Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར།next

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར།


CMR015_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར་བཞུགས་སོ༔


CMR015_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དེ་བ་ཌཱ་ཀི་ནཱི་ཧཱུྃ༔ པདྨ་ཟབ་པའི་རྒྱུད་ཀྱི་དོན༔ ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་ནི༔ རང་བྱུང་རྡོ་རྗེའི་མཛད་པ་ལས༔ སྔོན་འགྲོའི་རིམ་པ་ཡོངས་རྫོགས་ནས༔ གསུང་ཕྱིར་སྔོན་འགྲོ་བཞི་སྦྱོར་ནི༔ དལ་འབྱོར་ལུས་འདི་ཤིན་ཏུ་རྙེད་པར་དཀའ༔ ཅི་དང་ཅི་ལ་སྐྱེས་ཀྱང་མི་རྟག་འཆི༔ དགེ་བ་ཆོས་ལ་འབད་ན་སངས་རྒྱས་རྒྱུ༔ སྡིག་པ་གང་བྱས་དེ་ལྟའི་རིགས་དྲུག་འཁྱམས༔ ཡི་དྭགས་བཀྲེས་སྐོམ་དུད་འགྲོ་གླེན་ལྐུགས་དང་༔ དམྱལ་བ་ཚ་གྲངས་མི་སྐྱེ་རྒ་ན་འཆི༔ ལྷ་མིན་འཐབ་རྩོད་ལྷ་ཡི་སྡུག་བསྔལ་ཡོད༔ འགྲོ་ཀུན་སྡུག་བསྔལ་དེ་ལས་སྐྱོབ་པའི་ཕྱིར༔


CMR015_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་ཀུན་ཏུ་བཟང་པོ་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ ཀུན་བཟང་རྒྱལ་བ་སྲས་བཅས་ཐམས་ཅད་ལ༔ བདག་ནི་རྩེ་གཅིག་ཡིད་ཀྱི་སྐྱབས་སུ་མཆི༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ ཚིག་རྐང་བཞི་པོ་གསུམ་མམ་བདུན་སོགས་བརྗོད༔ སྐྱབས་ཡུལ་འོད་ཞུ་བདག་གཞན་རྣམས་ལ་ཐིམ༔ རང་གི་སྤྱི་བོར་རྡོར་སེམས་སྐུ་མདོག་དཀར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བཏུར་ཐབས་འཛིན༔ དེ་ཡི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ལུས་ཀུན་གང་སྟེ་སྡིག་སྒྲིབ་ནག་


CMR015_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ནུར་སོང་༔ མཐར་ནི་རྡོར་སེམས་རང་ཐིམ་རང་རྡོར་སེམས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་རྒྱུན་བབས་ཉམས་ཆག་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་གོང་ལྟ་བུར་གྱུར༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་པ་བརྒྱ་རྩའམ་ཅི་འགྲུབ་དང་༔ སྤྲོ་ན་ཡི་གེ་བརྒྱ་པ་བཟླ་བར་བྱ༔ རང་གི་མདུན་གྱི་ནམ་མཁར་ཀུན་བཟང་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ ཡེ་ནས་དམ་ཡེ་དབྱེར་མེད་དྲན་རྫོགས་གསལ༔ ལུས་དང་ལོངས་སྤྱོད་དགེ་བའི་རྩ་བར་བཅས༔ གླིང་བཞིའི་དགེ་ཀུན་གཅིག་བསྡུས་མཎྜལ་འབུལ༔ གུ་རུ་དེ་བ་ཌཀི་ནཱི་རཏྣ་མཎྜལ་ལ་པྲ་ཏིཙྪ་སྭཱ་ཧཱཿ ཚིག་གཉིས་སྔགས་བཅས་བརྒྱ་འམ་ཅི་འགྲུབ་འབུལ༔ མདུན་གྱི་ལྷ་ཚོགས་བདག་དང་བསྲུང་བྱར་ཐིམ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་འཕེལ་བར་གྱུར༔ རང་གི་སྤྱི་བོར་པདྨ་འབྱུང་གནས་ལ༔ སངས་རྒྱས་བྱང་སེམས་ཐམས་ཅད་འདུས་པར་བསམ༔ ཆ་ལུགས་པདྨ་ངོ་བོ་རྩ་བའི་བླ༔ དེ་ལ་ཕྱོགས་བཅུའི་དཀོན་མཆོག་ཐམས་ཅད་ཐིམ༔ སྐབས་འདིར་སྤྲོ་ན་གནམ་ཆོས་རང་གཞུང་གི༔ རྫོགས་ཆེན་ནམ་ནི་གཏེར་མའི་གསོལ་འདེབས་འཛུད༔ བསྡུ་ན་འདི་ཙམ་བརྗོད་པས་འཐུས་པ་ཡིན༔ ཨེ་མ་ཧོ༔ གདོད་


