Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
ལས་རིམ་བདུན་མའི་ཟིན་བྲིས་མཐོང་གསལ་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་རིམ་བདུན་མའི་ཟིན་བྲིས་མཐོང་གསལ་མེ་ལོང་།next

ལས་རིམ་བདུན་མའི་ཟིན་བྲིས་མཐོང་གསལ་མེ་ལོང་།


CMR016_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རིམ་བདུན་མའི་ཟིན་བྲིས་མཐོང་གསལ་མེ་ལོང་བཞུགས་སོ། རང་མཐོ་ང་རྒྱལ་ཅན་ལ་སྤྱི།


CMR016_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གྱ་གྲི་ཝ་ཡེ༔ ཁྲོ་རྒྱལ་རྟ་མཆོག་ནག་པོར་ཕྱག་འཚལ་བསྟོད༔ ལས་རིམ་བདུན་མའི་ཕྱག་ལེན་ནི༔ འཁྲུལ་མེད་ལེགས་པར་བཀོད་ནས་ནི༔ ལྕགས་སྣོད་ལ་སོགས་གང་རུང་དུ༔ ཕུབ་ལྕེ་ལ་སོགས་བཀང་བའི་སྟེང་༔ ཁམ་སྤྱི་སྲབ་མོས་ལེགས་པར་གཞལ༔ དབུས་སུ་གྲུ་གསུམ་གཉིས་བརྩེགས་བཞག༔ རོ་སོལ་རྩི་ཡིས་ནག་པོར་བྱུག༔ གཡས་གཡོན་མདུན་རྒྱབ་གྲུ་གསུམ་བྲུས༔ དེའི་ཕྱི་རིམ་ཕྱོགས་མཚམས་བརྒྱད༔ ཆ་བགོས་པདྨ་འདབ་བརྒྱད་བྲིས༔ གྲུ་གསུམ་འདབ་བརྒྱད་ནང་དུ་བྲུས༔ དགྲ་བགེགས་ལིངྒ་མགོ་ཕྱིར་བསྟན༔ གན་རྐྱལ་དག་ལ་


CMR016_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པར་བྱ༔ བཀུག་གཞུག་བྱ་ཞིང་གཟུགས་ལ་བསྟིམ༔ དེ་ནས་གཏོར་མའི་ལས་རིམ་ནི༔ འབྲུ་ནག་ཕྱེ་མ་ཁྲག་གིས་སྦྲུསཿ དཔལ་བཤོས་གྲུ་གང་དབུས་སུ་བཞག༔ དེ་ལས་ཆུང་བ་འཁོར་བཞིས་བསྐོར༔ སྡེ་བརྒྱད་གཏོར་མ་དཔེའུ་རིས་ལྟར༔ པད་འདབ་བརྒྱད་ལ་བཀོད་པར་བྱ༔ ཀྱུ་གུ་བྱེད་ཀྱང་ཁ་ཕྱིར་བསྟན༔ དབུ་རྩང་ཕྱག་རྩང་གསུམ་རེ་འཛུགས༔ དེ་ནས་ལྕགས་རི་ནག་པོ་ལ༔ ཟན་ནག་བྱས་པའི་བསྐང་འབྲས་ནི༔ ཁ་ཁྱེར་ནས་བཟུང་ལྕགས་རིའི་ས་མཚམས་སུ༔ བསྐང་ཐབས་དབུས་ལྟ་བཟློག་ཐབས་ཕྱོགས་བཞི་སྟེ༔ དམག་ཐབས་ཇག་ཐབས་


CMR016_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་མདུན་ཏུ་བསྟན༔ མཐའ་རུ་རྩང་ནི་དྲུག་ཅུ་གཉིསཿ སོ་གཉིས་ཉེར་བརྒྱད་ཉེར་གཅིག་དང་༔ གྲུ་གང་ཚད་བྱས་རྒྱ་མདུད་བྱ༔ སྟོད་དམར་སྨད་ནག་སྲིན་མོ་འགྲོས་སྐྱེད་དེ་རྒྱུ་རློན་སྐེ་རགས་སམ༔ སྔོ་དམར་ཐག་པས་དཀྲི་བར་བྱ༔ རྩང་རྩེ་ཤ་དང་ལིངྒས་བརྒྱན༔ བཟློག་བྱང་བཞི་དང་རྩང་བརྒྱན་དང་དར་གདུགས་མདའ་དར་མེ་ལོང་འཛུགས༔ རྩང་རྒྱན་རས་སམ་ཤོག་བུ་ལ༔ ཆུང་བསྟོད་ནང་བཞིན་འབྱུང་ལྟར་བྲིས༔ བཟློག་བྱང་ཤིང་ངམ་ཤོག་བུ་ལ༔ ཐན་བཟློག་ལོཀྟིའི་སྔགས་བྲིས་ཏེ༔ བྱད་བཟློག་སྤུ་གྲི་རང་གཤེད་དང་༔ སྤྱི་དྲིལ་རང་གཞུང་བཟློག་སྔགས་བྲིས༔ གང་དགོས་ཤམ་བུ་སྦྱར་བ་ནི༔ མདོས་གདན་གཡང་གཞི་ལ་སོགས་པ༔ བཅའ་གཞི་ཚང་བ་གལ་ཆེའོ༔ དེ་སྟེང་དགྲ་བགེགས་ལིངྒ་ནི༔ གང་ཡིན་གཞུང་ལྟར་བྲིས་པས་ཆོག༔ དུར་རྡོ་གསུམ་ལ་ཐོད་སྐམ་གྱི༔ རི་མོ་བྲིས་ལ་སྒྱེད་པུའི་ཚུལ༔ བཀོད་པའི་སྟེང་དུ་མདོས་ཆེན་བཞག༔ བདག་མདུན་མཐོ་དམན་མཉམ་པར་བྱས༔ དེ་ནས་ཟོར་གྱི་བཅའ་ཐབས་ནི༔ ཕུང་ཤུལ་ས་དང་དུར་ཁྲོད་ས༔ ཁྲག་སྣ་གསུམ་གྱི་ཆུ་ཡིས་སྦྲུས༔ ཁྲག་ཟོར་ཀོང་ཟོར་ཐོད་ཟོར་གསུམ་བྱས་


CMR016_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་དུ་གཏོར་ཆུང་རེ་རེ་བཞག༔ རྩང་ནི་མཐོ་རེའི་ཚད་བྱས་གསུམ་རེ་འཛུགསཿ ཡུངས་ཀར་ཡུངས་ནག་སྐྱེ་ཚེ་ཤང་ཚེ་དང་༔ ལྕགས་ཕྱེ་ཟངས་ཕྱེ་མཚེ་ཐུན་རྣམས་ཀྱང་འཛུགས༔ ལྕགས་སྣོད་ཐོད་པ་གང་རུང་བཞག༔ བཀྲ་ཤིས་ཟམ་བུ་ལྗང་ཁུའི་བྱས༔ མདོས་ཀྱི་མདུན་གཡོན་བཀོད་པར་བྱ༔ སྨན་རཀ་གཏོར་མ་མཆོད་པ་སྣ་བདུན་བྱ༔ མདོས་ཀྱི་མདུན་དུ་ལེགས་པར་བཀོད༔ སྒྲུབ་མཆོད་བསྟན་དང་ཕྱི་ནང་གསང་ཉེན་སོགས༔ གང་འཛོམ་ཚང་བར་བཤམས་པ་རྒྱས་པ་ཡིན༔ ༈ དེ་ནས་དེ་ལས་ཅུང་ཟད་བསྡུས་པ་ནི༔ བཅའ་གཞི་མདོས་གདན་གོང་དུ་སྨོས་པ་སྟེ༔ དཔལ་བཤོས་གཙོ་འཁོར་བཅུ་གསུམ་ཚང་བར་བཤམས༔ ཙཀ་ལི་དར་གདུགས་མདའ་དར་མེ་ལོང་དང་༔ བསྐང་འབྲས་རྩང་རྒྱན་བཟློག་པའི་བསྐང་རྫས་དང་རྩང་ནི་སུམ་ཅུ་རྩ་གཅིག་འཛུགས་པས་ཆོག༔ དབུ་རྩང་ཕྱག་རྩང་ལ་སོགས་མི་དགོས་སོ༔ ཟོར་ནི་གོང་སྨོས་བཞིན་ཏུ་ལྔ་དེས་ཆོག་དེ་ནི་བཅའ་ཚོགས་བསྡུས་པའི་ལུགས་ཡིན་ནོ༔ དེ་ནས་ཤིན་ཏུ་བསྡུས་པ་བྱེད་པ་ནི༔ ལྕགས་སྣོད་དམ་ནི་ཐོད་པ་ལ་སོགས་སུ༔ དཔལ་བཤོས་མཐོ་གང་བཤོས་ཕྲན་བཞི་ཡིས་


CMR016_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར༔ ཤ་ཁྲག་ཐུན་རྫས་དག་ནི་ལེགས་པར་བཤམས༔ སྡེ་བརྒྱད་རྩང་གཏོར་ལ་སོགས་མི་དགོས་ཏེ༔ ཚེས་བཅུ་ཉ་སྟོང་དགུ་གཏོར་ལ་སོགས་དུས༔ ཚར་གཅིག་བཏོན་པས་མངའ་གསོལ་དག་གིས་ཕུལ༔ དེ་ནི་རྣལ་འབྱོར་བསམ་གཏན་ཆོ་ག་ཡིན་པས་རུང་༔ ༈ དེ་ལྟར་བཅའ་ཚོགས་རྒྱས་བསྡུས་གང་ཡང་རུང་༔ ལས་ཀྱི་མཐའ་བསྡུས་བྲུབ་ཁུང་བཅའ་བ་ནི༔ ཕུང་ཤུལ་སའམ་དུར་ཁྲོད་ས་རྣམས་ལ༔ ཁྲག་སྣ་བསྲེས་པའི་ཆུ་ཡིས་སྦྲུས་བྱས་ལ༔ ཧོ་ཁུང་དཔངས་སུ་མཐོ་གང་རྒྱར་གྲུ་གང་༔ རོ་སོལ་ཞིག་གིས་ཕྱི་རུ་ནག་པོར་བྱུག༔ རིམ་པ་དགུ་ཡི་ཚུལ་དུ་རི་མོ་བྲིསཿ ནང་ནི་ཁྲག་གིས་བྱུག་ལ་དམར་པོ་བྱ༔ ཁ་ཆོད་གྲུ་གསུམ་རྡོ་རྗེ་རྒྱ་གྲམ་བྲིས༔ མཐའ་རུ་ཆུང་དམར་ཉེར་གཅིག་འཛུགས་པར་བྱས༔ རྒྱུན་དུ་ཧོམ་ཁུང་བཅའ་ནི་དགོས་པར་གསུངས༔ འོན་ཀྱང་ལྕགས་ཁང་ཡོད་ན་དེ་ཡིས་ཆོག༔ དེ་ནས་བསྡུས་པ་བཅའ་བའི་མན་ངག་ནི༔ དུག་ཤོག་ཚད་ལྡན་ཁ་གང་གྲུ་བཞི་པ༔ ཆེ་བཞི་ཆུང་བརྒྱད་ལྟེབ་གས་ཤེས་པར་བྱས༔ རང་གི་དྲི་མ་ཁ་རླངས་མ་གོས་པར༔ ལག་ལྡན་ཕུང་རེས་རོ་རས་སྟེང་དུ་བཞག༔ གསེར་སྐྱེམས་གཟུ་དཔང་ལ་སོགས་རྒྱས་པར་བྱ༔ གྲི་ལྕགས་རྨེ་


