Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
རྟ་མགྲིན་ལས་རིམ་བདུན་མའི་ཞལ་ཤེས་གཏོར་ཟློག་གི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་ལས་རིམ་བདུན་མའི་ཞལ་ཤེས་གཏོར་ཟློག་གི་ཟིན་བྲིས།next

རྟ་མགྲིན་ལས་རིམ་བདུན་མའི་ཞལ་ཤེས་གཏོར་ཟློག་གི་ཟིན་བྲིས།


CMR016_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ལས་རིམ་བདུན་མའི་ཞལ་ཤེས་གཏོར་ཟློག་གི་ཟིན་བྲིས་གསལ་བ་བཞུགས་པའི་དབུའོ།།


CMR016_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྲི་ཝ་ཡེ། རྟ་མཆོག་རོལ་པའི་རྒྱུད་ཀྱི་དུམ་བུ། ནག་པོ་ཀླུ་འདུལ་གྱི་རྒྱུད་ལ་བརྟེན་ནས་མཛད་པའི། །རྟ་མགྲིན་ནག་པོ་འདི་གཏེར་ཁ་རེ་ནས་རེ་རེ་འབྱུང་བས། རིགས་མི་འདྲ་བ་ཤིན་ཏུ་མང་ན་ཡང་། ཉང་ལུགས་འདི་གྲགས་ཆེ་སྟེ། ཀརྨ་པཀྴི་ནས་བཟུང་སྟེ་ཀརྨ་པ་ན་རིམ། དགེ་འདུན་གྲུབ་པ་ནས་བཟུང་སྟེ། ཐམས་ཅད་མཁྱེན་པ་ན་རིམ། དེ་རྣམས་ཀྱིས་ཡི་དམ་མཛད་པར་འདུག་པས། འདིའི་རྗེས་གནང་གི་རྒྱུན་ནི་གྲུབ་མཐའ་ཀུན་ལ་དར། ཉིང་ལུགས་འདི་ལས་རྩ་བ་རྒྱ་གཞུང་ཆེན་པོ། དེའི་འགྲེལ་པ་དང་དབང་རྒྱས་འབྲིང་བསྡུས་གསུམ། ཕྱི་གཏད་


CMR016_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་བཅོ་བརྒྱད། ནང་པུ་རི་དཀར་ནག །གསང་བ་བཙོ་བརྔོ་སྲེག་གསུམ། ཆར་སེར་འགུགས་གསུམ། དཔེའུ་རིས་ལྟར་མང་དུ་ཡོད་ཀྱང་། སྔགས་པ་རྣམས་ལ་ཉེ་བར་མཁོ་བ། ལས་རིམ་བདུན་པ་ཞེས་བྱ་བ། བསྐང་ཟློག་དགྲ་ཆོས་གསུམ་ཀ་ཡིན་ཏེ། དེང་སང་སྔགས་པ་རྣམས་ཀྱིས་གཞུང་ལེས་གཅིག་དེ་འདོན་མཁན་མང་ན་ཡང་། ཆ་ལག་ཚང་བར་མི་འདུག་པས། བདག་གིས་པོད་གཞུང་ནང་ནས་བསྒྲིགས་པ་འདི་ཆ་ཚང་བ་ཡིན། རིམ་གྲོ་སྲུང་ཟློག་བྱེད་པ་སོགས་ལ་ནི་གབ་ཅི་སྐུང་ཡང་མེད། ཐུགས་ལ་གབ་ཞལ་ལ་དྲིས་ཟེར་བ་རྣམས་ནི། འདི་ལ་བརྟེན་ནས་


CMR016_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་བྱེད་ཐབས་རྣམས་སྦས་པ་ཡིན། དེ་དག་སྤེལ་ན་སྡེ་བརྒྱད་རྣོ་དྲགས་པས། དུག་འཚགས་པ་དང་འདྲ་བ་འོང་དོགས་ནས་སྦས་སོ། །འདི་འདོན་པ་ནི་ཡི་དམ་གཏོར་མ་ལ་བསྔོ་ཆོག་ལོགས་སུ་མི་དགོས་ཏེ། སྐྱབས་སེམས་སྔོན་འགྲོ་དཀར་བགེགས། བསྐང་བ་ཚོགས་གཏོར་འབུལ་སོགས། སྔགས་པ་སྤྱི་ཡི་ལུགས་ལྟར་བྱས་པས་ཆོག །འདི་རང་བཅས་ལ་རྒྱས་འབྲིང་བསྡུས་གསུམ་ཏེ། ༈ དང་པོ་སླ་ངའམ་ལྕགས་འགུ་ཆེན་པོའི་ནང་དུ། ཕུབ་ཕྱེ་ཐང་ལུད་རིལ་མ་གང་རུང་གིས་བཀང་། འཛིམ་ཞལ་བྱས་ཏེ། འཁོར་ལོ་རྩིབས་བརྒྱད། དེ་སྟེང་གྲུ་བཞི།་དེ་སྟེང་གྲུ་གསུམ་བྱས་པ་རྣམས་བརྩེགས། དེ་འདྲ་རེ་རེའི་ནང་དུ་ཧོམ་ཁུང་བྲུས་པའི་ནང་དུ། དབུས་སུ་ལིངྒ་ཆེ་བ་གཅིག གཞན་རྣམས་སུ་ལིང་ཆུང་པར་མ་རེ་བཞག །དེ་ཀུན་ཕྱི་ནག་ནང་དམར། དབུས་སུ་དམར་གཏོར་ཁྲུ་གང་ཕྱོགས་བཞིར་མཐོ་རེ་བ་བཞི། དེ་རྒྱབ་སྡེ་བརྒྱད་སོ་སོའི་བཤོས་བུ་བརྒྱད། རྩིབས་ཀྱི་བར་རྣམས་སུ་མཐེབ་སྐྱ་བཅད་སྐམ་ཁ་ཕྱིར་བསྟན་རེ་རེ་བཞག །ཀུན་གྱི་རྩེ་ལ་མར་གྱི་མེ་ལྕེ་རིས་བརྒྱན། ལྷ་ཀླུ་གནོད་སྦྱིན་གསུམ་མ་གཏོགས་ལ་ཤ་ཁྲག་གིས་བརྒྱན། གཙོ་བོ་ལ་ཅུང་ཐུང་ཉེར་གཅིག་


CMR016_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཞི་ལ་བདུན་རེ། སྡེ་བརྒྱད་ལ་གསུམ་རེའམ་རེ་རེ། གཏོར་མ་སོ་སོ་ལ་ལྷ་སོ་སོའི་ཙཀ་ལི་ཡོད་ན་བཙུགས། དེ་རྒྱབ་རྩང་ཉི་ཤུ་རྩ་བརྒྱད་ཆུང་སླས། རྩང་སྟོད་དམར་རྡུང་སྨད་ནག་སྐེད་པ་རྒྱ་མདུད་སེར། ཕྱོགས་བཞིར་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་སྟེ་སྒོ་རྩང་བཞི་ཐད་ཀར་བཙུགས། སྟེང་དུ་དར་གདུགས་ནག་པོ་ཟོར་འཕེན་ན་དཔེའུ་རིས་ལྟར་དང་། ཚར་དུ་འདོན་གྲངས་ཀྱི་ཟན་ལིང་བསྒྲལ་རྒྱུ། གཏོར་ཆུང་ཁྲག་བྱུག་ཤས་བརྒྱན་པ་མང་དུ་བཅའོ། །ཤིན་ཏུ་གལ་ཆེ་ན་མདོས་ཀྱི་འོག་དེར། ཧོམ་ཁུང་བཅས་པའི་ནང་དུ་ཤོག་ལིང་བཞག །ཐུན་ལམ་ཕུར་པས་བཅད་དེ། མདོས་ཀྱི་མདུན་དེར་མཆོད་པ་སྣ་བདུན་ལེགས་པར་བཤམས་པ་རྒྱས་པའོ། ༈ །འབྲིང་ནི་འཇིམ་ཞལ་སྟེང་དུ་འཁོར་ལོ་ལ་སོགས་རི་མོ་བྲི། །དབུས་མའི་ཞབས་སུ་གྲུ་གསུམ་བྲུས་པའི་ཟན་ལིང་པར་མ་གཅིག་བཞག །གཙོ་བོའི་གཏོར་མ་མར་རྒྱན་ཚུན་འཇལ་བའི་གྲུ་གང་མཐོ་གང་གིས་ཆོག །འཁོར་བཞི་ལ་མཛུབ་རེ། སྡེ་བརྒྱད་དམར་གཏོར་མཁྱུད་རེ་ཡོད་པ་བརྒྱད་ཀྱིས་ཆོག །ཙཀ་ལི་སྒོ་རྩང་ནང་རྩང་རྣམས་མི་དགོས། མདའ་དར་ནག་པོ་གཅིག་བཙུགས། གཏོར་ཆུང་འབུལ་རྒྱུ་རྣམས་


CMR016_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་སྐྱུས་གསོས་ཀྱང་ཆོག །རྒྱས་པ་དེ་གཏོར་མདོས་དང་བསྡུས་པ་འདི་གཏོར་ཟློག་ཅེས་བྱའོ། །ཤིན་ཏུ་བསྡུས་པ་ནི། ཟངས་ལྕགས་སོགས་ཀྱི་སྡེར་ནང་དུ། དམར་གཏོར་གཙོ་འཁོར་ལྔ། དེ་རྒྱབ་གཏོར་ཆུང་བརྒྱད་ཀྱིས་བསྐོར། ཟན་ལིང་བསྒྲལ་རྒྱུ་གཅིག་བྱའོ། །ཡང་འདིའི་སྒྲུབ་པ་བྱེད་པར་འདོད་ན། མདུན་དུ་གཞིའི་སྟེང་དུ་འབྲུའི་ཚོམ་བུ་ལྔ་བཀོད། དེར་བུམ་པ་ཡོད་ན་སྤྱི་ལྟར་བཤམས། དེའི་སྟེང་དུ་ཨོཾ་ཁྲིའུ་བྱས་པའི་སྟེང་དུ། གཏོར་མ་ཟུར་གསུམ་གཙོ་འཁོར་ལྔ་ནག་པོ་བྱ། མར་རྒྱན་མེ་རི་དང་བཅས་པ་ཡོད་ན་ཙཀ་ལི་བཙུགས་། ཞལ་ཐང་ཡོད་ན་རྒྱབ་ནས་ཚུར་བཤམ་མེད་ཀྱང་རུང་། སེང་ལྡེང་གི་རལ་གྲི་དང་སེང་ལྡེང་གི་ཕུར་པ་ཁྲུ་གང་། མ་རྙེད་ན་སྐྱེར་པ་ལ་ཡང་རུང་། ཙག་བྱུག་པ་སྔགས་རིང་བྲིས་པ་སྒྲུབ་རྟེན་དུ་བཤམས། མཐར་མཆོད་པ་སྣ་བདུན་བསྐོར་བཤམས་བྱས། དེ་རྣམས་དང་པོ་བྲན་ནས་གསོ་བྲན་མི་དགོས་སྒྲུབ་རྟེན་ཡིན། ཐུན་བཞིར་འདོན་ཚེ་ཡི་དམ་ཡིན་པས་ཕུགས་གཏོར་གསོ་བྲན་བྱ། དེ་རྣམས་ནི་བཅའ་ཚོགས་རྣམས་སོ། ༈ །འདོན་ལུགས་གུ་རུ་ཞི་དྲག་སོགས་སྤྱི་ལྟར་འདོན་རྗེས། རཏྣ་ལུགས་ཀྱི་རྟ་མགྲིན་ནག་པོ་བཏོན་པ་བདག་


CMR016_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། དེ་ནས་ཉང་ལུགས་བཏོན་པ་མདུན་བསྐྱེད་དེ་ཤིན་ཏུ་ལེགས། ཉང་ལུགས་ཀྱི་གཞུང་ལས། དྲན་པ་ཙམ་གྱིས་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི། །སྲུང་བ་ཀུན་གྱི་མཆོག་ཡིན་ནོ། །ཞེས་གསུངས་པས། བདག་བསྐྱེད་གཙོ་རྐྱང་དྲན་རྫོགས་སུ་བསྒོམས་ནས། མདུན་བསྐྱེད་གཙོ་འཁོར་ལྔ་པ་བྱ་སྟེ། སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད། བསྐང་བ་གསོལ་ཁ་ཡན་ཆོད་དུས་བཞིར་བྱ་ཞིང་བསྙེན་པ་ཡིག་འབྲུ་བཅུ་གཅིག་པ་ཞག་ཉེར་གཅིག་ལ་བསྙེན་པ་སྒྲུབ་པ་ཡིན། །དེ་ནས་སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུག་ཅིང་རྩ་སྔགས་འཇུག་ཏུ། ཀཱ་ཡ་སིདྡྷི་ཨོ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧཱུྃ༔ ཞེས་བརྗོད་དབང་དང་དངོས་གྲུབ་ཐོབ་པར་བསམ། རྗེས་ཆོག་བཀྲ་ཤིས་སོགས་གཏོར་ཟློག་མཇུག་ལྟར་རོ། །དེ་ལྟར་བསྒྲུབས་པ་ཐོན་ནས། གནོད་འཚེ་ཆེ་བའམ་རྨི་ལམ་འཁྲུགས་དུས་སོགས། སྔགས་རིང་ཐུང་ཅུང་ཟད་བཟླ་རུང་གིས། བསྙེན་སྒྲུབ་མ་ཐེམ་པར་སྔགས་རིང་བཟླས་ན་བར་ཆད་ཆེན་པོ་འོང་གིས། གཏོར་མདོས་དང་གཏོར་ཟློག་བཅའ་བ་ལ་ནི། །དབང་ལུང་ཐོབ་ནས་བསྙེན་སྒྲུབ་མ་ཐེམ་


