Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྟ་མགྲིན་ལས་རིམ་བདུན་པའི་གཏོར་ཟློག་ལས་བཞེས་འབོད་དུག་མདའ་ནག་པོ།
   
   


 
previousདཔལ་རྟ་མགྲིན་ལས་རིམ་བདུན་པའི་གཏོར་ཟློག་ལས་བཞེས་འབོད་དུག་མདའ་ནག་པོ།next

དཔལ་རྟ་མགྲིན་ལས་རིམ་བདུན་པའི་གཏོར་ཟློག་ལས་བཞེས་འབོད་དུག་མདའ་ནག་པོ།


CMR015_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ལས་རིམ་བདུན་པའི་གཏོར་ཟློག་ལས་བཞེས་འབོད༔ དུག་མདའ་ནག་པོ་བཞུགས་སོ༔


CMR015_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ་དགོངས་སུ་གསོལ་ལོ༔ ལན་གསུམ་སྨན་རཀ་གཏོར་ཞིང༔ ཆོས་སྐུ་སྐྱེ་མེད་སྣང་བ་མཐའ་ཡས༔ ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་པའི་ཁྲོ་བོ་རྟ་མགྲིན་ནག་པོ༔ སྐུ་མདོག་མཐིང་ནག་མུན་ལྟར་གཏིབས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཀློག་ལྟར་འཁྱུག་པ༔ དབུ་སྐྲ་ལྕགས་ཀྱི་རལ་པ་མུན་ལྟར་གཏིབས་པའི༔ རལ་པ་སྤྲུགས་པའི་སྐྲ་གསེབ་ནས༔ སྤྲུལ་པའི་ཁྲོ་ཆུང་གྲངས་མེད་འཕྲོ་བ༔ སྤྱི་གཙུག་ཏུ་རྟ་དབུའི་ཁམས་གསུམ་དབང་དུ་སྡུད་པ༔ ཁྲོ་བོའི་གད་རྒྱང་ཕྱོགས་བཅུར་སྒྲོགས་


CMR015_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་པོ་ཟིལ་གྱིས་གནོན་པ༔ སྐུ་ལ་དར་ནག་གི་བེར་ཆེན་གསོལ་བ༔ ཕྱག་གཡས་རལ་གྲིས་དགྲ་སྲོག་གཅོད་པ༔ གཡོན་པས་ལྕགས་ཀྱུས་དམ་ཉམས་དགྲ་བགེགས་ཀྱི་སྙིང་ནས་འདྲེན་པ༔ ཞབས་གཉིས་བརྐྱངས་བསྐུམས་འདོར་ཐབས་ཀྱི་དགྲ་བགེགས་མནན་པ༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ༔ དཔའ་གཏུམ་རྔམས་བརྗིད་ཡེ་ཤེས་ཀྱི་མེ་དཔུང་ཀློང་ན་འགྱིང་བ༔ དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པ༔ ལས་བྱེད་ཤན་པའི་ཁྲོ་བོ༔ དམ་ཉམས་འབྱུང་པོའི་གཤེད་མ༔ དགྲ་བོ་འདུལ་བའི་དཔའ་བོ༔ སངས་རྒྱས་ཀྱི་བསྟན་


