྱི་སྤྱི་བོར་བཞག་པའི་ཚེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་པའི་ལས་བཞིའི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ གཏོར་མ་འདི་ཉིད་སྤྱན་རས་གཟིགས༔ ཁྱོད་ཀྱི་སྤྱི་བོར་བཞག་པའི་ཚེ༔ ལྷ་ཚོགས་མ་ལུས་ལས་བཞིའི་དབང་༔ བུ་ཁྱོད་ཀྱིས་ནི་ཐོབ་པར་ཤོག༔ ཆོས་སྐུ་སྣང་བ་


CMR015_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མ་གཅིག་གྲུབ་པའི་རྒྱལ་མོ༔ རས་ཆུང་རྡོ་རྗེ་གྲགས་པ་ལ་སོགས་པ་གསར་མའི་བརྒྱུད་པ་རྣམས་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ མངའ་བདག་ཉང་རལ་པ་ཅན༔ སྤྲུལ་སྐུ་སངས་རྒྱས་གླིང་པ་ལ་སོགས་པ་རྙིང་མའི་བརྒྱུད་པ་རྣམས་དང་༔ བལ་པོ་མཉྫཤཱི༔ ཆོས་རྒྱལ་སྲོང་བཙན་སྒམ་པོ༔ གྲུབ་ཐོབ་དངོས་གྲུབ་ལ་སོགས་པ་བཀའ་འབུམ་བརྒྱུད་པ་རྣམས་དང་གྲུབ་ཐོབ་ཀརྨ་པཀྵི༔ རྗེ་རང་བྱུང་རྡོ་རྗེ་ལ་སོགས་ཞལ་གཟིགས་བརྒྱུད་པ་རྣམས་དང་༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་སོགས་པ་གནམ་ཆོས་བརྒྱུད་པ་རྣམས་དང་༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་རྒྱལ་བ་རྒྱ་མཚོ༔ དཔལ་རྟ་མགྲིན་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ལ་སོགས་པ་དཔའ་བོ་རྒྱ་མཚོ༔ གསང་བ་ཡེ་ཤེས་རིགས་བཞིའི་མཁའ་འགྲོ་ལ་སོགས་པ་དཔའ་མོ་རྒྱ་མཚོ༔ གུ་རུ་པདྨ་འབྱུང་གནས་སོགས་གྲུབ་ཐོབ་རྒྱ་མཚོ༔ བཱི་མ་ཧཱ་ཀཱ་ལ་སོགས་དམ་ཅན་རྒྱ་མཚོ་སྟེ་རྒྱ་མཚོ་ལྔའི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔


CMR015_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག༔ ཚེ་དང་བསོད་ནམས་ཉམས་དང་རྟོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག༔ མཆོག་ཐུན་མོང་གི་དངོས་གྲུབ་དབང་དུ་འདུས་པར་བྱིན་གྱིས་རློབས་ཤིག༔ བདུད་བཞི་ལོག་འདྲེན་གྱི་གཡུལ་ལས་རྒྱལ་བར་བྱིན་གྱིས་རློབས་ཤིག༔ ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་བྱིན་གྱིས་རློབས་ཤིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་ཧཱུྃཨཱཿ ཞེས་གནས་ལྔར་བཞག་གོ༔ དེས་ཐུགས་རྗེ་ཆེན་པོའི་ལྷ་ཡཚོགས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་པས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལྔ་པོ་འདི་རང་ཐུགས་རྗེ་ཆེན་པོ་འདྲ་བར་མ་གྱུར་གྱི་བར་དུ་ཨུ་རྒྱན་དང་ཐུགས་རྗེ་ཆེན་པོ་འདི་གཉིས་བླ་མར་བཟུང་༔ རྟ་མགྲིན་འདི་ཡི་དམ་དུ་བཟུང་༔ གསང་བ་ཡེ་ཤེས་མཁའ་འགྲོར་བཟུང་༔ དཔལ་ལྡན་མགོན་པོ་ཆོས་སྐྱོང་དུ་བཟུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད༔ སློབ་དཔོན་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ དེང་ནས་བརྩམས་ཏེ་བདག་བྲན་དུ༔ ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས༔ ཁྱེད་ཀྱི་


CMR015_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བཟུང་བ་དང་༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ མཎྜལ་ཕུལ༔ ས་གཞི་སྤོས་ཆུས༔ སོགས་བྱའོ༔ ས་མ་ཡ༔ ཞེས་པ་འདི་སམྦྷོ་ག་ཀཱ་ཡ་ཏིཥྛ་བཛྲ་དགུང་ལོ་བཅུ་གཉིས་པ་མེ་སྤྲེའུ་ནག་པ་ཟླ་བའི་མར་ངོའི་ཚེས་བཅུ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དངོས་སུ་མཇལ་ཏེ་འདི་ཀརྨ་ཆགས་མེད་ཀྱི་ཆོས་སྐལ་ཡིན་གསུངས་ནས་དངོས་སུ་གནང་བ་ཡིན་ཏེ༔ ཕྱིར་ནངས་ཡི་གེར་བཀོད་པ་དེ་ལ་ཕྱིས་བདག་རཱ་ཨ་སྱས་ལོ་རྒྱུས་དང་མཚམས་སྦྱར་གྱིས་ཁ་བཀང་ནས་བསྒྲིགས་པའི་ཡི་གེ་པ་ནི་བརྩོན་འགྲུས་རྒྱ་མཚོའི༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆོགnext