Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་མྱོང་གྲོལ་སྐྱེ་བདུན་རིལ་བུ་དམར་པོའི་དཀར་ཆག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་མྱོང་གྲོལ་སྐྱེ་བདུན་རིལ་བུ་དམར་པོའི་དཀར་ཆགnext

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་མྱོང་གྲོལ་སྐྱེ་བདུན་རིལ་བུ་དམར་པོའི་དཀར་ཆག


CMR015_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་མྱོང་གྲོལ་སྐྱེ་བདུན་རིལ་བུ་དམར་པོའི་དཀར་ཆག༔


CMR015_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ལོ་ཀི་ཤྭ་ར་ཡེ༔ དེ་ཡང་གཏེར་ཁ་ལུང་སྟོན་པའི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་དེ༔ དགུང་ལོ་བཅུ་གཉིས་བཞེས་པ་སྤྲེལ་ལོ་ཁྲུམས་ཟླ་བའི་ཉི་ཤུ་བརྒྱད་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དངོས་སུ་ཞལ་གཟིགས་ནས༔ རྒྱལ་བ་རྒྱ་མཚོའི་བུམ་སྒྲུབ་ཀྱི་གདམས་པ་ཞལ་གདམས་དང་བཅས་པ་དངོས་སུ་གནང་ངོ་༔ དེའི་གཞུང་ལས་རྒྱལ་བ་རྒྱ་མཚོའི་བུམ་སྒྲུབ་ནི་ཏེ་ལོ་ནཱ་རོ་ནས་བརྒྱུད་པ་དང་༔ དགའ་རབ་རྡོ་རྗེ་ནས་བརྒྱུད་པའི༔ བརྒྱུད་པ་མ་འཕྱུགས་དད་རྟེན་བསྲེ༔ འཕྱུག་ན་མི་ནུབ་རུ་རུ་འགྱུར༔ ཞེས་དང་༔ དེའི་ཞལ་གདམས་ལས༔ དགའ་རབ་རྡོ་


CMR015_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཞེས་པ༔ འདིའི་དམ་རྫས་གཙོ་བོ་གཏེར་རྣམས་ནས་བྱུང་བའི་སྐྱེ་བདུན་གྱི་རུ་རྩི་གལ་ཆེ༔ ཏེ་ལོ་ནཱ་རོ་ཞེས་པ་ཀརྨ་བཀའ་བརྒྱུད་ཁོ་ནའི་བྱིན་རླབས་རྟེན་སླད་མེད་དོ༔ རིལ་བུ་ཆེ་ཆུང་སྲན་ཆུང་ལེབ་མོའི་ཚད་ཙམ་མདོག་དམར་པོ་བྱས་ན་ལེགས༔ ཞེས་གསུངས་སོ༔ དེ་ལ་འདིའི་རུ་རྩིའི་གཙོ་བོ་ནི༔ ཡཾ་བུ་ཤ་རི་རམ་ཡིན་ཏེ༔ དེ་ཡང་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བཞེས་པ་བྱ་ལོ་ནག་པ་ཟླ་བའི་ཚེས་གཉིས་ལ༔ གུ་རུ་པདྨ་རྒྱལ་པོ་དངོས་སུ་ཞལ་གཟིགས་ཏེ༔ སྒྲུབ་ཐབས་ཟབ་མོ་གཅིག་བརྒྱུད་མགུལ་ཁུག་མ་གནང་ངོ་༔ དམ་རྫ་ས་ཡང་བུ་ཤ་རི་རམ་བྱ་བ་


CMR015_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་སྨུག་པོ་ལྔ་ཕྲག་གཅིག་གནང་བ་དངོས་སུ་གཅིག་ལས་མི་སྣང་༔ དེ་ནས་དེའི་བསྒྲུབས་པ་བྱས་དུས་ཀྱང་རིལ་བུ་བདུན་ཕྲག་གཅིག་གནང་བ་དངོས་སུ་གཅིག་ལས་མི་སྣང་སྟེ༔ རིལ་བུ་དེ་རྣམས་བཅུ་དོ་ཙམ་རེ་འདུག་གོ༔ དེ་ནས་རིལ་བུ་དེ་དག་པདྨ་རྒྱལ་པོའི་སྒྲུབ་གཞུང་ནས་གསུངས་པ་ལྟར་མང་ཞིག་སྤེལ་ནས་སྒྲུབ་པ་ཁ་གསོ་ཡང་མཛད་དོ༔ དེ་ལྟར་ཡང་བུ་ཤ་རི་རམ་དང་༔ བྲམ་ཤུ་རིལ་བུ་དང་༔ ཙུན་དྷ་རིལ་བུ་བྲེ་དོ༔ གནམ་ཆོས་ཀྱི་དམ་རྫས་དང་༔ སྤྲུལ་སྐུ་ཉིད་ཀྱི་ཤངས་མཚལ་བུང་ཆེ་བ་དང་༔ སྐུ་གོང་མ་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྐུ་ཤ་རིལ་བུ་མང་ཞིག་རྣམས་གཙོ་བོ་ཡིན་ལ༔ དེ་ནས་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་དམ་རྫས༔ སངས་རྒྱས་གླིང་པའི་གཏེར་ཁ་དམ་རྫས་རོལ་པ་ཆེན་པོ༔ རཏྣ་གླིང་པའི་གཏེར་ཁ་བྲམ་ཟེའི་ཤ་རིལ༔ འཇའ་ཚོན་སྙིང་པོའི་དམ་རྫས་རིལ་བུ༔ ཚེར་ལུང་དྲུང་པ་ཀུན་དགའ་རྣམ་རྒྱལ་བས༔ རྗེ་ཆོས་གྲགས་རྒྱ་མཚོའི་སྐུ་ཤ་དང་༔ དབང་དྲག་རྒྱ་མཚོའི་སྐུ་ཤ་གཉིས་ལ་གཞི་བྱས་ནས་སྒྲུབ་པའི་མ་ཎི་རིལ་བུ་བརྒྱ་དང་སུམ་ཅུ༔ སྐྱོ་བྲག་བསྟན་འཛིན་བཟང་པོའི་མ་ཎི་རིལ་བུ༔ སྐྱོ་བྲག་ཀརྨ་དོན་དམ་པའི་ཕྱག་ནས་བྱུང་བའི་མ་ཎི་རིལ་བུ༔ འབྲི་


CMR015_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གུང་པའི་མ་ཎི་རིལ་བུ་༔ ཆོས་རྗེ་མཁར་དྲུང་གི་སྨན་སྒྲུབ༔ ཀོང་པོ་རྩེ་ལེ་སྤྲུལ་སྐུའི་མ་ཎི་རིལ་བུ༔ ཤར་ཀཿཐོག་པའི་མ་ཎི་རིལ་བུ་མང་བ༔ བྷ་ཁ་སྤྲུལ་སྐུའི་ཕྱག་ནས་བྱུང་བའི་གཏེར་སྟོན་བརྒྱ་རྩའི་དམ་རྫས༔ འབྲི་གུང་ཆོས་ཀྱི་གྲགས་པའི་དམ་རྫས་རིལ་བུ༔ ལྷོ་པ་སྤྲུལ་སྐུའི་དགོངས་འདུས་སྒྲུབ་པའི་དམ་རྫས་རྣམས༔ རིག་འཛིན་བདུད་འདུལ་རྡོ་རྗེའི་བསམ་ཡས་ནས་རྫུ་འཕྲུལ་གྱིས་བཏོན་པའི་ཟག་མེད་འཇའ་ལུས་འགྲུབ་པའི་རིལ་བུ༔ མ་བསྒོམས་སངས་རྒྱས་རིལ་བུ་བྲམ་ཟེ་དུང་རྣ་ཅན་གྱི་ཤ༔ ཐབས་ཤེས་ཕྱག་ཆེན་རིལ་བུ་བྲམ་ཟེའི་འཕེལ་གདུང་རིལ་བུ༔ གཞན་ཡང་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་གདུང་རུས་རྣམས་གཅིག་ཏུ་དྲིལ་བ་ཟླ་ཤེལ་རིལ་བུ༔ སྐུ་ཤ་རྣམས་གཅིག་ཏུ་དྲིལ་བ་ས་ལེ་སྦྲམ༔ སྐུ་མཚལ་རྣམས་གཅིག་ཏུ་དྲིལ་བ་པདྨ་རཱ་ག༔ དམ་རྫས་རྣམས་གཅིག་ཏུ་དྲིལ་བ་ཨ་དོ་དམར་པོ༔ ཏེ་ལོ་ནཱ་རོ་ནས་བརྒྱུད་པའི་བྱིན་རླབས་རྟེན་ནི༔ རྒྱལ་བ་ཡབ་སྲས་རྣམས་ཀྱི་རིལ་ནག་ཕྱག་དྲིལ་མ་འགའ༔ ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་སྐུ་མཚལ༔ ཆབ་ཚ་དབུ་ལོ༔ རྗེ་བཙུན་རི་མགོ་བའི་གདུང་རུས་ཚན་ཆེ་བ༔ གཞན་ཡང་རྒྱལ་བ་ཡབ་སྲས


CMR015_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐུ་མཚལ༔ གསང་ཆབ་ན་བཟའ་དབུ་ལོ༔ གཞན་ཡང་བྱང་ཆུབ་ཤིང་གི་དུམ་བུ༔ ས་སྐྱ་པའི་བདུད་རྩི་རིལ་བུ༔ ཨ་མི་ལོག་གི་སྨན་སྒྲུབ་མང་བ༔ དེའི་བདུད་རྩི་རིལ་བུ༔ འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པའི་སྨན་སྒྲུབ་མང་བ༔ རྩེ་དང་ཞབས་དྲུང་གི་བདུད་རྩི་རིལ་བུ༔ རྟ་ནག་ཐུབ་བརྟན་པའི་བདུད་རྩི་རིལ་བུ་ཚན་ཆེ་བ༔ གཏེར་སྟོན་ནམ་མཁའ་འཇིགས་མེད་ཀྱི་དམ་རྫས་རིལ་བུ༔ མཁན་པོ་བོ་དྷི་སཏཱིའི་ན་བཟའ། གླིང་རྗེ་རས་པའི་དྲྭ་བ་དུམ་བུ༔ ལྷ་ལུང་དཔལ་གྱི་རྡོ་རྗེའི་བེར་སྨུག་དུམ་བུ༔ ཕག་མོ་གྲུ་པའི་ན་བཟའ༔ འགྲོ་མགོན་རས་ཆེན་ན་བཟའ༔ བྱང་ཆུབ་རྡོ་རྗེའི་ཞབས་ཆགས༔ དེ་བཞིན་གཤེགས་པའི་ན་བཟ༢༔ ཆོས་གྲགས་རྒྱ་མཚོའི་ཞབས་ཆགས༔ དབང་ཕྱུག་རྡོ་རྗེའི་སྐུ་རེག༔ མི་བསྐྱོད་རྡོ་རྗེའི་ཞབས་ཆགས༔ སངས་རྒྱས་དབོན་གྱི་དབུ་ཞྭ༔ སངས་རྒྱས་ཡེལ་པའི་གདུང་ལྕིབས་ན་བཟའ༔ ཨོ་རྒྱན་མགོན་པོའི་དབུ་ཞྭ༔ ངོམ་པ་མཁའ་སྤྱོད་པའི་ཨང་གི་དུག་པོ་དང་སྒོམ་ཐག༔ ཆོས་དབྱིངས་རྡོ་རྗེའི་ན་བཟའ༔ སི་ཏུ་ཆོས་ཀྱི་གོ་ཆའི་དབུ་ཞྭ༔ མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ན་བཟའ༔ འབྲིང་གུང་ཞབས་དྲུང་ན་


CMR015_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ༔ གར་དབང་ཀརྨ་བསྟན་སྐྱོང་གི་ཤངས་མཚལ༔ དྲུང་པ་ཚེར་ལུང་ཀུན་དགའ་རྣམ་རྒྱལ་གྱི་སྐུ་མཚལ༔ ཆབ་སེར༔ འཇའ་ཚོན་སྙིང་པོའི་དབུ་ལོ་ན་བཟ༢༔ གར་དབང་པའི་གདུང་རུས༔ རི་པ་ཚེ་མཚམས་ཀརྨ་ཚེ་དབང་གི་དབུ་ཐོད་དུམ་བུ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་གསང་ཆབ༔ ན་བཟའི༔ གངས་ཏི་སེའི་ཇུ་གངས༔ གངས་ཐིག༔ མཚོ་མ་ཕམ་གྱི་བྱེ་མ་སྣ་ལྔ༔ གསང་འདུས་དང་རྒྱལ་བ་རྒྱ་མཚོ་དགོངས་འདུས་རྣམས་ཀྱི་སྒྲུབ་ཆེན་གྱི་བུམ་ཆུ་སོགས་དམ་རྫས༔ མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ས་དང་དབུ་ལོ༔ འབྲས་མོ་ལྗོངས་ཀྱི་བྲག་དཀར་བཀྲ་ཤིས་སྟེང་གི་ས་ལ་སོགས་པ་བྱིན་རླབས་རྟེན་དཔག་ཏུ་མེད་པ་འདྲེས་ཤིང་༔ གནམ་ཆོས་ཀྱིས་གཞུང་ལྟར་སྒྲུབ་པ་ཐེམས་པར་བྱས་པ་ཡིན་ནོ༔ དེ་ནས་འདིའི་ཕན་ཡོན་ནི༔ གནམ་ཆོས་རིལ་བུ་འདིའི་སྒྲུབ་ཐབས་གཞུང་ལས༔ རིལ་བུ་ཀུན་ལ་བཀྱེ་སྟེ༔ ཕན་ཡོན་ནི་བརྗོད་ལས་འདས༔ ཞེས་གསུངས་པའི་དོན་ནི༔ ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས༔ རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་


CMR015_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཐུགས་རྗེ་གསང་བ་འདུས་པའི་རྒྱུད་ལས༔ རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ བདག་བས་གཞན་གཅེས་འགྲོ་དོན་སྤྱོད༔ ཡིག་བདུན་བཟླས་ཤིང་དམ་ཚིག་སྲུང་ཐམས་ཅད་འཁོར་བ་དོང་ནས་སྤྲུག༔ ཅེས་དང་༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་འདི་ཉིད་ཀྱི་གཞུང་ལས༔ ཡང་བུ་ཤ་རི་རམ་ཟོས་པས༔ ཚེ་རིང་བས་ན་ཚེ་རིལ་འདྲ༔ ནོར་འཕེལ་བས་ན་ནོར་བུ་འདྲ༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀུན༔ དབང་དུ་འདུ་བ་རྒྱལ་པོ་འདྲ༔ དམྱལ་བར་མི་འགྲོ་བཏགས་གྲོལ་འདྲ༔ ཆུ་ལ་མི་བྱིངས་ཉ་མོ་འདྲ༔ བྲག་ལ་མི་རྦབ་བྱ་རྒོད་འདྲ༔ དགྲ་ཡིས་མི་གནོད་དངོས་མེད་འདྲ༔ འདི་ཡི་ཕན་ཡོན་བསམ་མི་ཁྱབ༔ ཅེས་དང་༔ གཞན་ཡང་རིལ་བུ་ཤ་རི་རམ༔ འདི་ཡི་བསྒྲུབས་པ་བྱས་པའི་རིལ་བུ་ལ༔ འབྲུག་རུས་དང་ཨ་རུ་ར་བསྲེས་ན་ནོར་དང་བསོད་ནམས་འཕེལ་བ་དང་༔ འབྲུ་སྣ་དང་དར་རས་བསྲེས་ན༔ ཟས་གོས་ལོངས་སྤྱོད་འཕེལ་བ་དང་༔ ཙན་དན་དཀར་པོ་དང་ཨ་རུ་ར་མཆུ་སྙིང་བསྲེས་པས་ཚེ་རིང་བའི་རྟེན་འབྲེལ་འབྱུང་བར་གསུངས་པ་ལྟར༔ རྫས་དེ་དག་ཚང་བར་བྱས་པ་ཡིན་