CMR015_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ན༔ ཨོ་རྒྱན་ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་བདག་ལ་དབང་མཆོག་བསྐུར༔ བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཡི་དམ་འཕགས་པ་འཇིག་རྟེན་དབང་ཕྱུག་ལ༔ གསོལ་བ་འདེབས་སོ་བདག་ལ་དབང་བཞི་བསྐུར༔ ཕུང་པོ་ལྔ་པོ་རིགས་ལྔར་གནས་འགྱུར་ནས༔ འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས༔ འཕགས་བཞི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ གསོལ་བ་འདེབས་སོ་རིག་པའི་རྩལ་དབང་བསྐུར༔ རང་རིག་ཆོས་སྐུ་མངོན་དུ་རྟོགས་ནས་ཀྱང་༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཡུམ་མཆོག་སྤྱན་མ་མཱ་ཀི་གོས་དཀར་སྒྲོལ༔ གསོལ་བ་འདེབས་སོ་བདག་ལ་དབང་བསྐུར་སྩོལ༔ ལུས་ཀྱི་ཤ་ཁྲག་དྲོད་དབུགས་ཁམས་གཞི་དག༔ ནད་མེད་བདེ་སྟོང་འབར་བར་བྱིན་གྱིས་རློབས༔ རྡོ་རྗེ་རིན་ཆེན་པདྨ་ལས་མཁའ་འགྲོ༔ གསོལ་བ་འདེབས་སོ་ཡེ་ཤེས་དབང་བསྐུར་སྩོལ༔ དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་དང་༔ ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས༔ གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་ལྔ༔ གསོལ་བ་


CMR015_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་རབ་འབྱམས་དབང་བསྐུར་སྩོལ༔ ཚོགས་དྲུག་ཉམས་སྣང་བདེ་བ་འབར་བ་དང་༔ དག་པ་རབ་འབྱམས་འཆར་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་རྩེ་གཅིག་བཏབ་པ་ཡིས༔ མཐར་ནི་དེ་རྣམས་རང་ལ་ཐིམ་པར་གྱུར༔ ༈ རང་སེམས་ཡེ་ནས་ཡེ་ཤེས་སེམས༔ རང་ལུས་ཡེ་ནས་དཀྱིལ་འཁོར་ལྷ༔ ཡིན་ལ་ཡིན་པའི་ངེས་ཤེས་ཀྱིས༔ རང་ཉིད་ཐུགས་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐལ་སྦྱར་འོག་གཉིས་ཕྲེང་བ་པད༔ ལོངས་སྐུའི་ཆས་རྫོགས་སྐྱིལ་ཀྲུང་བཞུགས༔ སྐུ་ལས་རྡོ་རྗེ་ཕག་མོ་འཁྲིལ་གྲི་ཐོད་འཁྱུད་སྟོབས་ཕག་ཞལ་ངུར༔ དབུ་རྒྱན་འོད་དཔག་མེད་མགོན་བསྐྱེད༔ དཔྲལ་བ་མགྲིན་པ་སྙིང་ག་དང་༔ ལྟེ་བ་རྣམས་སུ་འདི་ལྟར་བསྐྱེད༔ སངས་རྒྱས་སྤྱན་མ་གོས་དཀར་མོ༔ མཱ་མ་ཀཱི་དང་སྒྲོལ་མའོ༔ འཁོར་ལོ་པད་དཀར་རིན་ཆེན་སྔོ༔ ཨུཏྤལ་གཡས་འོག་ཕྱག་གིས་འཛིན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ རྡོ་རྗེ་མཁའ་འགྲོ་དཔྲལ་བའི་ནང་༔ པདྨ་མཁའ་འགྲོ་རྐན་ཕུག་གོ༔ ལྟེ་བར་རིན་ཆེན་མཁའ་འགྲོ་བསམ༔ ལས་ཀྱི་མཁའ་འགྲོ་གསང་བར་བསྒོམ༔ མཐིང་


CMR015_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་དང་ལྗང་བའི་མདོག༔ རྡོ་རྗེ་པདྨ་ནོར་བུ་དང་༔ རལ་གྲི་གཡས་འོག་ཕྱག་གིས་འཛིན༔ མིག་སྙན་སྣ་ལྕེ་ལུས་རྣམས་སུ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡི༔ ལྷ་མོ་ལྔ་པོ་བསམ་པའོ༔ དཀར་སྔོ་དམར་སེར་ལྗང་བའི་མདོག༔ མེ་ལོང་གླིང་བུ་སྤོས་སྣོད་དང་༔ ཟངས་གཞོང་ན་བཟའ་གཡས་འོག་འཛིན༔ ལྷ་མོ་དེ་རྣམས་པད་ཟླའི་སྟེང་༔ གཡས་བརྐྱང་གཡོན་བསྐུམ་འདོར་སྟབས་བཞེངས༔ ཀུན་ཀྱང་ཞལ་གཅིག་ཕྱག་བཞི་མ༔ དང་པོས་ཐུགས་ཀར་ཐལ་མོ་སྦྱར༔ གཡོན་འོག་པདྨ་དམར་པོ་འཛིན༔ ཡུམ་བཞི་མཆོད་པའི་ལྷ་མོ་རྣམས༔ ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ མཁའ་འགྲོ་བཞི་པོ་ཅུང་ཞིག་ཁྲོས༔ སྤྱན་གསུམ་གཅེར་བུ་རུས་པས་བརྒྱན༔ གྲུ་མོར་ཁ་ཊོ་གྱེན་དུ་བསྒྲེངས༔ ཀུན་ཀྱང་དབུ་རྒྱན་ཐོར་ཚུགས་ཅན༔ ཀུན་གྱི་ཐུགས་ཀར་པད་ཟླའི་སྟེང་༔ རིགས་བདག་ཕག་མོའི་ཐུགས་ཀར་ཧྲཱིཿ༔ ལཾ་པཾ་མཾ་ཏཾ་ཡུམ་བཞིའི་ཐུགས༔ ཧ་རི་ནི་ས་མཁའ་འགྲོ་བཞི༔ མཆོད་ལྷ་ལྔ་ཀར་པཾ་ཡིག་རེ༔ གཙོ་བོའི་ཐུགས་ཀར་པདྨ་དང་༔ ཉི་ཟླའི་གདན་ལ་ཧྲཱིཿཡིག་མཐར༔ ཡི་གེ་དྲུག་པ་གཡས་སུ་འཁོར༔ དེ་ལས་འོད་


CMR015_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཕྱོགས་བཅུར་འཕྲོས༔ ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡི༔ རྒྱལ་བ་སྲས་བཅས་ཐམས་ཅད་མཆོད༔ ཀུན་ཀྱང་ཐུགས་རྗེ་ཆེན་པོར་གྱུར༔ ཆར་བཞིན་བྱོན་ནས་བདག་ལ་ཐིམ༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར་ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་མ་ཧཱ་ཀཱ་རུ་ཎི་ཀ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ སྤྱི་བོར་རིགས་བདག་འོད་ཟེར་གྱིས༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་ཡི་དམ་ལྷ༔ སྒྲ་རྣམས་ཐམས་ཅད་ཡིག་དྲུག་སྒྲ༔ དྲན་རྟོག་རང་གྲོལ་ཆོས་ཀྱི་སྐུ༔ འཁོར་བ་དོང་ནས་སྤྲུགས་པར་གྱུར༔ ལུས་ལྷ་མཆོད་པའི་ལྷ་མོ་ལྔས༔ སྔགས་གཟུགས་སྐུ་ལས་འོད་འཕྲོས་པས༔ གཟུགས་ཀུན་གཟུགས་ཀྱི་རྡོ་རྗེ་མར༔ གྱུར་ནས་རྒྱལ་ཀུན་སྤྱན་ལ་མཆོད༔ སྣང་སྟོང་སྐུ་ཡི་ཐུགས་དམ་བསྐང་༔ སྒྲ་ཀུན་སྒྲ་ཡི་རྡོ་རྗེ་མར༔ གྱུར་ནས་རྒྱལ་ཀུན་སྙན་ལ་མཆོད༔ གྲག་སྟོང་སྙན་གྱི་ཐུགས་དམ་བསྐང་༔ དྲི་ཀུན་དྲི་ཡི་རྡོ་རྗེ་མར༔ གྱུར་ནས་རྒྱལ་


CMR015_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཤངས་ལ་མཆོད༔ ཚོར་སྟོང་ཐུགས་དམ་བསྐང་གྱུར་ཅིག༔ རོ་ཀུན་རོ་ཡི་རྡོ་རྗེ་མར༔ གྱུར་ནས་རྒྱལ་ཀུན་ལྗགས་ལ་མཆོད༔ མྱང་སྟོང་ཐུགས་དམ་བསྐང་གྱུར་ཅིག༔ རེག་ཀུན་རེག་གི་རྡོ་རྗེ་མར་གྱུར་ནས་རྒྱལ་ཀུན་སྐུ་ལ་མཆོད༔ རེག་སྟོང་ཐུགས་དམ་བསྐང་གྱུར་ཅིག༔ ལྷ་མོ་སྤྱན་སོགས་གནས་ལྔར་ཐིམ༔ ཟག་མེད་བདེ་བས་ཐུགས་དམ་བསྐང་༔ མཆོག་ཏུ་མི་འགྱུར་བདེ་ཆེན་པོ༔ ད་ལྟ་ཉིད་དུ་ཐོབ་པ་དང་༔ མངོན་ཤེས་དྲུག་ལྡན་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་ཀཱ་རུ་ཎི་ཀ་པཉྩཔཱུ་ཛ་ཧོ༔ ཡོན་ཆབ་དང་ནི་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་སིལ་སྙན་སྣ་ཚོགས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ བདེ་བའི་མཆོད་པ་འདི་རྣམས་ནི༔ བདག་ཅག་མོས་པས་འབུལ་ལགས་སོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ སངས་རྒྱས་པདྨ་རབ་དགྱེས་དང་༔ འཕགས་པ་སྤྱན་རས་གཟིགས་ལ་འབུལ༔ མཁའ་འགྲོ་མ་ལུས་གསུང་གཅིག་ཏུ༔ མགོན་པོ་གསུམ་པོའི་སྙན་ཐད་དུ༔ ཕྱག་གཉིས་ཐལ་མོ་རབ་སྦྱར་ཏེ༔ བཏུད་ནས་བསྟོད་པ་ཆེར་མཛད་པ༔ ཁྱོད་ནི་སྐུ་མཆོག་རྣམ་པར་སྣང་མཛད་