CMR016_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོ་རྐང་སྐྱེར་པ་སོགས༔ གང་རྙེད་སྨྱུ་གུ་དག་གིས་བྲི་བར་བྱ༔ གྲི་ཁྲག་རྨེ་ཁྲག་ཁྱི་སྨྱོན་དུག་ཁྲག་སོགསཿ ཁྲག་སྣ་འཛོམ་པའི་སྣག་ཚས་བྲི་བར་བྱ༔ རང་ངམ་གཞན་གྱི་སྣག་ཚས་བྲི་མི་རུང་༔ སྤྱི་ལིང་ཕོ་ལིང་མོ་ལིང་དགྲ་ལིང་སོགས༔ གཞུང་ནས་བྱུང་བཞིན་ཤེས་པར་བྲི་བར་བྱ༔ འབོད་རྦད་བསད་དང་འགུགས་སྔགས་གཟབ་པར་བྲི༔ འདོད་གསོལ་གང་དགོས་གཤར་ཡིག་ཚེག་མེད་བྲིས༔ མིང་རུས་བླ་དག་གནད་ཀྱི་རྒྱལ་པོ་ཡིན༔ ལྷ་མིང་ལ་སོགས་བྲི་བར་མི་རུང་ངོ་༔ དེ་ནི་ལིངྒ་སྤྱི་ཡི་ཆིངས་ཡིན་པས༔ ཁྱད་པར་འདི་སྐབས་བསྟན་པའི་མན་ངག་ནི༔ ཐན་བཟློག་ལིངྒ་འདི་ལྟར་བྲི་བར་བྱ༔ གང་བྱུང་གཟུགས་བྲིས་ལིངྒའི་སྙིང་ཁར་བྲིས༔ ལིངྒའི་སྙིང་ཁར་ཐན་བདག་གཏོང་མཁན་ཁུག༔ རང་གཟུགས་རང་ལ་ཕོབ༔ རང་གཤེད་རང་ལ་ཕོབ༔ རང་ཤ་རང་གིས་ཟོ༔ རང་ཁྲག་རང་གིས་འཐུང༔ རང་རུས་རང་གིས་མུར༔ ཁྱད་པར་ལོཀྟི་པ་ལི་སྔགས་ཀྱིས་བསྐོར༔ ཤ་སྤུ་དྲི་མ་ཟག་རྫས་ཡོད་ན་བཞག༔ བྱ་ཐན་ལ་སོགས་གང་ཡིན་ཐམས་ཅད་ཀྱི༔ གཟུགས་དང་གཏོང་མཁན་ལ་སོགས་གོང་ལྟར་ལ༔ བཅའ་བར་བྱས་ལ་ཧོམ་ཁུང་ནང་


