Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྟ་མགྲིན་ཡང་ཕྱུང་ནག་པོའི་ཚོགས་མཆོད་ལས་རིམ་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྟ་མགྲིན་ཡང་ཕྱུང་ནག་པོའི་ཚོགས་མཆོད་ལས་རིམ་འདོན་འགྲིགས།next

དཔལ་རྟ་མགྲིན་ཡང་ཕྱུང་ནག་པོའི་ཚོགས་མཆོད་ལས་རིམ་འདོན་འགྲིགས།


CMR015_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ཡང་ཕྱུང་ནག་པོའི་ཚོགས་མཆོད་ལས་རིམ་འདོན་འགྲིགས་བཞུགས་སོ༔


CMR015_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ཡང་ཕྱུང་ནག་པོའི་ཚོགས་མཆོད་ནི༔ ཚོགས་ཀྱི་ཡོ་བྱད་གང་འབྱོར་བཤམས་ལ་ཆུ་གཙང་གིས་བྲན་ཞིང་༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་ཚོགས་གཞོང་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་རྫས་འདོད་ཡོན་ལོངས་སྤྱོད་ཀྱིས་ཞིང་ཁམས་གང་བར་གྱུར༔ ཨོཾ་ཨཱཧཱུྃ་སྭཱ་ཧཱ༔ ཞེས་ཡིག་འབྲུ་ལྔ་འདོད་ཡོན་ལྔ་དང་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་ལྷ་མོ་བཅུ་དྲུག་ཕྱིའི་ཁྱམས་ཆེན་པོ་ལ་སོགས་པའི་འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས་ས་དང་ནམ་མཁའ་བར་སྣང་ཐམས་ཅད་གང་ཞིང་རྒྱུན་མི་ཆད་པར་གྱུར་ཅིག༔ ཨོཾ་བཛྲ་སྤ་


CMR015_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཎ་ཁཾ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ༔ དབང་གི་རྒྱལ་པོ་ཁྲོ་བོ་རྟ་མཆོག་དཔལ༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ འགྲོ་དྲུག་ཐབས་ཀྱིས་འདྲེན་པའི་ཕྱིར༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ འདིར་ཚོགས་སྐལ་ལྡན་བྱིན་གྱིས་རློབས༔ ཡེ་ཤེས་ཕྱོགས་མེད་རྒྱས་པའི་ཕྱིར༔ སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ འདིར་ཚོགས་སྐལ་ལྡན་བྱིན་གྱིས་རློབས༔ འཁོར་འདས་ཆོས་ལ་


CMR015_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར་ཕྱིར༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ འདིར་ཚོགས་སྐལ་ལྡན་བྱིན་གྱིས་རློབས༔ གསུང་གི་རིགས་ལས་སྤྲུལ་པའི་ཕྱིར༔ གསུང་གི་དབང་ཕྱུག་གཤེགས་སུ་གསོལ༔ ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ འདིར་ཚོགས་སྐལ་ལྡན་བྱིན་གྱིས་རློབས༔ གང་ལ་གང་འདུལ་སྟོན་པའི་ཕྱིར༔ གར་གྱི་དབང་ཕྱུག་གཤེགས་སུ་གསོལ༔ ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ འདིར་ཚོགས་སྐལ་ལྡན་བྱིན་གྱིས་རློབས༔ ཁྱད་པར་དབང་གི་ལས་མཛད་ཕྱིར༔ དབང་གི་རྒྱལ་པོ་གཤེགས་སུ་གསོལ་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ འདིར་ཚོགས་སྐལ་ལྡན་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བདེ་ཆེན་དབང་དྲག་རོལ་པའི་གཞལ་ཡས་ནས༔ བསྐལ་པའི་མེ་དཔུང་འབར་ཀློང་ནས༔ ཐུགས་རྗེ་ཁྲོས་པའི་ལས་མཛད་ཕྱིར༔ རྒྱ་གྲྭ་བ་གཤེགས་སུ་གསོལ༔ འཇིག་རྟེན་དྲེགས་པ་ཚུར་གཅོད་པའི༔ རྟ་མགྲིན་ནག་པོ་གཤེགས་སུ་གསོལ༔ གདུག་པ་མ་ལུས་འདུལ་མཛད་པའི༔ གནོད་སྦྱིན་ནག་པོ་གཤེགས་སུ་གསོལ༔ རྒྱལ་བསེན་ཕོ་མོ་འདུལ་མཛད་


CMR015_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པའི༔ ཡཀྵ་ནག་པོ་གཤེགས་སུ་གསོལ༔ འཆི་བདག་ཕོ་མོ་འདུལ་བའི་ཕྱིར༔ བདུད་འདུལ་ནག་པོ་གཤེགས་སུ་གསོལ༔ གདོལ་པ་ཕོ་མོ་འདུལ་མཛད་པའི༔ ཀླུ་འདུལ་ནག་པོ་གཤེགས་སུ་གསོལ༔ དྲང་སྲོང་ཕོ་མོ་འདུལ་མཛད་པའི༔ གཟའ་འདུལ་ནག་པོ་གཤེགས་སུ་གསོལ༔ ས་བདག་ཀླུ་གཉན་འདུལ་མཛད་པའི༔ གདོན་འདུལ་ནག་པོ་གཤེགས་སུ་གསོལ༔ མ་ཡམས་ཐམས་ཅད་འདུལ་མཛད་པའི༔ བགེགས་འདུལ་ནག་པོ་གཤེགས་སུ་གསོལ༔ དམ་སྲི་ཐམས་ཅད་འདུལ་མཛད་པའི༔ སྲི་འདུལ་ནག་པོ་གཤེགས་སུ་གསོལ༔ དགྲ་སྡང་ཐམས་ཅད་འདུལ་མཛད་པའི༔ དགྲ་འདུལ་ནག་པོ་གཤེགས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་མཛད་པའི༔ དཔལ་མགོན་ནག་པོ་གཤེགས་སུ་གསོལ༔ ལྷ་མིན་གཡུལ་ངོ་བཟློག་མཛད་པའི༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ བསྟན་པའི་རུ་ཊ་བསྒྲལ་མཛད་པའི༔ བསྟན་སྲུང་ནག་པོ་གཤེགས་སུ་གསོལ༔ དྲག་པོའི་ལས་ལ་མངའ་མཛད་པའི༔ ལས་མཁན་ནག་པོ་གཤེགས་སུ་གསོལ༔ ཆེ་དང་སྲོག་ལ་མངའ་མཛད་པའི༔ སྲོག་བདུད་ནག་པོ་གཤེགས་སུ་


CMR015_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ གསོད་དང་གཅོད་ལ་མངའ་མཛད་པའི༔ ཤན་པ་ནག་པོ་གཤེགས་སུ་གསོལ༔ ཤ་དང་ཁྲག་ལ་མངའ་མཛད་པའི༔ མོན་པ་ནག་པོ་གཤེགས་སུ་གསོལ༔ སྟོང་གསུམ་དགྲ་བགེགས་འགུགས་མཛད་པའི༔ སྤྲུལ་པ་ནག་པོ་གཤེགས་སུ་གསོལ༔ བདུན་བརྒྱུད་རྩད་ནས་གཅོད་མཛད་པའི༔ ཡང་སྤྲུལ་ནག་པོ་གཤེགས་སུ་གསོལ༔ གཙོ་བོའི་བཀའ་བཞིན་བསྒྲུབ་པའི་ཕྱིར༔ བཀའ་ཉན་ལས་མཁན་གཤེགས་སུ་གསོལ༔ དཔལ་གྱི་བཀའ་སྡོད་ཡིན་པའི་ཕྱིར༔ དྲེགས་པ་ཕོ་མོ་གཤེགས་སུ་གསོལ༔ བཀའ་དང་དམ་ལ་གནས་པའི་ཕྱིར༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ མཆོད་ན་དགེ་བའི་གྲོགས་མཛད་པའི་ཡུལ་ལྷ་ཟོ་དོར་གཤེགས་སུ་གསོལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ འདིར་ཚོགས་སྐལ་ལྡན་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི༔ དངོས་གྲུབ་ཐམས་ཅད་བདག་ལ་སྩོལ༔ ཧཱུྃ༔ དབང་ཆེན་རྟ་མགྲིན་ལྷ་ཚོགས་འཁོར་བཅས་ལ༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད༔ འདོད་ཡོན་ལྔ་དང་ལྷ་མོ་་


