Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྐང་རྫས་བྱིན་རླབས་བསམ་འཕེལ་ནོར་བུ།
   
   
   
   
   
   
   
   
   
   
   
   


 
previousབསྐང་རྫས་བྱིན་རླབས་བསམ་འཕེལ་ནོར་བུ།next

བསྐང་རྫས་བྱིན་རླབས་བསམ་འཕེལ་ནོར་བུ།


CMR015_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་རྫས་བྱིན་རླབས་བསམ་འཕེལ་ནོར་བུ་བཞུགས་སོ། །ཨོཾ་ཧྲཱིཿཔདྨན་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀྱིས་བགེགས་དང་མ་དག་པ་བསངས། ཨོཾ་སྭ་བྷ་ཝས་དངོས་འཛིན་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞི་ལྕགས་རི་མུ་ཁྱུད་དང་བཅས་པ། རི་རབ་ཀྱི་སྟེང་དུ་རླུང་མེ་ཐོད་སྐྱེད་ཀྱི་སྟེང་དུ་ཀ་པ་ལ་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལྷུ་བ་ལ་གཟུགས་མཛེས་པ་སྣ་ཚོགས་འཕྱུར་བ། རྦ་རླབས་ལ་སྒྲ་སྙན་པ་སྣ་ཚོགས་གྲག་པ། ངད་པ་ལ་དྲི་ཞིམ་སྣ་ཚོགས་ཀྱི་ངད་ལྡང་བ། ལྗགས་ལ་བདའ་བས་རོ་བརྒྱ་དང་ལྡན་པ། ལུས་ལ་རེག་བྱ་འཇམ་ཞིང་བསིལ་བས་ཟག་མེད་ཀྱི་བདེ་བ་བསྐྱེད་པ། དེའི་ཕུད་རླངས་ལ་འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བ་རྒྱུན་མི་འཆད་པར་འཕྲོ་ཞིང་། སོ་སོ་རང་རང་གིས་མཆོད་རྫས་དུ་མ་ཐོགས་ཏེ། ལྷ་སོ་སོའི་དབང་པོ་དྲུག་ལ་མཆོད་ཅིང་ཐིམ་པས་མཉེས་ཤིང་ཐུགས་དམ་གྱི་རྒྱུད་བསྐང་བར་བྱེད་པ། བཀྲ་ཤིས་པའི་ལྷ་མོ་བརྒྱད་དང་མཆོད་པའི་ལྷ་མོ་བཅུ་དྲུག་གིས་རང་རང་གི་མཆོད་རྫས་ཐོགས་ནས་བདེ་བ་ཆེན་པོས་ལྷ་


CMR015_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ་སོའི་དགྱེས་པ་བསྐང་བར་བྱེད་པ་རྒྱལ་སྲིད་སྣ་བདུན་དང་ངོ་མཚར་བའི་མཆོད་པ་བཅོ་བརྒྱད། ཉེ་བར་སྤྱོད་པའི་མཆོད་པ་བདུན་ལ་སོགས་པའི་ལྷ་དང་མིའི་ལོངས་སྤྱོད་སྤྲིན་ལྟར་གཏིབས་ཤིང་ཆར་ལྟར་འབེབས་པ། ལྷ་སོ་སོའི་རྟེན་རྫས་དང་སྒྲུབ་རྫས་དང་མཆོད་རྫས་དང་བསྐང་རྫས་ཐམས་ཅད་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ། བྱ་གཅན་རི་དྭགས་ཆུ་གནས་ཐམས་ཅད་ཀྱང་ཆེ་བ་ཚོ་བ་སྟོབས་དང་ལྡན་པ། ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ། རེ་རེ་ལའང་གྲངས་མེད་འཕྲོ་ཞིང་འབྱུང་བ། དེ་ལྟ་བུའི་གླིང་བཞི་རི་རབ་དང་བཅས་པ་དེ་ལྷ་དང་སྲུང་མ་ཐམས་ཅད་ལ་རེ་རེའི་སྤྱན་སྔར་ཡོངས་སུ་རྫོགས་པ་རེ་རེ་འབྱུང་ཞིང་། གྲངས་མེད་འཕྲོ་བས་ནམ་མཁའི་མཐར་ཁྱབ་ཅིང་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར། ཨོཾ་སརྦ་དྷརྨཱཋཔུཙྪཔཉྩ་རཏྣ་ཀཱ་ཡ་ཀོ་ཏི་བི་བྷ་ཝཱ་ཀཱ་ཡ་སྭ་བྷ་ཝ་ཤུདྡྷོཉཧཾ། བསམ་གྱིས་མི་ཁྱབ་པར་སྤེལ་བའི་སྔགས་སོ། །ཨོཾ་སརྦ་དྷརྨཱཨ་བྷི་བིད་ཏ་ཧི་ཀོ་ཧ་ཡ་ན་གཱ་མི་སྭ་བྷ་ཝ་ཤུདྡྷོཉཧཾ། དཔག་ཏུ་མེད་པར་བྱིན་གྱིས་བརླབས་པའི་སྔགས་སོ། །ཨོཾ་སརྦ་དུཏྟཾ་གྷཧཱ་གྷིཧཱ་གརྫ་གརྫ་ཧཱུྃ་ཕཊ། དེ་དག་ནུས་པ་བསམ་གྱིས་


CMR015_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པའི་སྔགས་ཏེ་བསྐང་རྫས་བྱིན་རླབས་སྔགས་འདི་གསུམ་ཕྲིན་ལས་རྒྱ་མཚོའི་རྒྱུད་ལས་གསུངས་པའོ། །ཞེས་པ་འདི་རཱ་ག་ཨ་སྱས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབསྐང་རྫས་བྱིན་རླབས་བསམ་འཕེལ་ནོར་བུ།next