Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྟ་མགྲིན་ཡང་ཕྱུང་ནག་པོ་དྲེགས་པ་སྡེ་བརྒྱད་ཀྱི་གསོལ་ཀ་འདོད་དགུ་ལྷུན་གྲུབ།
   
   
   
   


 
previousདཔལ་རྟ་མགྲིན་ཡང་ཕྱུང་ནག་པོ་དྲེགས་པ་སྡེ་བརྒྱད་ཀྱི་གསོལ་ཀ་འདོད་དགུ་ལྷུན་གྲུབ།next

དཔལ་རྟ་མགྲིན་ཡང་ཕྱུང་ནག་པོ་དྲེགས་པ་སྡེ་བརྒྱད་ཀྱི་གསོལ་ཀ་འདོད་དགུ་ལྷུན་གྲུབ།


CMR015_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ཡང་ཕྱུང་ནག་པོ་དྲེགས་པ་སྡེ་བརྒྱད་ཀྱི་གསོལ་ཀ་འདོད་དགུ་ལྷུན་གྲུབ་བོ༔


CMR015_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་རྒྱ་གྲི་ཝ་ཡེ༔ དཔལ་རྟ་མགྲིན་ནག་པོའི་གསོལ་ཁའི་རིམ་པ་ཅུང་ཞིག་བྲི་བས་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་འཁོར་བཅས་ཀྱིས་བཀའི་གནང་བ་སྩོལ༔ གསོལ་ཁའི་གཏོར་མ་སོ་སོར་བཅའ་ན༔ སྣོད་ཀྱི་ནང་དུ་དམར་གཏོར་ཆེ་བ་གཅིག་ལ་འཁོར་བཞི༔ ཤར་དུ་ལྷ་བཤོས༔ ཤར་ལྷོར་ཟུར་གསུམ་གཡོན་དཀྱུས༔ ལྷོར་ཟུར་གསུམ་ཁྲམ་རིས་ཅན༔ ལྷོ་ནུབ་ཏུ་གསང་ཕྱི༔ ནུབ་ཏུ་སྨན་ཏིང་༔ ནུབ་བྱང་དུ་ཟུར་གསུམ་བཀོད༔ བྱང་ལ་ཟུར་གསུམ་གཡས་དཀྱུས༔ བྱང་ཤར་དུ་སྦྲུལ་དཀྲིས་ཅན༔ མཐར་སྐྱུ་གུ༔ ལིང་ཆུང་༔ ཤ་དུམ་རྒྱས་པར་བཀྲ་ཤིས་རྟགས་བརྒྱད་གཟུགས་འགྲོས་བྱ་རིགས་སོགས་བསྐང་འབྲས་རྣམས་བཙུགས༔ ཙཀ་ལི་དང་དར་གདུགས་ཡོད་ན་འཛུགས༔ སོ་སོར་བཅའ་མ་ཐུབ་ན་གཏོར་ཆེན་གསོ་


CMR015_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་བྱས་ནའང་ཆོག༔ དེ་ནས་འགུགས་གཞུག་བྱས་ལ་བྱིན་གྱིས་བརླབ་པ་ནི༔ ན་མོ་དཀོན་མཆོག་གསུམ་དང་ཡི་དམ་ལྷ༔ དཔལ་ཆེན་ཁྲོ་རྒྱལ་རྟ་མགྲིན་གྱི༔ ཕོ་ཉ་ལས་གྲུབ་འཁོར་དང་བཅས༔ བདེན་པ་ཆེན་པོའི་ནུས་པ་ཡིས༔ བྱང་ཆུབ་བསྒྲུབ་ལ་བར་ཆད་བགེགས༔ རང་དབང་མེད་པར་འདིར་ཁུག་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ གདོད་ནས་རྣམ་དག་རང་བྱུང་རྫས་ཆེན་པོ༔ རྣམ་པ་དགྲ་བགེགས་ཤ་ཁྲག་ངོ་བོ་ལ༔ དཔལ་གཏོར་རི་རབ་ལྷུན་པོ་ལྟ་བུར་བརྗིད༔ ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་བཅས༔ ཉེས་པ་རང་གྲོལ་ཉོན་མོངས་རང་སར་དག༔ ཡེ་ཤེས་


CMR015_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ལྡན་བདུད་རྩི་ལྷུན་གྲུབ་འདི༔ གློ་བུར་ལྟར་སྣང་བག་ཆགས་སྦྱང་སླད་དུ༔ ཐུགས་རྗེ་ཡེ་ཤེས་རྩལ་ལས་འཕྲོས་པ་ཡི༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས་ནས་ཀྱང་༔ ལྷཨོཾ་ཨཱཿཧཱུྃ་གིས་སྤེལ་བསྒྱུར་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྱུ་སོགས་ནས་ཤབྡ༔ མ་ཧཱ་མཱ་ས། རཀྟ། ཙིཏྟ། བ་སུ་ཏ། ཀཾ་ནི་རི་ཏི། གོ་རོ་ཙ་ན། པཉྩ་ཨ་མྲྀ་ཏ། བ་ལིཾ་ཏ་ཨོཾ་ཨཱཿཧཱུྃ༔ དེ་ནས་རོལ་མོ་གྱེར་དབྱངས་དང་བཅས་པས༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གདུག་པ་ཅན་རྣམས་སྙིང་རྗེའི་རབ་བསྒྲལ་ཕྱིར༔ བདུད་བཞི་དཔུང་བཅོམ་དཔལ་ཆེན་རྟ་མཆོག་རྗེ༔ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ༔ དབང་ཆེན་རྟ་ནག་འབར་བ་འཁོར་བཅས་རྣམས༔ གནས་འདིར་སྤྱན་འདྲེན་བརྟན་བཞུགས་གསོལ་མཆོད་བཞེས༔ གཏོར་གཞོང་རིན་ཆེན་རྣམ་དག་ཆོས་ཀྱི་དབྱིངས༔ གཏོར་མའི་དངོས་པོ་ཡེ་ཤེས་རྒྱ་མཚོའི་ཚོགས༔ འབྲུ་བཅུད་སྟོང་སྦྱར་བདུད་རྩི་ཛ་གད་དང་༔ སྣ་ཚོགས་ཡིད་འོང་བཀོད་པའི་གཏོར་མ་ལ༔ སྔགས་དང་ཏིང་འཛིན་ཚུལ་བཞིན་བྱིན་གྱིས་བརླབས༔ དྲི་མེད་ཞལ་ཟས་བདུད་རྩིའི་རྒྱ་མཚོ་འདི༔ ཐུགས་རྗེའི་རྣམ་དག་འབུལ་བའི་


CMR015_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྱུར་པ༔ རྩ་བརྒྱུད་བླ་མ་རིག་འཛིན་རྒྱ་མཚོ་དང་༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་དང་༔ དབང་ཆེན་ཁྲོ་རྒྱལ་རྟ་མགྲིན་ནག་པོ་དང་༔ ཡཀྵ་མེ་དབལ་གནོད་སྦྱིན་ནག་པོ་དང་༔ ཁྱུང་ཆེན་འབར་བ་ལྕགས་སྡིག་ནག་པོ་དང་༔ དྲེགས་པ་སྡེ་བརྒྱད་ཕྱོགས་སྐྱོང་རྒྱལ་ཆེན་དང་བཀའ་སྲུང་གནས་བདག་ཡུལ་ལྷ་གཞི་བདག་སོགས༔ རྟ་མགྲིན་ནག་པོ་འཁོར་དང་བཅས་པ་ཡི༔ ཐུགས་དམ་གཉེན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ བྱད་མ་རྦོད་གཏོང་བཟློག་ཕྱིར་བཞེས་སུ་གསོལ༔ མི་མཐུན་རྐྱེན་ངན་བཟློག་ཕྱིར་བཞེས་སུ་གསོལ༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཕྱིར་བཞེས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ༔ ཚེ་དབང་ལོངས་སྤྱོད་སྤེལ་ཕྱིར་བཞེས་སུ་གསོལ༔ རྣལ་འབྱོར་ཚེ་སྲོག་བསྲིང་ཕྱིར་བཞེས་སུ་གསོལ༔ སྔ་མའི་གཏང་རག་འབུལ་ལོ་བཞེས་སུ་གསོལ༔ ད་ལྟའི་གཉེར་ཟས་འདྲེན་ནོ་བཞེས་སུ་གསོལ༔ ཕྱི་མའི་ཞུ་