CMR015_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བདུན་སྒྲུབ་པའི་གཞུང་རྣམས་ནས་བཤད་པ་ལྟར༔ གཏེར་མ་ཚད་ལྡན་གྱི་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་རིལ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་དྲིལ་ཨ་དང་མའི་ཡི་གེས་མཚན་པ་རྣམས་དང་གྲུབ་ཐོབ་ཀྱི་ཤ་ཆེན་གསུངས་པ་ལྟར༔ རྗེ་ཆོས་གྲགས་རྒྱ་མཚོ་དང་༔ འབྲི་གུང་ཆོས་རྒྱལ་ཕུན་ཚོགས་དང་༔ རིག་འཛིན་དབང་དྲག་རྒྱ་མཚོ་རྣམས་ཀྱི་སྐུ་ཤ་ལ་རུ་རྩིའི་གཞི་བྱས་པ་ཡིན་པས༔ འདིའི་ཕན་ཡོན་ཨོ་རྒྱན་རིན་པོ་ཆེས་པདྨ་ཀ་ཐང་ལ་སོགས༔ གཏེར་ཁ་ཚད་ལྡན་རྣམས་ནས་གསུངས་པ་ནི་འདི་ལྟར་ཏེ༔ མ་བསྒྲུབས་སངས་རྒྱས་ཐོབ་པ་ལ་བཞི་སྟེ༔ རྒྱུད་བཏགས་གྲོལ༔ ཕྱག་རྒྱ་པདྨ་ཅན༔ གསང་ལམ་འཕོ་བ༔ དམ་རྫས་སྐྱེ་བདུན༔ དཔེར་ན་མཐེབ་དང་གཞུའི་ནུས་པས་མདའ་ཕ་རོལ་དུ་འགྲོ་བ་དང་༔ གྲུ་དང་མཉན་པའི་རྩོལ་བས་ཆུ་བོ་ལས་སྒྲོལ་བ་ལྟར༔ ངེས་པར་སྤྱན་རས་གཟིགས་ཀྱི་དྲུང་དུ་སྐྱེ་བར་འགྱུར་རོ༔ ཞེས་དང་རིལ་བུ་སུས་ཐོབ་པ་ཐུགས་རྗེ་ཆེན་པོའི་ཞིང་དུ་འགྲོ༔ འདི་ལ་ཐེ་ཚོམ་མི་འཚལ་ཏེ༔ མ་བསྒྲུབས་སངས་རྒྱས་ཐོབ་ཐབས་ལྔ༔ སྔོན་སྦྱང་ལས་སད་རྟོག་གྲོལ་དང་༔ རང་བྱུང་རྒྱུད་མཆོག་བཏགས་གྲོལ་དང་༔


CMR015_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལྡན་པད་ཅན་རྩ་ཡི་གནས༔ གསང་ལམ་ཟབ་མོའི་འཕོ་བ་དང་༔ ངོ་མཚར་རྫས་མཆོག་སྐྱེ་བདུན་ནོ༔ དེ་ཕྱིར་འདི་སྤྱོད་སྐྱེས་བུ་ལོ༔ བྱང་ཆུབ་སེམས་ལྡན་མཆོག་ཏུ་གཅེས༔ རིལ་བུ་གཅེས་སྤྲས་ཆེར་བྱས་ཏེ༔ འགྲོ་དོན་དཔག་མེད་རྒྱ་ཆེན་སྤྱོད༔ ཅེས་དང་༔ གཟུངས་ཆུ་གཟུངས་རིལ་མང་དུ་ནི༔ བསྒྲུབས་ནས་འགྲོ་བ་ཡོངས་ལ་སྤེལ༔ རིན་ནི་མ་ཎི་འུར་རྒྱག་བླངས༔ འདི་འདྲའི་ཡོན་ཏན་བརྗོད་མི་ལོང་༔ སྐྱེ་བ་བདུན་ནས་པདྨ་ཅན༔ འོད་དཔག་མེད་ཀྱི་སྲས་སུ་འགྱུར༔ ཞེས་དང་༔ པདྨ་བཀའི་ཐང་ཡིག་ལས་ཀྱང་སྐྱེ་བདུན་རིལ་བུའི་ཕན་ཡོན་གསུངས་པ༔ དབང་པོ་ལྔ་དང་ཟག་ཆུ་ཤ་དང་རུས༔ ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ རྨོངས་པོས་ལྟོར་སོང་མི་ཡི་དངོས་གྲུབ་འབྱུང་༔ དབུལ་པོའི་ལྟོར་སོང་ནོར་གྱི་དངོས་གྲུབ་ཐོབ༔ འཆི་འཕོའི་ལྟོར་སོང་ཚེ་ཡི་དངོས་གྲུབ་ཐོབ༔ དད་ཅན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་ཐོབ༔ དེ་ལ་སོགས་པའི་ཡོན་ཏན་མང་ཡོད་ཀྱང་༔ ལོག་ལྟ་ཅན་གྱི་ཡོན་ཏན་སྐྱོན་དུ་མཐོང་༔ དེ་ཡང་འབྲེལ་པ་སྣ་གཅིག་ཐོབ་པ་ཡིན༔ སྒྲིབ་པ་དག་སྟེ་ཆོས་ཉིད་ལས་སད་ཡིན༔ དེ་ཕྱིར་མཆོག་སྒྲུབ་སྐྱེ་བ་བཅུ་གསུམ་བར༔ མཐོང་ཐོས་དྲན་