CMR015_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ པདྨ་བསྣམས་པས་པདྨའི་རིགས་སུ་འཁྲུངས༔ ཐལ་མོ་སྦྱར་བས་རྡོ་རྗེའི་རིགས་རྒྱུད་འཛིན༔ རྒྱན་གྱིས་བརྒྱན་པས་རིན་ཆེན་རིགས་སུ་མཛེས༔ ཕྲེང་བ་བསྣམས་པས་ལས་ཀྱི་རིག་པ་འཛིན༔ རིགས་ལྔས་ཁྱོད་སྤྲུལ་འགྲོ་དོན་གྱིས་ཤིག་ཅེས༔ མཚན་ཙམ་ཐོས་པས་སྡུག་བསྔལ་ཐམས་ཅད་འདྲེན༔ ཡིད་ལ་བསམས་པས་ཐ་མལ་རྟོག་པ་འགགས༔ རྣམ་རྟོག་དྲན་པས་ཆོས་ཀྱི་ཕུང་པོ་འདུས༔ ཡང་ཡང་བརྗོད་པས་བདུད་ཀྱི་བར་ཆད་ཞི༔ པདྨའི་གདན་ནི་རྡུལ་བྲལ་དྲི་མ་མེད༔ ཉི་མའི་གདན་ནི་ཐུགས་རྗེས་ཀུན་ལ་ཁྱབ༔ ཟླ་བའི་གདན་ནི་དྲི་མ་ཐམས་ཅད་དག༔ སྐུ་ཡི་མདོག་ནི་ཤེལ་སྒོང་ཕྱིས་པ་འདྲ༔ རིན་ཆེན་རིགས་མི་འདྲ་བས་སྐུ་ལ་བརྒྱན༔ ཚད་མེད་བཞི་ཡིས་འཁོར་བ་མ་སྟོང་བར༔ འགྲོ་བའི་དོན་ལས་ཡུད་ཙམ་མཉམ་མི་བཞག༔ པདྨའི་རིགས་སུ་ཁྱོད་ཀྱིས་ཞལ་བཞེས་ན༔ ཁྱོད་འདྲའི་བྱང་ཆུབ་སེམས་དཔའ་གཞན་ན་མེད༔ རབ་ཏུ་གུས་པས་ཕྱག་འཚལ་གསོལ་བ་འདེབས༔ ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ༔ འགྲོ་བའི་མགོན་པོས་བྱིན་གྱིས་བརླབ་ཏུ་གསོལ༔ རང་དང་རིགས་བདག་ལུས་ལྷའི་ཚོགས༔