CMR015_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་འབུལ་ལོ་བཞེས་སུ་གསོལ༔ བཞེས་ནས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཛྲ་རཀཱ་ཡ༔ ཀཱ་ག་རུ་ཊ་རུ་རུ་བྷ་ཤ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཡ་མ་དུ་རུ་ཙ་ཤ་ན་སརྦ་དྷརྨ་ལོ་ཀ་པ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་རེའམ་བདུན་རེ་ཕུལ་ལ༔ ཧྲཱིཿ གྲུ་གསུམ་མཐིང་ནག་མེ་འབར་ཀློང་དཀྱིལ་ན༔ རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་སུ༔ དབང་གི་ལྷ་མཆོག་རྟ་མགྲིན་དབང་གི་ལྷ༔ ཞལ་གཅིག་ཕྱག་གཉིས་རབ་གཏུམ་ཁྲོས་པའི་སྐུ༔ རལ་གྲི་ལྕགས་ཀྱུས་མ་རུངས་སྙིང་ནས་འདྲེན༔ དར་ནག་བེར་གསོལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་གཉིས་དྲེགས་བྱེད་གནོན་ཅིང་མེ་ཀློང་བཞུགས༔ ལྕགས་རལ་གསེབ་ནས་ཁྲོ་ཆུང་ཆར་ལྟར་འབེབས༔ རྟ་མགོ་ལྗང་ཞུར་སྣང་སྲིད་ཟིལ་གནོན་གཡོ༔ ཆེ་བཙན་དཔེ་མེད་འགྲན་ཟླ་བྲལ་བའི་སྐུ༔ དབུ་གཙུག་རྩ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས༔ ཡི་དམ་དཔའ་བོ་མཁའ་འགྲོ་གློག་ལྟར་འཁྱུག༔


CMR015_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་སྲུང་མའི་ཚོགས་རྣམས་འབྲུག་ལྟར་ལྡིར༔ བཀའ་སྲུང་ཕོ་ཉ་ལས་མཁན་སྐར་ལྟར་འཁྲུགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག༔ སྤྱན་གཟིགས་ཕྱི་ནང་མཆོད་པས་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་དབང་བྱིན་དངོས་གྲུབ་སྩོལ༔ ཁྱོད་ལ་བརྟེན་ཅིང་མཆོད་་་གསོལ་བྱས་པའི་མཐུས༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ དགྱེས་པའི་ཞལ་སྟོན་བསྒྲུབ་པའི་རྟགས་ཆེན་ཕྱུངས༔ རྣལ་འབྱོར་ཚེ་བསྲིང་འགྲོ་དོན་འཕེལ་བ་དང་༔ རྟག་ཏུ་ལེགས་པའི་སྙན་གྲགས་ཕྱོགས་བཅུར་སྒྲོགས༔ ཚེ་དཔལ་བསོད་ནམས་ལོངས་སྤྱོད་སྤེལ་བ་དང་༔ ཕྲིན་ལས་རྣམ་བཞི་གང་བསམ་འགྲུབ་པ་ཡི༔ མཆོག་ཐུན་དངོས་གྲུབ་དམ་པ་དུས་འདིར་སྩོལ༔ སྡང་དགྲ་གནོད་བྱེད་བྱེད་མ་མྱུར་དུ་སྒྲོལ༔ ཅི་བསམ་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད༔ བཱི༔ གསོལ་ལོ་མཆོད་དོ་ཁྲོ་རྒྱལ་ཆེ་བའི་མཆོག༔ ཡཀྴ་མེ་དབལ་དམར་ནག་དབང་གི་སྐུ༔ ཕྱག་མཚན་རྡོ་རྗེ་ཐོ་བ་ཞགས་པ་བསྣམས༔ ཁྲོ་ཆས་ཡོངས་རྫོགས་ཞབས་གཉིས་དགྲ་བགེགས་མནན༔ དམ་