CMR016_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་ངོ་། །ཡང་འཇོམ་པར་འདོད་ན་སྡེ་བརྒྱད་ཀྱི་བསྐུལ་རྣམས་མི་འདོན་སྒྱུར་རོ། །དེ་ཡང་རང་དོན་གལ་ཆེན་འགྱུར་ཆེ་བར་བྱེད་ན། ལས་བྱང་དང་བསྐང་བ་སོགས་ཆབ་ཆོབ་མང་པོ་མི་འདོན་པར། རྟ་མགྲིན་གཞུང་འདི་ཉིད་འདོན་ཅིང་ཚར་གྲངས་བསོག །ཚར་རེ་ལ་ཡང་བསྙེན་པ་སྟོང་ཕྲག་རེ་འགྲོ་བར་བྱས་ལ། རྟ་མགྲིན་གྱི་གཏོར་བསྒྲུབས་ཡིན་པས་བྱིན་རླབས་ཤིན་ཏུ་ཆེའོ། །དེའི་རྟགས་ནི་གོ་མཚོན་བཙན་པོ་གྱོན་པ། མཚོན་ཆ་རྣོན་པོ་ཐོགས་པ། རྫོང་བཙན་པོར་ཞུགས་པ། སེར་བ་དང་དམག་བཟློག་པ། ཁྱི་དང་གཅན་གཟན་སོགས་བརྡུང་བ་བསད་པ་ཁ་བཅིངས་བ་སོགས། སྲུང་ཟློག་གི་རྟགས་རྨིས་ལྟས་སོགས། རྟགས་སྤྱི་དང་མཚུངས་པས་དཔྱད་ཤེས་པར་བྱ། ལར་རྟ་མགྲིན་འདི་ཡི་བསྙེན་པ་ཕྲེང་སྐོར་རེ་མ་ཆག་ན། ལྷ་སྲིན་གྱི་གནོད་པས་མི་ཚུགས། གཏོར་བསྔོས་ཙམ་བྱས་ཀྱང་ཐུན་མོང་གི་དངོས་གྲུབ་འབྱུང་། རྟ་མགྲིན་གྱི་མཚན་དང་སྔགས་འབུ་སྲིན་གྱི་རྣ་བར་ཐོས་ཀྱང་། ངན་སོང་དུ་མི་འགྲོ་བར་བྱང་ཆུབ་སེམས་དཔའི་འགྲོ་དོན་ནུས་པ་རེ་འོང་བར་རྟ་མགྲིན་གནམ་བཀོད་ཀྱི་རྒྱུད་དང་། རྟ་མཆོག་རོལ་པའི་རྒྱུད་ལས་གསུངས། འདི་ལ་མཆོད་བསྟོད་དང་བསྐང་