CMR015_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རེག་དོན་དང་དྲན་པ་སྟེ༔ དྲི་མ་དག་པ་ཏིལ་འབྲུ་ཙམ་ཞིག་དེས༔ ངན་སོང་འགྲོ་ངེས་ཤེས་པ་མཐོ་རིས་སྐྱེ༔ དགེ་བཅུའི་རྒྱུ་ཡང་འབྲུ་རྩམ་ས་བོན་འདེབས༔ དྲང་སྲོང་གཟའ་ནད་འབྱུང་པོའི་གདོན་བགེགས་ནད༔ འདྲེ་ཡི་གཙེས་པ་རྣམས་ཀྱང་གྲོལ་བར་འགྱུར་མཚམས་མེད་ལྔ་སྤྱོད་ལྟོར་སོང་རིག་འཛིན་གྲོལ༔ ལས་ཀྱི་དུད་འགྲོའི་གནས་སུ་སྐྱེས་ན་ཡང་༔ ཡུལ་བཟང་བདག་བྱམས་བརྡུང་བཙོག་མེད་པར་འགྱུར༔ དེ་སོགས་ཡོན་ཏན་མང་པོ་ཟུར་ཙམ་ཡིན༔ གཞན་ཡང་བསོད་ནམས་ཆུང་བའི་དུད་འགྲོ་ཡིན་ཡང་རུང་༔ མི་ཚེར་སྡིག་བྱེད་ཤན་པ་ཡིན་ཡང་རུང་༔ སྐྱེ་བ་དམན་པའི་བུད་མེད་ཡིན་ཡང་རུང་༔ ལས་ཀྱི་འཕྲོ་མེད་མི་ནག་ཡིན་ཡང་རུང་༔ ཆུ་ལ་གནས་པའི་སེམས་ཅན་ཡིན་ཡང་རུང་༔ མཁའ་ལ་གནས་པའི་འདབ་ཆགས་ཡིན་ཡང་རུང་༔ སྡིག་པ་དག་ཅིང་མི་ལུས་གཙང་མ་ཐོབ༔ དད་པ་ཤེས་རབ་བརྩོན་འགྲུས་སྤྱོད་པར་འགྱུར༔ སྐྱེ་བདུན་ཤ་ཡིས་འདུལ་བའི་དུས་ཚོད་ཀྱང་༔ སངས་རྒྱས་བསྟན་པ་ལྔ་བརྒྱ་ཕྲག་འབུམ་ནུབ༔ དུས་ངན་གྱུར་ཏེ་ས་སྟེང་མིས་གང་གྱུར༔ རྒྱལ་ཁམས་ཞིག་པས་བོད་ཁམས་རྒྱ་བྱེད་ཆད༔ སིལ་བུ་སིལ་བུར་སོང་སྟེ་འཁྲུག་