CMR015_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་༔ རྣལ་འབྱོར་གྱི་དགྲ་བླ༔ རྫུ་འཕྲུལ་གྱི་དབང་ཕྱུག༔ ཡེ་ཤེས་ཀྱི་སྤྱན་ཅན༔ སྡེ་བརྒྱད་ཀྱི་དམག་དཔོན༔ ཐུགས་རྗེ་ཆེན་པོ༔ སྤྱན་རས་གཟིགས་དབང་༔ གར་གྱི་དབང་ཕྱུག༔ དབང་གི་རྒྱལ་པོ༔ རྒྱ་གྲྭ་ཝ༔ རྟ་མགྲིན་ནག་པོ༔ གནོད་སྦྱིན་ནག་པོ༔ ཡཀྵ་ནག་པོ༔ བདུད་འདུལ་ནག་པོ༔ ཀླུ་འདུལ་ནག་པོ༔ གཟའ་འདུལ་ནག་པོ༔ གདོན་འདུལ་ནག་པོ༔ བགེགས་འདུལ་ནག་པོ༔ སྲི་འདུལ་ནག་པོ༔ དགྲ་འདུལ་ནག་པོ༔ དཔལ་མགོན་ནག་པོ༔ ལེགས་ལྡན་ནག་པོ༔ བསྟན་སྲུང་ནག་པོ༔ ལས་མཁན་ནག་པོ༔ སྲོག་བདུད་ནག་པོ༔ ཤན་པ་ནག་པོ༔ མོན་པ་ནག་པོ༔ ལྕགས་སྡིག་ནག་པོ༔ མཁའ་ལྡིང་རྒྱལ་པོ༔ སྤྲུལ་པ་ཡང་སྤྲུལ་དང་བཅས་པོ་བཀའ་ཉན་ཕོ་ཉ་ནག་པོ་སྟོང་ཤ་ཟ་འབུམ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ་འབུལ་ལོ་འདྲེན་ནོ་བཞེས་སུ་གསོལ༔ འཁོར་གྱི་ཕོ་ཉ་ནི༔ ལྷ་ཡི་རྒྱལ་པོ་ལྷ་རབ་ཤམ་པོ༔ གཤིན་རྗེ་ཡ་མ་ར་ཙ༔ མ་མོ་སྲིད་པའི་རྒྱལ་མོ༔ བདུད་པོ་སྐོས་རྗེ་དྲངས་དཀར༔ བཙན་རྗེ་སྲོག་ལེན་དམར་པོ༔ སྲོག་བདག་དགྲ་ལྷ་བེ་གར༔ གནོད་སྦྱིན་ཀཱ་ལ་


CMR015_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྵ༔ ཀླུ་བདུད་འཆི་བདག་མགོ་དགུ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད༔ སྤྲུལ་པ་ཡང་སྤྲུལ་དྲེགས་པ་ཕོ་རྒྱུད་ཀྱི་ཚོགས་དང་བཅས་པ་ཐམས་ཅད་ལ་གསོལ་ལོ་མཆོད་དོ༔ བདུད་རྩི་སྨན་གྱིས་མཆོད༔ རཀྟ་ཁྲག་གིས་མཆོད༔ བ་ལིང་གཏོར་མས་མཆོད༔ ཞལ་ཟས་ཚོགས་ཀྱིས་མཆོད༔ ཤ་ཁྲག་དམར་གྱིས་མཆོད༔ སྙིང་པོ་འཛབ་ཀྱིས་མཆོད༔ ཕྲིན་ལས་བསྟོད་བསྐུར་གྱིས་མཆོད༔ དད་པ་དམ་ཚིག་གིས་མཆོད༔ ཕྱི་ནང་གསང་གསུམ་གྱི་མཆོད་པ་དམ་པ་འདི་བཞེས་ལ༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་༔ རྣལ་འབྱོར་པ་བདག་གི་ཚེ་དཔལ་བསྐྱེད༔ རྐྱེན་ཕྱི་ནང་གི་བར་ཆད་སོལ༔ ནད་དང་གནོད་པ་ཟློག༔ དགྲ་བགེགས་འབྱུངཔོ་ཐུལ༔ ཚེ་དང་བསོད་ནམས་སྤེལ༔ དཔལ་དང་གྲགས་པ་སྒྲུབས༔ འཁོར་དང་བུ་སློབ་སྲུངས༔ སྙན་པ་དང་གྲོགས་པ་སྒྲོགས༔ ཁམས་གསུམ་དབང་དུ་སྡུད༔ སྲིད་གསུམ་ཟིལ་གྱིས་ནོན༔ དྲེགས་པ་ཅན་བྲན་དུ་ཁོལ༔ ཡམས་ནད་རིམས་ནད་ཟློག༔ བྱད་དང་ཕུར་ཁ་ཟློག༔ མོ་ངན་པ་དང་རྨི་ལམ་ངན་