CMR016_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་ལ་བརྩོན་ན་དོན་ལ་སྤྱན་རིས་གཟིགས་མཆོད་པ་ཡིན་པས་ཕྱི་མའི་ལམ་བརྒྱག་དང་། འཁོར་སྡེ་བརྒྱད་རང་ཆས་སུ་རང་ལ་འདུག་པས། དུས་དེང་སང་སྡེ་བརྒྱད་ཁ་དར་དུས། ཤིན་ཏུ་རྣོ་ཤིང་ཕན་ཐོགས་ཆེ་བར་འདུག །ཅེས་ཆབ་གཤིས་ཀྱི་འཚོ་མཛད་སྔགས་འཆང་ཞིག་ལ་ཕན་ཕྱིར། སྔགས་རྒན་རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར། དགེ་སློང་མེ་ཏྲིས་ཡི་གེར་བྲིས། སྔགས་ཆུང་གསར་བུ་འགའ་ལ་ཕན་པར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ།། །། ༈ ཨོ་རྒྱན་རིན་པོ་ལ་གུས་པས་ཕྱག་འཚལ་ལོ། །དབེན་པའི་གནས་སུ་རང་ཉིད་སྐད་ཅིག་གིས་རྟ་མགྲིན་ཝལ་གྱིས་བསྐྱེད་ལ། མདུན་དུ་སྐུ་ཡི་རྟ་མགྲིན་དཀར་པོ། གཡས་སུ་ཡོན་ཏན་གྱི་རྟ་མགྲིན་སེར་པོ། རྒྱབ་ཏུ་གསུང་གི་རྟ་མགྲིན་དམར་པོ། གཡོན་དུ་ཕྲིན་ལས་ཀྱི་རྟ་མགྲིན་ལྗང་གུ་རྣམས་བསྙེན་པ་དང་བསྲུང་བའི་དུས་སུ་ཞལ་ནང་དུ་རྒྱུ་ནས་བསྲུང་བའི་སྔགས་བཟླས་པར་བསམ། བཟློག་པ་དང་བསད་པའི་དུས་སུ་ཞལ་ཕྱིར་གྱུ་ནས་རྦད་བརྒྱད་བཟློག་པ་བཟླས་སོ། །སྣང་སྲིད་ཐམས་ཅད་མེ་དཔུང་དང་ཁྲོ་བོ་དང་ཁྲོ་མོས་ལྡེམས་སེ་གང་ནས་བྱད་མ་རྒྱལ་བསེན་ཐམས་ཅད་བསད་བཅད་གཏུབ་པའི་


CMR016_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པར་བསམ། རང་གི་སྙིང་གར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་པོའི་རྩེ་ལ་ཧྲཱིཿདམར་པོ་འོད་ཀྱི་རང་བཞིན་ཅན་དུ་བསྒོམ། ཧཱིའི་རྩེ་མོ་ལ་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་ཅན་ལ་བཀའ་བརྒྱུད་བླ་མས་བསྐོར་བར་བསམ། གཡས་སུ་ཕ་སྤུན་བུ་དང་བཅས་པ་རིགས་གསུམ་མགོན་པོའི་ཆ་ལུགས་ཅན་དུ་བསྒོམ། གཡོན་དུ་བུ་མོ་དང་མ་རྣམས་མཁའ་འགྲོ་སྡེ་ལྔའི་རང་བཞིན་ཅན་དུ་བསྒོམས། ཧཱུྃ་གི་ཞབས་ཀྱུའི་ནང་དུ་ཟས་ནོར་རྟ་ཕྱུགས་ཐམས་ཅད་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ། འོག་ཏུ་ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་ས་བོན་མགོ་ཐུར་དུ་བསྟན་པ་བསྒོམས། ཧྲཱིཿཡིག་དམར་པོའི་ཡིག་འབྲུ་རྣམས་དམར་འོད་ཆགས་པ་མཚལ་ལྟ་བུའི་འོད་ཟེར་མེ་རྩེ་ཆད་པ་ལྟ་བུའམ། མགལ་མེ་ཀླད་ལ་བསྐོར་བའམ། ཡང་ན་ཁ་དོག་དཀར་སེར་དམར་ལྗང་སྔོན་པོ་ལྔ་འཕྲོས་པ་ལས་འོད་ཟེར་གྱི་རྣམ་པས་རྟ་མགྲིན་ཁ་དོག་སྣ་ཚོགས་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་དག །ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་སེམས་ཅན་ཐམས་ཅད་དཔལ་རྟ་མགྲིན་