CMR015_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་བྱེད༔ ཁྱད་པར་ཉོན་མོངས་དུག་ལྔ་རང་ཁར་སྤྱོད༔ ཐམས་ཅད་འཁྲུལ་ནས་མཚོན་གྱི་བསྐལ་པ་དར༔ རྟགས་ཙམ་འཛིན་པའི་བསྟན་པ་དཀོར་གཉེར་ཏེ༔ བཙུན་པས་ཁྱིམ་བྱེད་སྡོམ་པ་རྒྱབ་ཏུ་བོར༔ བུ་ཕྲུག་པང་དུ་བླངས་ནས་སྔགས་པ་ཟེར༔ སྔགས་པ་མགོ་སྤུ་བྲེག་ནས་བཙུན་ཆས་བྱེད༔ དགེ་བཤེས་ཧོར་ལས་གྲི་མདུང་དམག་དཔོན་བྱེད༔ གཏམ་དུ་དམག་ལབ་གོས་སུ་གོ་མཚོན་གྱོན༔ ལས་སུ་རྫོང་བརྩིག་ནོར་དུ་སྡིག་པ་བསོགས༔ ལྷ་ཆོས་མི་བྱེད་ཁྱད་པར་སྡིག་ལ་དགའ༔ དམག་དང་མུ་གེ་ནད་ཡམས་དུས་ཤིག་འབྱུང་༔ བཀའ་ཁྲིམས་ཞིག་པས་སྤྱི་འདུན་བུད་མེད་བཟུང་༔ ཕ་ཚན་ནང་བྱེ་སྤྱི་མདུན་ཆེན་པོ་ཞིག༔ ཤེས་པ་ཕྱིར་ལྡོག་གསལ་བའི་མིང་ལོགས་བྱུང་༔ གནས་པའི་ལུས་དུབ་ལུས་སེམས་གཉིས་ཀ་བྲེལ༔ གནས་གཞི་ལྷ་ཁང་བཤིགས་ནས་རྫོང་ལ་འགེབས༔ མི་རིགས་མི་མཐུན་ཀུན་དང་འགྲོགས་དགོས་འབྱུང་༔ སྐྱེ་འགྲོ་མི་སྲུན་ཟུག་རྔུ་སུས་མི་བཟློག༔ ལས་སུ་ཤན་པའི་སེམས་ཅན་ཨ་རེ་སྡུག༔ གཏེར་ལ་མོས་ཤིང་འདྲི་བ་མང་དུ་འབྱུང་༔ དེ་དུས་སྐྱེ་བདུན་ཤ་འདི་ལྟོར་སོང་བས༔ དུག་གསུམ་ནད་ཞི་བདུད་རྩི་མཆོག་ཏུ་གསུངས༔ ཞེས་དང་༔ མྱོང་


CMR015_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་དཀར་ཚིག་ལས༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱོང་གྲོལ་འདི༔ ལུས་ལ་བཅང་ན་ནད་མཚོན་འཆི་བརྒྱུད་ཁོག༔ རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་སྤྲིན་བཞིན་འདུ༔ མ་སྲིན་མཁའ་འགྲོའི་ཚོགས་རྣམས་གྲིབ་བཞིན་འགྲོགས༔ དམ་ཅན་རྒྱ་མཚོའི་ཚོགས་རྣམས་བྲན་ལྟར་འཁོར༔ ནག་ཕྱོགས་ལྷ་སྲིན་གདུག་པའི་གདུབ་རྩུབ་ཞི༔ ཕམ་ལྟུང་ཉམས་པའི་ལས་སྒྲིབ་ཐམས་ཅད་དག༔ མྱོང་ཙམ་གྱིས་ནི་ཚེ་གཅིག་སངས་རྒྱས་འགྲུབ༔ ཐ་ན་ཁྱི་ཕག་ལྟ་བུ་ཡིན་མོད་ཀྱང་༔ སྲོ་མ་ཙམ་ཞིག་ཁ་རུ་རེག་གྱུར་ན༔ དལ་འབྱོར་ཆོས་ལྡན་མི་ལུས་ཐོབ་ནས་ནི༔ ཚེ་གཅིག་ཀུན་མཁྱེན་འབྲས་བུ་རྙེད་པར་ངེས༔ ཞེས་དང་༔ དེ་ལྟར་སྒྲུབ་པའི་རིལ་བུ་དེ་གང་གི་ཁོག་ཏུ་སོང་ཡང་༔ འཁོར་བ་དང་ངན་སོང་གི་སྒོ་ཁེག་གྱུར་རོ༔ ཡ་རབ་བརྒྱད་ལྡན་གྱི་ལུས་ཐོབ་ནས་ཚེ་གཅིག་ལ་འཕགས་བའི་སྐུར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ རིལ་བུ་འདི་ཉིད་སྲོག་ཆགས་གང་གི་ཁོང་དུ་སོང་ཡང་༔ ཚེ་རབས་ཐོག་མེད་ནས་བསགས་པའི་ལས་སྒྲིབ་དག་པར་འགྱུར་རོ༔ ནད་གདོན་བར་ཆད་ཐམས་ཅད་ཞི་ནས་སངས་རྒྱས་པར་འགྱུར་རོ༔ རིལ་བུ་འདི་ཉིད་ལོའམ་ཟླ་བ་དང་༔ ཞག་