CMR015_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་སོགས༔ སྨན་རཀ་གཏོར་མ་ལོངས་སྤྱོད་ཚོགས་དང་བཅས༔ ཕྱི་ནང་གསང་བ་ཚོགས་ཀྱི་མཆོད་པ་འབུལ༔ བླ་མེད་མཆོད་པ་རྒྱ་ཆེན་ཕྱོགས་བཅུར་ཁྱབ༔ འདོད་ཡོན་ཞལ་ཟས་ཚོགས་ཀྱི་ཡོ་བྱད་དང་༔ བཟའ་དང་བཅའ་བ་བཏུང་བའི་ཁ་ཟས་འདི༔ རིགས་བདག་མགོན་པོ་བླ་མ་པདྨ་འབྱུང་༔ དྲིན་ཆེན་རྩ་བརྒྱུད་བླ་མ་ཐམས་ཅད་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་འབུལ་བཞེས་སུ་གསོལ༔ ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་དང་༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་འབུལ་བཞེས་སུ་གསོལ༔ གསང་བའི་ཡུམ་མཆོག་རྡོ་རྗེ་ཕག་མོ་དང་༔ ཡེ་ཤེས་ལས་ཀྱི་དཔའ་བོ་ཌཱཀྐི་ལ་ཞལ་ཟས་ཚོགས་ཀྱི་མཆོད་འབུལ་བཞེས་སུ་གསོལ༔ དཔལ་མགོན་གཏེར་མགོན་བདུད་མགོན་འཁོར་བཅས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་འབུལ་བཞེས་སུ་གསོལ༔ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང་༔ དམ་ཅན་སྲུང་མ་དྲེགས་པའི་སྡེ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་འབུལ་བཞེས་སུ་གསོལ༔ རྒྱལ་པོ་རྣམ་སྲས་ལྷ་མོ་ནོར་རྒྱུན་མ༔ ཨཱརྱ་ཛམ་ལྷ་རྟ་བདག་རེ་མནྟ༔ ནོར་ལྷ་གཏེར་


CMR015_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མ་ལུས་འཁོར་བཅས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་འབུལ་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་གྷ་ན་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི༔ ཡི་དམ་དབང་ཆེན་རྟ་མགྲིན་ནག་པོའི་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི༔ ཐུགས་རྗེ་ཆེན་པོའི་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི༔ འཇིག་རྟེན་དབང་ཕྱུག་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི༔ ཡཀྵ་ནག་པོའི་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི༔ གནོད་སྦྱིན་ནག་པོའི་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི༔ སྡིག་པ་ནག་པོའི་ཞལ་དུ་གྷ་ན་ཙཀྲ་ལཱ་ཧི༔ མོན་པ་ནག་པོའི་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི༔ བྱ་ཁྱུང་རྒྱལ་པོའི་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི༔ ལྷ་སྲིན་སྡེ་བརྒྱད་ཞལ་དུ་གྷ་ན་ཙཀྲ་ཏཱ་ཧི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ་གྷ་ན་ཙཀྲ་ཁཱ་ཧི་ཁཱ་ཧི༔ ཞེས་ཚོགས་ཕུད་རིམ་པ་གསུམ་དུ་བཅད་ལ༔ དང་པོས་མཆོད་བར་པས་བསྐང་གཏོར་གསོ་ལ་བསྐང་བཤགས་བྱ༔ ཐ་མས་ཉ་བོ་གསོ་ལ་བསྒྲལ༔ དང་པོ་མཆོད་པ་ནི༔ ཧཱུྃ༔ དཔལ་ཆེན་རྟ་མགྲིན་དབང་གི་ལྷ་ཚོགས་ཀྱིས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ བར་པས་བསྐང་བཤགས་བྱ་བ་ནི༔ ཧཱུྃ༔ དབང་ཆེན་འཁོར་བཅས་


CMR015_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགོངས་སུ་གསོལ༔ མ་རིག་དབང་གིས་ལུས་དང་ངག་སེམས་ཀྱི༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཡེ་ཤེས་ཁྲོ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་གྱིས༔ ཐུགས་དམ་བསྐང་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བསྐང་བ་རྒྱས་པ་འདོན་དགོས་སོ༔ ༈ དེ་ནས་ཐ་མ་ཚོགས་བསྒྲལ་བ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་དགྲ་སྙིང་ཕུར་བུས་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློགས༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ དབང་གི་རྒྱལ་པོ་དབང་ཆེན་རྫོགས་པའི་སྐུ༔ སྤྲུལ་པའི་ཁྲོ་ཚོགས་མང་པོ་སྐུ་བཞེངས་ལ༔ སྐུ་ནི་རྔམས་བརྗིད་ཞལ་ནི་ཁྲོ་གཉེར་ཅན༔ གདུག་པའི་དགྲ་བགེགས་གནོད་བྱེད་ཞལ་དུ་བསྟབས༔ བཞེས་ཤིག་རོལ་ཅིག་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ དེ་ནས་ལྷག་མ་བྲན་ལ༔ ཨ་ཀཱ་རོས་བྱིན་གྱིས་བརླབས་ལ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བླ་མ་ཡི་དམ་དབང་ཆེན་དང་༔ རྟ་མགྲིན་ལྷ་ཚོགས་ཕུད་ལ་དགྱེས༔ བར་དུ་ཚོགས་ཀྱིས་མི་མཆོད་རྒྱུ༔ མ་དང་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་