CMR015_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྤྱན་གཟིགས་ཕྱི་ནང་མཆོད་པས་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་མཐུ་རྩལ་དངོས་གྲུབ་སྩོལ༔ ཁྱོད་ལ་བརྟེན་ཅིང་མཆོད་གསོལ་བྱས་པའི་མཐུས༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ དགྱེས་པའི་ཞལ་སྟོན་བསྒྲུབ་པའི་རྟགས་ཆེན་ཕྱུངས༔ རྣལ་འབྱོར་ཚེ་བསྲིང་འགྲོ་དོན་འཕེལ་བ་དང་༔ རྟག་ཏུ་ལེགས་པའི་སྙན་གྲགས་ཕྱོགས་བཅུར་སྒྲོགས༔ ཚེ་དཔལ་བསོད་ནམས་ལོངས་སྤྱོད་སྤེལ་བ་དང་༔ ཕྲིན་ལས་རྣམ་བཞི་གང་བསམ་འགྲུབ་པ་ཡི༔ མཆོག་ཐུན་དངོས་གྲུབ་དམ་པ་དུས་འདིར་སྩོལ༔ སྡང་དགྲ་གནོད་བྱེད་བྱེད་མ་མྱུར་དུ་སྒྲོལ༔ ཅི་བསམ་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད༔ དྷཱི༔ གསོལ་ལོ་མཆོད་དོ་ལས་མཁན་སྟོབས་ལྡན་རྗེ༔ གནོད་སྦྱིན་ལྕགས་རལ་མཐིང་ནག་མོན་པའི་གཟུགས༔ ཕྱག་གཉིས་ལྕགས་རྡོར་མེ་ཡི་ལྕགས་ཀྱུ་བསྣམས༔ མོན་པ་བདུན་དང་ཤན་བདུན་ཕོ་ཉར་འགྱེད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག༔ སྤྱན་གཟིགས་ཕྱི་ནང་མཆོད་པས་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་དགྲ་བགེགས་བྱད་མ་སྒྲོལ༔ ཁྱོད་ལ་


CMR015_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ཅིང་མཆོད་གསོལ་བྱས་པའི་མཐུས༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ དགྱེས་པའི་ཞལ་སྟོན་བསྒྲུབ་པའི་རྟགས་ཆེན་ཕྱུངས༔ རྣལ་འབྱོར་ཚེ་བསྲིང་འགྲོ་དོན་འཕེལ་བ་དང་༔ རྟག་ཏུ་ལེགས་པའི་སྙན་གྲགས་ཕྱོགས་བཅུར་སྒྲོགས༔ ཚེ་དཔལ་བསོད་ནམས་ལོངས་སྤྱོད་སྤེལ་བ་དང་༔ ཕྲིན་ལས་རྣམ་བཞི་གང་བསམ་འགྲུབ་པ་ཡི༔ མཆོག་ཐུན་དངོས་གྲུབ་དམ་པ་དུས་འདིར་སྩོལ༔ སྡང་དགྲ་གནོད་བྱེད་བྱེད་མ་མྱུར་དུ་སྒྲོལ༔ ཅི་བསམ་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ གསོལ་ལོ་མཆོད་དོ་བྱ་ཁྱུང་ཁྲོ་བོའི་རྒྱལ༔ འཇིགས་བྱེད་ལྕགས་སྡིག་ནག་པོ་མགོ་དགུ་དང་༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ཡིས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག༔ སྤྱན་གཟིགས་ཕྱི་ནང་མཆོད་པས་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་གདོན་ཆེན་གབ་སྐུངས་ཕུད༔ ས་བདག་ཀླུ་གཉན་སྟེང་གདོན་གནོད་པ་ཟློག༔ རྒྱལ་བསེན་དམ་སྲི་འགོང་པོའི་རྩ་རྒྱུས་ཆོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ བར་ཆད་རྐྱེན་སོལ་ཅི་བསམ་དོན་ཀུན་སྒྲུབས༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་