CMR015_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟློག༔ ཆག་ཆེན་ཉམ་ང་བསྒྱུར༔ ལྷ་སྲིན་སྡེ་བརྒྱད་ཀྱི་གདུག་པ་ཟློག༔ ལོ་སྐག་ཟླ་སྐག་ཟློག༔ ཞག་སྐག་དང་ཟ་སྐག་ཐམས་ཅད་ཟློག་ཅིག༔ ༈ ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཞེ་མནག་པ༔ བསྒྲལ་བའི་ཞིང་བཅུར་གྱུར་པ༔ སྡིག་པོ་ཆེ་རྨད་དུ་བྱུང་བ༔ ལྟ་བ་ལོག་པ་སྤྱོད་པ་འཁྲུལ་བ༔ ལྷ་སྲུང་བྱང་ཆུབ་གླིང་བསྐལ་བ༔ དཀོན་མཆོག་གྱི་དཀོར་ནོར་ལ་རྐུ་འཕྲོག་འཇབ་གསུམ་བྱེད་པ༔ རྣལ་འབྱོར་པ་བདག་ལ་དོ་བསྡོ་བ༔ ཕོད་བཙུགས་པ༔ འགྲོས་ཚོལ་བ༔ ཡ་བོ་བཟུང་བ༔ སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་ཡིད་ལ་བསམ་པ༔ ད་དགྲ་ཐད་དུ་སྡང་བ༔ མཐུ་བུ་ལོན་བཞིན་དུ་རྩོད་མི༔ དམག་སྣ་ཇག་སྣ་སྟོན་མི༔ ཁ་འཇམ་སྙིང་རྩུབ་ཞེ་ནས་དམོད་པ༔ མི་བདག་ལ་ལྷ་མེད་བློ་མི་ལྷ་ཁྱོད་ལ་མཐུ་མེད་བློ་མི༔ སྡང་བའི་སེམས་དང་ལྡན་པ༔ གདུག་པའི་སེམས་དང་ལྡན་པ༔ ང་རྒྱལ་གྱི་སེམས་དང་ལྡན་པ༔ དྲག་ཤུལ་གྱི་སེམས་དང་ལྡན་པ༔ གནོད་པའི་སེམས་དང་ལྡན་པའི་དགྲ་བོ་དམ་ཉམས་ཐམས་ཅད་ཁྱེད་རྣམས་ལ་གཏད་དོ་མ་ཤོར་ཅིག༔ དམ་ཉམས་དགྲ་བོ་གཟུགས་ལིངྒ་ལ་བྲིས་པ༔ བླ་


CMR015_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལ་བཏབ་པ་འདི་རྣམས་མྱུར་དུ་ཁུག་ལ༔ ཚེ་ཐུང་སྲོག་ཆོད༔ དབུགས་ལོངས༔ ཤ་ཟོ་ཁྲག་འཐུང་རུས་པ་མུར༔ ཕོ་རྒྱུད་རྩད་ནས་ཆོད༔ མོ་རྒྱུད་མངལ་ནས་སྐམ༔ ཆུང་རྒྱུད་མཐའ་ནས་བསྡུས༔ ཕྱི་སྟེང་ཟློག༔ ཁ་ཞབས་སྲེས༔ མི་རྗེས་ཆོད༔ མཐའ་ནས་ཟློག༔ ནང་གི་དམེ་གྱིས་ཉིན་གྱི་གྲོ་གྱིས་ཤིག། ནུབ་ཀྱི་དགོང་གྱིས་ཤིག༔ ལོ་དང་ཟླ་བ་མ་བཞག༔ ཞག་དང་ཟ་མ་མ་བཞག་པར་ད་ལྟ་ཉིད་དུ་ཐལ་བ་རྡུལ་ཕྲན་བཞིན་དུ་མྱུར་བར་རློགས་ཤིག༔ བཅོལ་བའི་ཕྲིན་ལས་ནམ་མཁའི་གློག་ལྟར་མྱུར་བར་མཛོད་ཅིག༔ ཅེས་བརྗོད་ཅིང་རྦད་བརྒྱད་བསད་སྔགས་བཟླས་སོ༔ འདི་ཤིན་ཏུ་གཉན་པས་ནམ་གར་མི་རུང་ངོ་༔ ས་མཱ་ཡ་རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ གསང་རྒྱ༔ ཞེས་དཔལ་རྟ་མགྲིན་ཡང་ཕྱུང་ནག་པོ་ལྕགས་ཀྱི་རལ་པ་ཅན་བཞེས་བཅག་པ་དུག་མདའ་ནག་པོ་འདི་གཏེར་གཞུང་སླད་མེད་ཟུར་དུ་བསྐོལ༔ ༧ སྔགས་ནག་རཱ་ག་ཨ་སྱས་བྲིས་པའོ༔ མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ལས་རིམ་བདུན་པའི་གཏོར་ཟློག་ལས་བཞེས་འབོད་དུག་མདའ་ནག་པོ།next