CMR016_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞག༔ རྨི་ལྟས་ལ་སོགས་དེ་དང་འདྲ་བ་ལ༔ གང་རྨིས་ངོས་བཟུང་གོང་ལྟར་བྲིའམ་བཅའ༔ ལོཀྟྲི་ཁོ་ནར་འབད་ཅིང་ཐུན་རྫས་བྲབ༔ སྐབས་སུ་འགུགས་གཞུག་གསུམ་རེ་ཐུན་རྫ་ས་བྲབ༔ དེ་ནི་ཤི་ལྟས་ཐོན་ལྟས་བཟློག་པ་སྟེ༔ ཁྱད་པར་དགྲ་དང་བྱད་མ་བཟློག་པ་ནི༔ གོང་བཞིན་ལིངྒ་བྲི་ལུགས་ཡིན་པ་ལ༔ དགྲ་ཡི་མིང་རུས་ཟག་རྫས་མཆོག་ཏུ་བསྔགས༔ མིང་དང་བླ་དག་ཆེ་བཞི་ཆུང་བརྒྱད་བཀོད༔ མཐའ་མར་འགུགས་སྔགས་མནན་སྔགས་བསད་སྔགས་བྲི༔ འདོད་གསོལ་མིང་འཇུག་ལ་སོགས་བྱེད་དགོས་ན༔ འབྱུང་བའི་ཡི་གེ་གཞན་གྱི་རིག་པ་སོགས༔ གསང་ཚིག་མན་ངག་ལག་ལེན་ཤེས་པར་བྱ༔ དེ་ནི་ལིངྒའི་མན་ངག་ཡིན༔ བྱད་བཟློག་བསད་དང་མནན་བསྲེག་ལ་སོགས་ནི༔ གོང་ལྟར་རུས་པའི་བྲི་ལུགས་དེ་བཞིན་ནོ༔ བྱད་ལིང་ལྕེ་ནི་བྲང་གི་རྒྱ་མདོར་དྲངས༔ སྟེང་དུ་འཁོར་ལོ་རྡོ་རྗེ་རྒྱ་གྲམ་གང་རུང་བྲིསཿ མཐའ་མར་སྒྲེ་མོའི་ངག་ནན་ནུས་པ་མཱ་ར་ཡཱ་ནན༔ ཞེས་བྲིས༔ མིང་རུས་བླ་དག་གོང་ལྟར་བྲིས་པ་ལ༔ མཐའ་མར་བྱད་བཟློག་གང་ཡིན་ནང་ལྟར་བྲིས༔ ལྷ་མིང་བྲིས་ལ་ཤམ་བུ་བསྒྱུར་དགོས་སོ༔ ཁྱད་པར་ཁོ་ཡི་ལྷ་མིང་སྔགས་ཀྱིས་


CMR016_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་བྱ༔ སྤུ་གྲི་རང་གཤེད་རང་སོད་སྔགས་རྣམས་བྲིས༔ སྡེ་བརྒྱད་སྔགས་ནི་མདེའུ་ཐུང་༔ མན་ངག་གནད་ཀྱི་རྒྱལ་པོ་ཡིན༔ དེ་ནི་བྱད་བཟློག་མན་ངག་ཡིན༔ དེ་ནི་སྲི་མནན་ལ་སོགས་གོང་དང་མཚུངས༔ གང་དགོས་མིང་གི་ཤམ་བུ་བསྒྱུར༔ དེ་ལྟར་ཡི་གེ་རུས་པ་ལེགས་བྲིས་ལ༔ ལྷ་དང་དབྱེ་བའི་རྫས་རྣམས་བསགས༔ ཁྱི་དང་སྤྱང་ཀི་རིལ་སྐྱག་དང་༔ ཁུལ་སྤུ་ལ་ཆ་གུ་གུལ་དང་༔ ལྷམ་ཚང་ཡུགས་སའི་དོར་རྟ་སོགས༔ ཐང་ཕྲོམ་འབྲས་བུ་ལ་སོགས་པའི༔ དབྱེ་རྫས་བསགས་ལ་ལིངྒ་ནི༔ སྐྱེར་པ་གླང་མ་སེ་ཤིང་སོགས༔ གང་རུང་སྐམ་ཁའི་བར་དུ་ལྟེམ་ལག་གཉིས་བྱ་རོག་འུག་སྒྲོ་སོགས༔ འབྲུ་ནག་ཐོགས་ཏེ་སྔགས་ཆས་སྤྲོད༔ གསེར་སྐྱེམས་གཟུ་དཔང་ལྷ་དབྱེ་བྱེད༔ འགུགས་གཞུག་དགུའམ་གསུམ་རེ་བྱ༔ འགུགས་སྔགས་བརྒྱ་སྟོང་འབོད་པ་ལ༔ རྫས་རྣམས་བདུག་ལ་ཐུན་རྫས་བྲབ༔ རང་གི་དྲི་མས་མ་གོས་ཕྱིར༔ མེ་ཆུ་རླུང་གི་ཁམས་དང་སྦྱརཿ དེ་ཡིས་ཉེས་པ་མི་འབྱུང་ངོ་༔ ལེགས་ལྟེབ་བྱེད་པ་གཞན་དུ་ལས༔ ཚིགས་བཞི་ཕུད་དང་ཁ་རྐུབ་སྤྱད༔ སྔོ་དམར་སྐུད་པ་ཡུགས་སའི་སྐས༔ རྒྱ་གྲམ་བཅིང་ཞིང་ཕུང་རེ་ཡིས༔ རོ་