CMR015_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བསྩལ་དུ་གསོལ༔ ཁྱོད་ལ་བརྟེན་ཅིང་མཆོད་གསོལ་བྱས་པའི་མཐུས༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ དགྱེས་པའི་ཞལ་སྟོན་བསྒྲུབ་པའི་རྟགས་ཆེན་ཕྱུངས༔ རྣལ་འབྱོར་ཚེ་བསྲིང་འགྲོ་དོན་འཕེལ་བ་དང་༔ རྟག་ཏུ་ལེགས་པའི་སྙན་གྲགས་ཕྱོགས་བཅུར་སྒྲོགས༔ ཚེ་དཔལ་བསོད་ནམས་ལོངས་སྤྱོད་སྤེལ་བ་དང་༔ ཕྲིན་ལས་རྣམ་བཞི་གང་བསམ་འགྲུབ་པ་ཡི༔ མཆོག་ཐུན་དངོས་གྲུབ་དམ་པ་དུས་འདིར་སྩོལ༔ སྡང་དགྲ་གནོད་བྱེད་བྱད་མ་མྱུར་དུ་སྒྲོལ༔ ཅི་བསམ་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་རྟ་མགྲིན་ལྷ་ལྔའི་གསོལ་ཀ་དང་༔ སྤྲོ་ན་འཁོར་དྲེགས་པ་སྡེ་བརྒྱད་ཀྱི་གསོལ་ཀ་འདི་སུ་ཐོད་ཐོད་ཀྱི་དོན་དུ་མི་རུང་བས་བཙའ་ཤེས་པར་བྱའོ༔ འཁོར་དྲེགས་པ་སྡེ་བརྒྱད་ཀྱི་གསོལ་ཀ་ནི༔ ཧྲཱིཿ གསོལ་ལོ་མཆོད་དོ་ཤར་ཕྱོགས་ལྷ་ཡི་རྗེ༔ སྐུ་མདོག་དཀར་གསལ་དར་དཀར་རལ་ག་གསོལ༔ ཕྱག་གཉིས་རལ་གྲི་དར་མདུང་དཀར་པོ་ཕྱར༔ ལྷ་གཡག་དཀར་པོ་ཆིབས་ཤིང་ལྷ་དམག་བསྐུལ༔ ཧྲཱིཿ གསོལ་ལོ་མཆོད་དོ་ལྷོ་ཕྱོགས་གཤིན་རྗེའི་རྗེ༔ སྐུ་མདོག་སྨུག་ནག་སྟག་ལྤགས་རློན་པ་གསོལ༔ ཕྱག་མཚན་བེ་ཅོན་ཐོད་དབྱུག་འབར་བ་བསྣམས༔ མ་ཧེ་


CMR015_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས་ཤིང་གཤིན་རྗེའི་ལས་ལ་བསྐུལ༔ ཧཱི༔ གསོལ་ལོ་མཆོད་དོ་ནུབ་ཕྱོགས་མ་མོའི་རྗེ༔ སྐུ་མདོག་དཀར་གསལ་དར་དཀར་གོ་ཟུ་གསོལ༔ ཕྱག་མཚན་མདའ་དར་འཕྲུལ་གྱི་མེ་ལོང་ལྟ༔ གཡུ་འབྲུག་ཆིབས་ཤིང་མ་མོའི་ལས་ལ་བསྐུལ༔ དྷཱི༔ གསོལ་ལོ་མཆོད་དོ་བྱང་ཕྱོགས་བདུད་ཀྱི་རྗེ༔ སྐུ་མདོག་མཐིང་ནག་དར་ནག་འཇོལ་བེར་གསོལ༔ ཕྱག་མཚན་ཁྲམ་ཤིང་དགྲ་སྟ་འབར་བ་བསྣམས༔ བདུད་རྟ་ཆིབས་ཤིང་བདུད་དམག་ཕོ་ཉ་འགྱེད༔ ཧྲཱིཿ གསོལ་ལོ་མཆོད་དོ་ཤར་ལྷོ་བཙན་གྱི་རྗེ༔ སྐུ་མདོག་དམར་སེར་དར་དམར་འཇོལ་བེར་གསོལ༔ ཕྱག་མཚན་མདའ་གཞུ་བཙན་མདུང་དམར་པོ་འཛིན༔ རྟ་དམར་ཆིབས་ཤིང་བཙན་དམག་ལས་ལ་འགྱེད༔ བཱི༔ གསོལ་ལོ་མཆོད་དོ་ལྷོ་ནུབ་རྒྱལ་པོ་རྗེ༔ སྐུ་མདོག་དཀར་སྨུག་ཆོས་གོས་ངུར་སྨྲིག་གསོལ༔ ཕྱག་མཚན་འཁར་གསིལ་ལྕགས་ཀྱི་ལྷུང་བཟེད་བསྣམས༔ སེང་དཀར་ཆིབས་ཤིང་རྒྱལ་འགོང་ཕོ་ཉར་འགྱེད༔ བཱི༔ གསོལ་ལོ་མཆོད་དོ་ནུབ་ཕྱོགས་གནོད་སྦྱིན་རྗེ༔ སྐུ་མདོག་མཐིང་ག་ཟ་འོག་བེར་ཆེན་གསོལ༔ ཕྱག་མཚན་རལ་གྲི་རིན་ཆེན་དབང་རྒྱལ་