CMR015_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཚུན་ཆད་བཅུད་ལེན་བྱས་ནི༔ གནས་སྐབས་སུ་ཚེའི་བར་ཆད་ཞི་བ་དང་༔ ལུས་བཀྲག་མདངས་གཟི་བརྗིད་ལྡན་ཞིང་༔ སྐྲ་དཀར་གཉེར་མ་མི་འབྱུང་བ་དང་༔ ནད་གདོན་འབྱུང་པོ་མི་མ་ཡིན་གྱིས་གླགས་མི་རྙེད་ཅིང་༔ ཚེའི་རིག་འཛིན་རྙེད་པ་སོགས་བརྗོད་པར་མི་ནུས་སོ༔ ལུས་ལ་འཆང་ན་འགོས་ནད་དང་༔ མཚོན་ཆའི་རིགས་ཐམས་ཅད་ཐུབ་པར་འགྱུར་རོ༔ སྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་དང་༔ རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ༔ བསྒོམ་མི་དགོས་ཏེ་སྐད་ཅིག་ཚེ་འདི་ལ༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་རྫས་མཆོག་འདི༔ པད་འབྱུང་བདག་གི་རྒྱབ་ཚབ་མན་ངག་གོ༔ ལྕགས་ཀྱི་ལྷམ་བུ་ཆ་བཅུ་བཟོས་ནས་ནི༔ འཛམ་གླིང་གསེར་གྱིས་ཁེངས་པར་བྱས་ནས་ཀྱང་༔ གླིང་བཞི་གླིང་ཕྲན་བརྒྱད་རྣམས་ཉུལ་གྱུར་ཀྱང་༔ སྐལ་ལྡན་གཞན་ལ་འདུག་གམ་མི་འདུག་ལྟོས༔ ཞེས་ཨོ་རྒྱན་རིན་པོ་ཆེས་གསུངས་པ་ལྟར༔ གཏེར་ཁ་གསར་རྙིང་དུ་མ་ནས་བྱུང་བའི་སྐྱེ་བདུན་ཨ་མ་རིལ་བུ་དང་༔ ཁྱད་པར་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གནང་བའི་ཡང་བུ་ཤ་རི་རམ་དང་༔ བྲམ་ཤུ་རིལ་བུ་དང་༔ ཙུན་དྷ་རིལ་བུ་ལ་སོགས་པ་འདི་ལྟ་བུ་ནི༔ ཤིན་ཏུ་བྱིན་རླབས་


CMR015_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཞིང་དཀོན་པ་ཡིན་ཅིང་༔ ཚེ་འདིའི་བར་ཆད་སེལ་ནས་བསྲུང་བའི་མཆོག་དམ་པ༔ ཕྱི་མ་ངན་སོང་གི་སྐྱེ་སྒོ་ཆོད་པར་བྱང་ཆུབ་ཀྱི་ས་བོན་ཐེབ་ངེས་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྟོན་མོར་འགྱེད་པ་ཡིན་ནོ༔ རང་ལུས་གཞལ་ཡས་ཁང་གི་ཤར་སྒོ་ནས༔ རིལ་བུ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བྱོན་ཏེ༔ སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཞུགས་ནས༔ རང་ཉིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་འདུ་འབྲལ་མེད་པའི་མོས་པ་མཛོད་ལ་རིལ་བུ་མིད་ལ་ཡིག་དྲུག་འུར་འདོན་གཅིག་མཛོད་ཅིག༔ ཅེས་གནམ་ཆོས་བུམ་སྒྲུབ་ཀྱི་ལྷན་ཐབས་སུ་གཏེར་བློན་རཱ་ག་ཨ་སྱས་སྦྱར་བའོ༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་མྱོང་གྲོལ་སྐྱེ་བདུན་རིལ་བུ་དམར་པོའི་དཀར་ཆགnext