CMR015_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཞལ་ནས་སྔགས་གསུང་བཞིན༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས་ཐམས་ཅད་འགྲོ་བའི་དོན་ལ་བསྐུལ༔ འགྲོ་དྲུག་ཀུན་གྱི་སེམས་རྒྱུད་ལ༔ ཤེས་རབ་སྒོ་བྱེ་ཡེ་ཤེས་འབར༔ འོད་ཟེར་རྩེ་ལ་འདོད་ཡོན་ཆར༔ བབས་པས་འགྲོ་བའི་རེ་འདོད་བསྐང་༔ སྡུག་བསྔལ་ཀུན་བྲལ་བདེ་བ་ཐོབ༔ ཀུན་ཀྱང་ཐུགས་རྗེ་ཆེན་པོར་གྱུར༔ ཀུན་གྱིས་སྔགས་སྒྲ་འུར་འུར་སྒྲོགས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་སྔགས་དེ་བརྗོད་པས་འགྲུབ༔ ཐེབ་གཅིག་མོས་པས་བརྗོད་པ་ན་སེམས་ཅན་དམྱལ་བའི་ནད་ལས་ཐར༔ ཐེབ་གཉིས་བརྗོད་པའི་ཡི་དྭགས་ཀྱི་༔ འགྲོ་བའི་སྒོ་ཡང་འགགས་པར་འགྱུར༔ གསུམ་བརྗོད་དུད་འགྲོའི་འགྲོ་བ་འགགས༔ འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་༔ འདི་དང་མི་འབྲལ་གཙང་མར་གནས༔ ཟས་དང་གོས་དང་བཏུང་ན་ཡང་༔ འདི་དག་དྲན་པས་ཉེས་པ་མེད༔ འབྲས་ཀྱི་ཕུབ་མའི་གསེབ་ནས་ནི༔ སྙིང་པོ་འབྲས་བུ་ལེན་པ་ཡིན༔ དཔག་བསམ་ཤིང་གི་སྡོང་པོ་ལས༔ མེ་ཏོག་ལེན་པ་ལྟ་བུ་ཡིན༔ ལྷ་དང་ཀླུ་དང་གནོད་སྦྱིན་དང་༔ དྲི་ཟ་མེ་ལྷ་གཤིན་རྗེ་དང་༔ ཚངས་པ་བརྒྱ་བྱིན་གྲུལ་བུམ་དང་༔ ཕྱི་དང་ནང་གི་འཚེ་བ་ཀུན༔ སྔགས་ཀྱི་རྒྱལ་པོ་བགྲང་བས་ཞི༔ སེམས་ལ་ཡེ་ཤེས་ཆེན་པོ་སྐྱེ༔ སྣང་ལ་རང་བཞིན་མེད་པར་མཐོང་༔ གསལ་


CMR015_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་རྟོག་འོད་གསལ་ལོ༔ ཐམས་ཅད་སྤྲོས་པ་མེད་པར་རྟོགས༔ བདེ་དང་སྟོང་པ་གཅིག་ཏུ་སྣང་༔ འབྲས་བུ་ཞེས་བྱ་ཟུང་འཇུག་ཡིན༔ རྗེས་ཀྱི་བསྔོ་བ་སྨོན་ལམ་ནི༔ གནམ་ཆོས་གཞུང་གི་བསྔོ་སྨོན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ རྒྱ་རྒྱ༔ ༔ རྒྱལ་བ་རྒྱ་མཚོ་ལུས་དཀྱིལ་འདོན་འགྲིགས་འདི༔ ཆོས་བདག་ལས་ཅན་ཀུན་བཟང་ཤེས་རབ་ཀྱིས་གསེར་གྱི་མཎྜལ་དང་བཅས་བསྐུལ་བའི་ཕྱིར༔ པདྨ་རྒྱལ་པོའི་རྒྱུད་དང་ཟབ་པའི་རྒྱུད༔ གྲུབ་ཆེན་ཛ་ལེན་དྷ་རའི་རྒྱ་གཞུང་དང་༔ རང་བྱུང་རྡོ་རྗེས་མཛད་སོགས་བོད་གཞུང་དང་༔ བླ་མའི་གསུང་དང་རང་གི་ཉམས་མྱོང་ཀུན༔ ལྷ་འདི་ཆོས་འདི་རྩེ་གཅིག་ཉམས་ལེན་པ༔ གཏེར་བློན་རཱ་ག་ཨ་སྱ་ཞེས་བྱས་བསྒྲིགས༔ སོ་སྐྱེའི་དབང་གིས་ནོངས་པར་གྱུར་སྲིད་ན༔ རྩ་གསུམ་ཆོས་བདག་སྲུང་མའི་ཚོགས་ལ་བཤགས༔ དགེ་བས་འདི་ལ་འབྲེལ་པ་ཐོགས་ཚད་ཀུན༔ འཕོས་མ་ཐག་ཏུ་བདེ་ཆེན་ཞིང་སྐྱེས་ནས༔ འོད་དཔག་མེད་དང་ནམ་ཡང་འབྲལ་མེད་ཤོག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར།next