CMR015_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ སྟག་མོ་ཆིབས་ཤིང་གནོད་སྦྱིན་ལས་ལ་བསྐུལ༔ ཧཱི༔ གསོལ་ལོ་མཆོད་དོ་བྱང་ཤར་ཀླུ་ཡི་རྗེ༔ སྐུ་མདོག་དུད་ཀ་སྦྲུལ་ལྤགས་ན་བཟའ་གསོལ༔ ཕྱག་གཉིས་སྦྲུལ་ཞགས་ནད་རྐྱལ་དགྲ་ལ་འདེབས༔ ཆུ་སྲིན་ཆིབས་ཤིང་ཀླུ་བདུད་ཕོ་ཉ་འགྱེད༔ འཁོར་དང་བཅས་པ་སྐད་ཅིག་འདིར་བྱོན་ལ༔ མཐུན་པའི་དམ་རྫས་མཆོད་གཏོར་གསོལ་མཆོད་བཞེས༔ སངས་རྒྱས་བསྟན་པ་གཉན་པོ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་ཁྱོད་ཀྱིས་བསྟོད༔ དཔལ་ལྡན་བླ་མའི་སྐུ་ཚེ་ཁྱོད་ཀྱིས་སྲིངས༔ འཁོར་སྲུངས་རྐྱེན་བཟློག་བར་ཆད་ཁྱོད་ཀྱིས་སོལ༔ རྣལ་འབྱོར་བདག་གི་སྒོས་དགྲ་ཁྱོད་ཀྱིས་སྒྲོལ༔ གྲོས་ངན་བློ་ངན་བསམ་ངན་མགོ་བསྐོར་དང་༔ དགྲ་དང་དམག་ཇག་ངན་དགུ་ཤོམ་པ་རྣམས༔ སྲུང་མ་ཁྱོད་ཀྱིས་ཤོལ་ཐོབ་བསམ་ངན་བསྒྱུར༔ དགྲ་སྣ་དམག་སྣ་ཇག་སྣ་རྐུན་སྣ་ཟློག༔ ཁ་ཡོག་བྱུར་དང་མི་ཁ་བྲ་མཆུ་ཟློག༔ རྒྱལ་པོའི་བཀའ་ཆད་བཙན་སྣ་གྱོད་སྦྱོར་ཟློག༔ སྔ་དགྲ་བརྡར་དང་ད་དགྲ་ཐད་དུ་ལང་༔ ཕྱིན་ཆད་གནོད་པར་བྱེད་པའི་སྡང་བའི་དགྲ༔ གང་ཡིན་ཐམས་ཅད་སྲུང་མ་ཁྱོད་ཀྱིས་ཤོལ༔ དྲེགས་བྱེད་འཁོར་


CMR015_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཁྱོད་ཀྱི་ཟ་སྐལ་གྱིས༔ གཏད་དོ་ལས་བཅོལ་བསྟན་སྲུང་མཐུ་མ་ཆུང་༔ དམ་རྫ་ས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧོ༔ དགོངས་སུ་གསོལ་ལོ༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་སྤྱན་རས་གཟིགས་དབང་༔ སྤྲུལ་སྐུ་པདྨ་རྒྱལ་པོ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ མངའ་བདག་ཆོས་རྒྱལ་ཡབ་སྲས༔ གཏེར་སྟོན་ཉི་མ་འོད་ཟེར༔ དྲིན་ཅན་རྩ་བརྒྱུད་བླ་མ་ལ་སོགས་རིག་འཛིན་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ གསོལ་ལོ་མཆོད་དོ་འབུལ་ལོ་བཞེས་སུ་གསོལ༔ རིག་འཛིན་པདྨ་འབྱུང་གནས༔ ཡབ་དབང་ཆེན་རྟ་མགྲིན༔ ཡུམ་རྡོ་རྗེ་ཕག་མོ་ལ་སོགས་ཏེ་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ༔ གསོལ་ལོ་མཆོད་དོ་འབུལ་ལོ་བཞེས་སུ་གསོལ༔ དབང་གི་རྒྱལ་པོ་རྟ་མགྲིན་ནག་པོ༔ དགྲ་བགེགས་འདུལ་བའི་དཔའ་བོ༔ སངས་རྒྱས་ཀྱི་བསྟན་སྲུངས༔ རྣལ་འབྱོར་གྱི་དགྲ་ལྷ༔ རྫུ་འཕྲུལ་གྱི་དབང་ཕྱུག༔ ཡེ་ཤེས་ཀྱི་སྤྱན་ལྡན༔ རིག་འཛིན་གྱི་སྲོག་ཤིང་༔ སྡེ་བརྒྱད་ཀྱི་དམག་དཔོན༔ དམ་ཉམས་དགྲ་ཡི་གཤེད་མ༔ གཟའ་ཀླུ་