CMR015_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ༔ ལྷ་སྲིན་སྡེ་བརྒྱད་ལྷག་ལ་དགྱེས༔ རིགས་བཞིའི་དཔའ་བོ་དཔའ་མོ་དང་དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས༔ ལོང་བ་བརྒྱད་སྦྲེལ་མུན་ལོང་རོ་ལངས་དང་༔ དཔལ་གྱི་ཁྱི་བརྒྱད་སྤྱང་བརྒྱད་འཕར་བ་བརྒྱད༔ མེ་འབྲུག་རླུང་འབྲུག་སྣ་ཚོགས་འབྲུག་ལ་སོགས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་རིགས་དྲུག་བཅས༔ ལྷག་མའི་གཏོར་མ་རྒྱན་ཅན་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ བྷྱོ༔ དཔལ་གྱི་མུ་རན་སྐྱོང་བྱེད་པའི༔ ཤར་གྱི་མ་བདུན་ལྷོ་ཡི་མ་བདུན་དང་༔ ནུབ་ཀྱི་མ་བདུན་བྱང་གི་མ་བདུན་དང་༔ སྒོ་བ་བཞི་དང་སྒོ་མ་བཞི༔ གིང་ཆེན་བརྒྱད་དང་གིང་ཆུང་བརྒྱད༔ ལང་ཀ་འབར་བ་བཅུ་དྲུག་དང་༔ དུར་ཁྲོད་བདག་པོ་བདག་མོ་དང་༔ ཕུད་ལ་སྐལ་བ་མི་དབང་ཅིང་༔ ལྷག་མ་ཁ་ཆུས་བྲན་པ་འདི་ཟོ་ལ༔ རྣལ་འབྱོར་དམ་ལྡན་རྣམས་ཀྱི་བར་ཆད་སོལ༔ མཐུན་རྐྱེན་སྒྲུབ་པར་ཞལ་གྱིས་བཞེས་ཇི་ལྟར་ཁས་བླངས་ལྟར་མཛོད་ཅིག༔ ཅེས་བརྗོད་ལྷག་མ་ཕྱི་རོལ་དུ་དོར་རོ༔ ༈ དེ་ནས་གཏོར་སྣོད་དུ་བཤལ་ཆུ་བླུག་ལ་བྲན་ནས་བརྟན་མ་སྐྱོང་བ་ནི་འདི་སྐད་དོ༔ ཧཱུྃ༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་


CMR015_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སོགས༔ རང་རང་བྲན་གཡོག་མང་པོ་འཁོར་དང་བཅས༔ ལྷག་མའི་བཤལ་ཆུ་དམ་པ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བཤལ་ཆུ་དོར་ལ༔ གཏོར་སྣོད་སྒྲུབ་ལ་རྟ་བྲོ་བྱའོ༔ གཏོར་ཟློག་འཇུག་གམ་གང་རུང་ཞིག་གིས་ཆོག༔ སྔགས་འཆང་འགས་རྟ་མགྲིན་གྱི་གཏོར་ཟློག་ལ་ཚོགས་མེད་ན་ཐབས་ཆག་འདུག་ཡང་ཡང་ཟེར་བ་ལ་བརྟེན་ནས་ ༧ སྔགས་འཆང་རཱ་ག་ཨ་སྱས་ཡིད་ལ་གང་དྲན་སྨྲས་པའོ༔ ཡི་གེ་པ་ནི་དགེ་སློང་སྦྱིན་པས་བྲིས། བཀྲ་ཤིས། ཞལ་དྲོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ཡང་ཕྱུང་ནག་པོའི་ཚོགས་མཆོད་ལས་རིམ་འདོན་འགྲིགས།next