CMR016_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གང་བར་གྱུར། སྒྲ་གྲག་ཐམས་ཅད་རྟ་མགྲིན་གྱི་སྔགས་སྒྲ་འབྲུག་སྟོང་དུས་ཅིག་གྲག་པའམ། བུང་བའི་ཚང་ཞིག་པ་ལྟར་དི་རི་རི་བཟླས་པར་བསམ་ལ་ངག་སྨྲ་བཅད་བྱས་ནས་སྔགས་བགྲང་ལ་འབེབས་བཟློག་པ་དང་བསད་པའི་དུས་སུ་ཕྱག་གཡོན་པའི་ལྕགས་ཀྱུས་དགྲ་བགེགས་བྱད་མའི་སྙིང་ནས་བཟུང་། ཞགས་པས་སྐེ་ནས་བཅིངས། །མདུན་དུ་འདར་ལྡི་ལི་ལི་བཀུག་ནས་ཕྱག་གཡས་ཀྱི་རལ་གྲིས་དུམ་བུ་དུམ་བུར་ཚལ་པ་ཚལ་པ་བཅད་ནས་མེ་དཔུང་གིས་བསྲེགས་པ་དང་། རྟ་མགྲིན་དཔག་ཏུ་མེད་པས་བསྒྲལ་བར་བསམ། རྩ་བའི་སྔགས་ལ་རྦད་བརྒྱད་ལ་སོགས་བཏགས་ལ་བཟླས། རྒྱལ་པོས་གནོད་ན་རྒྱལ་པོའི་སྔགས་བརྗོད་པར་བྱའོ། །མཐར་ཐུན་འཇོག་ཙ་ན། ཕྱི་སྣོད་ཐམས་ཅད་འོད་དུ་ཞུ་ནས་འཁོར་བཞི་ལ་ཐིམ། དེ་ནས་རླུང་གཅིག་རྔུབ་པ་དང་ལྷན་ཅིག་ཏུ་རྟ་མགྲིན་རིགས་བཞི་འོད་ཟེར་ཁ་དོག་ལྔར་གྱུར་ནས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་ཐིམ་སྟེ་གང་བར་བསམ་མོ། །བདེ་སྟོང་དབྱེར་མེད་བདེ་བ་ཆེན་པོའི་ངང་ནས་སྔགས་བཟླ་བར་བྱའོ། །དེ་ཡང་བསྐྱེད་རིམ་ལྷའི་ང་རྒྱལ་དང་འབྲལ་བ་མེད་པའི་ངང་ནས་བཟླས་པ་ཆུ་བོའི་རྒྱུན་


CMR016_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱའོ། །མཐར་ཉི་མ་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་འོད་དུ་ཞུ་ནས་རང་སེམས་མ་བཅོས་པར་ཕྱག་རྒྱ་ཆེན་པོ་ལ་གནས་ནས་བཟླས་པ་བྱའོ། །རྟ་མགྲིན་ནག་པོའི་སྲུང་འཁོར་ཟབ་མོ་རྫོགས་སོ།། །།རཏྣ་གླིང་པའི་ལུགས་སོ། །བཀྲ་ཤིས་སོ།། །།ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི། ཆོས་དབྱིངས་མཁའ་ལས་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཐུགས་རྗེའི་འོད་ཟེར་འགྲོ་བའི་དཔལ་དུ་ཤར། །འགྲོ་ཀུན་ཡང་དག་ལམ་ལ་འགོད་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་གུས་ཕྱག་འཚལ། །དེ་ཡང་རྒྱལ་ཀུན་སྤྱི་གཟུགས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཟབ་ཆོས་གཏེར་སྟོན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་བྲག་ནས་གདན་དྲངས་པའི་རྟ་མགྲིན་ནག་པོ་ལྕགས་རལ་བསྒྲུབ་སྐོར་ལྷོ་གཏེར་འབྲུའི་ཚུལ་དུ་སྦས་པའི་ལུགས་དང་། དཔའ་བོ་ལྷ་ལྔའི་བསྐང་བ་དངོས་གྲུབ་ཆར་འབེབས་དེའི་ཚོགས། མངའ་བདག་ཉང་གི་གཏེར་མ་རྟ་མགྲིན་ཡང་ཕྱུང་ནག་པོའི་ལས་རིམ་བདུན་པ་ཀརྨ་ཨ་རཱ་གས་བསྒྲིགས་པ་དེ་དག་གི་ལུང་རྒྱུན་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།་མངའ་བདག་ཉང་རལ་པ།


CMR016_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་རཏྣ་གླིང་པ། སྔགས་འཆང་ཧཱུྃ་ནག་མེ་འབར། རྗེ་བཙུན་མཐོང་བ་དོན་ལྡན། དཔལ་ལྡན་ཡེ་ཤེས་སྙིང་པོ། དྲིན་ཆེན་རཱ་ག་ཨ་སྱའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྟ་མགྲིན་ལས་རིམ་བདུན་མའི་ཞལ་ཤེས་གཏོར་ཟློག་གི་ཟིན་བྲིས།next