CMR015_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དཔུང་འདུལ་བའི་དེད་དཔོན༔ གདོན་བགེགས་དམ་སྲི་འདུལ་བའི་གཉེན་པོ༔ རྒྱ་གྷི་ཝ་དབང་ཆེན་རྟ་མགྲིན་ནག་པོ༔ ཡཀྴ་མེ་དབལ༔ གནོད་སྦྱིན་ལྕགས་ཀྱི་རལ་པ་ཅན༔ ཁྱུང་ཆེན་འབར་བ༔ ལྕགས་སྡིག་ནག་པོ༔ སྤྲུལ་པ་ཡང་སྤྲུལ་ལ་སོགས་དབང་ཆེན་རྟ་མགྲིན་ནག་པོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ༔ གསོལ་ལོ་མཆོད་དོ་འབུལ་ལོ་བཞེས་སུ་གསོལ༔ དབང་ཆེན་རྟ་མགྲིན་ནག་པོའི་བཀའ་ཉན་གསུང་སྡོད་པ་བཀའ་སྲུང་སྲིད་པ་ལྷའི་གཙོ་བོ༔ གཤིན་རྗེ་ཡ་མ་རཱ་ཛཿ མ་མོ་སྲིད་པའི་རྒྱལ་མོ༔ བདུད་ཕོ་སྐོས་རྗེ་དྲང་དཀར༔ བཙན་རྗེ་སྲོག་གཟན་དམར་པོ༔ རྒྱལ་པོ་པེ་དཀར་དགྲ་བླ༔ གནོད་སྦྱིན་ཀཱ་ལ་ཡཀྵ༔ ཀླུ་བདུད་འཆི་བདག་མགོ་དགུ་ལ་སོགས་འཁོར་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ༔ གསོལ་ལོ་མཆོད་དོ་འབུལ་ལོ་བཞེས་སུ་གསོལ༔ ཕྱོགས་སྐྱོང་བ་གཉན་པོ་བཅུ༔ རྒྱལ་པོ་ཆེན་པོ་སྡེ་བཞི༔ བཀའི་ལྷ་སྲིན་སྡེ་བརྒྱད༔ འཇིག་རྟེན་གྱི་དྲེགས་པ་ཅན༔ ཤ་ལ་དགའ་བ༔ ཁྲོག་ལ་རྒྱས་པ༔ གསོད་ལ་རྔམ་པ༔ ཁྲོ་ལ་གཏུམ་པ༔ དྲག་ལ་རྩུབ་པ་ཅན་གྱི་དམག་ཚོགས་རྣམས་


CMR015_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ༔ གསོལ་ལོ་མཆོད་དོ་བཞེས་སུ་གསོལ༔ གཞན་ཡང་ས་ཕྱོགས་ཡུལ་རིས་རྒྱལ་ཁམས་འདི་སྐོར་ལ་གནས་པ་རྣམས་དང་༔ གནས་ཁང་འདི་ཡི་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་ལ་གནས་པའི་ཕ་མྱེས་རྒྱུད་བསྲུང་༔ སློབ་དཔོན་གཉན་སྲུང་༔ དབེན་གནས་ཆགས་པའི་སྲུང་མ༔ ལས་སྐལ་འབྲེལ་བའི་སྲུང་མ༔ འགོ་བའི་ལྷ༔ སྐྱོབ་པའི་ལྷ༔ ཡུལ་ལྷ་ཟོ་དོར༔ དབེན་གནས་སྲུང་མ་གཞི་བདག་གནས་སྲུང་གི་རིགས་སུ་གྱུར་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཏྟཱཧཱུྃ༔ གསོལ་ལོ་མཆོད་དོ་འབུལ་ལོ་བཞེས་སུ་གསོལ༔ དགྱེས་པར་བཞེས་ལ་ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ གཙུག་ལག་གི་དཀོར་ཁང་སྲུངས༔ དགེ་འདུན་གྱི་སྡེ་སྐྱོངས༔ རྣལ་འབྱོར་པའི་སྐུ་ཚེ་སྲིངས༔ ཁྱད་པར་དུ་བདག་དང་ཡོན་བདག་འཁོར་དང་བཅས་པའི་ཚེ་བསྲིང་དཔལ་བསྐྱེད་ཅིག༔ འཁོར་དང་ལོངས་སྤྱོད་སྤེལ་ཞིག༔ སྡང་བའི་དགྲ་སོད༔ གནོད་པའི་བགེགས་ཆོམ༔ བར་ཆད་ཀྱི་རྐྱེན་སོལ༔ བྱད་ཁ་ཕུར་ཁ་ཟློག༔ མོ་ངན་རྨི་ངན་ཟློག༔ ནད་སྣ་གདོན་སྣ་རིམས་


CMR015_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཡམས་ནད་ཐམས་ཅད་དགྲ་ལ་ཟློག་ཅིག༔ ལེགས་པ་བརྒྱ་དང་སྤྱོད༔ ཉེས་པ་སྟོང་དང་བསྣོལ༔ སྙན་པའི་དུང་བུས༔ གྲགས་པའི་བ་དན་ཕྱོར༔ མཆོག་ཐུན་མོང་གི་དངོས་གྲུབ་དམ་པ་མྱུར་དུ་སྩོལ་ཞིག༔ ཧཱུྃ་ཧཱུྃ༔ ལྷ་ཡི་ལྷ་མཆོག་རྟ་མགྲིན་དབང་གི་ལྷ༔ དུས་རྣམས་རྟག་ཏུ་ཁྱོད་གསོལ་ཁྱོད་བསྒྲུབ་སྟེ༔ སྲོག་གི་ཕྱིར་ཡང་ཡི་དམ་མི་སྤང་ན༔ ཡེ་ཤེས་ཐུགས་རྗེ་སྤྱན་གྱིས་གཟིགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་ཁྱེད་ཀྱི་གཟི་བྱིན་གྱིས༔ བར་ཆད་བགེགས་ཀྱི་ཚོགས་རྣམས་བསལ་ནས་ཀྱང་༔ བྱམས་པའི་ཞལ་བཟང་དངོས་སུ་བསྟན་པ་དང་༔ བསྒྲུབ་པའི་འབྲས་བུ་དུས་འདིར་བསྟན་དུ་གསོལ༔ ཧཱུྃ་ཧྲཱིཿ རྟ་མགྲིན་ནག་པོ་འཁོར་བཅས་དགོངས་སུ་གསོལ༔ བདག་གིས་བསྙེན་སྒྲུབ་མཆོད་གསོལ་ཕྲིན་ལས་ཀྱི༔ ལམ་འདི་བརྩམས་པའི་དགེ་བའི་ནུས་མཐུ་ཡིས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐུ་ཚེ་སྲིངས༔ དཀོན་མཆོག་དབུ་འཕང་བླ་མའི་ཐུགས་དགོངས་རྫོགས༔ རྣལ་འབྱོར་ཚེ་རིང་ཡོན་བདག་བར་ཆད་ཞི༔ བསོད་ནམས་དཔལ་རྒྱས་བསམ་དོན་ཕུན་ཚོགས་ཤིང་༔ བདག་གཞན་ཐམས་ཅད་སངས་རྒྱས་སར་འགོད་


CMR015_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ ཅེས་འདོད་དོན་ཕྲིན་ལས་བཅོལ་ལོ༔ ཉང་ལུགས་ཀྱི་རྟ་ནག་ཁ་འཕངས་གསོལ་ཀ་ཞིག་དགོས་ཞེས་ཆབ་གཤིས་ཀྱི་འཚོ་མཛད་སྔགས་འཆང་གིས་ཡང་ཡང་ནན་གྱིས་བསྐུལ་ངོར༔ སངས་རྒྱས་གླིང་པའི་རྟ་ནག་སོགས་ཀྱི་དོན་བསྡུས་ཏེ༔ རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་ཉེས་པ་མཆིས་ན་ལྷ་ལ་བཤགས་ཤིང་༔ དགེ་བས་འཚོ་མཛད་བསོད་ནམས་རྡོ་རྗེ་གཙོས་པའི་སྔགས་པརྣམས་ལ་ཕན་ཐོགས་ཤོག༔ ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས་བགྱིས་སོ༔ བཀྲ་ཤིས། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ཡང་ཕྱུང་ནག་པོ་དྲེགས་པ་སྡེ་བརྒྱད་ཀྱི་གསོལ་ཀ་འདོད་དགུ་ལྷུན་གྲུབ།next