CMR016_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཞུགས་གཞི་ཕྱག་ལེན་ནོ༔ དེ་ནས་དམ་དུ་དྲིལ་བར་བྱ༔ ཧོམ་ཁུང་ནང་བཅུག་ཁ་བཅད་ནས༔ སྟེང་དུ་ཕུར་པས་རྒྱས་གདབ་བྱ༔ དེ་ལྟར་བཅའ་གཞི་ཀུན་ཚང་སྟེ༔ དང་པོའི་མན་ངག་མངོན་བྱུང་སྟེ༔ དེ་དག་བཅའ་གཞི་ཕྱག་ལེན་ནོ༔ དེ་ནས་འདོན་ལུགས་ཕྱག་ལེན་ནི༔ ལྷ་གཞུང་གཞན་རྣམས་བཏགས་ཀྱང་རུང་༔ འགུ་དྲག་རྟ་མགྲིན་དམར་པོ་སོགས༔ གང་རུང་སོགས་ནས་ཚོགས་ལས་ལྷག་མ་ཡན་བཏང་བའི་རྗེས་སུ་མདོས་རྣམས་བསངས་ཆུས་བྲན༔ ཨོཾ་བཛྲ་ཀྲོ་ཏ་སོགས་ནས་བཟུང་བསྐང་བའི་བར་ཉིད་དུ༔ གྱེར་བྷེ་སྦྲགས་ལ་འདོན་པ་སྟེ༔ སྤྲོ་ན་ཚོགས་བྱས་བསྐང་བཤགས་འདོན༔ དེ་ནི་ཚོགས་ནི་ཉང་ལུགས་གཞུང་ལྟར་བྱེད༔ ཚོགས་ཕུད་གཏོར་བསྔོས་ཆ་ཚང་འདོན༔ བར་པས་བསྐང་བ་གསོས་ལ་བསྐང་འབྲས་འདོན༔ བསྐང་བ་གཞན་དུ་མ་ཡིན་མདོས་ཉིད་ཡིན་བཤགས་པ་འདོན་ཞིང་ཡིག་བརྒྱ་ཚར་མང་བརྗོད༔ དེ་ནས་དམར་བཤོས་བཤམས་ཤིང་བསངས་ཆུས་བྲན༔ བྱིན་རླབས་བསངས་སྦྱངས་ལེགས་པར་བྱས་ནས་ནི༔ མཆོད་གཡོག་པས་ནི་མདའ་དར་གཡས་ན་བཟུང་༔ སྤོས་དུད་བཏང་ཞིང་རོལ་མོ་དྲག་ཏུ་འཁྲོལ༔ མངའ་གསོལ་


CMR016_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཞིང་མདོས་སམ་ནམ་མཁར་ཕུལ༔ དེ་ནས་གཞུང་ལྟར་བཟླས་ཤམ་སྦྱར་བ་བརྒྱའམ་སྟོང་༔ བསྒྲུང་བའི་རྗེས་སུ་གསེར་སྐྱེམས་ཕུད་རྒོད་སྦྲེང་༔ ཧོམ་ཁུང་ཁ་ཕྱེ་ཟན་ལིང་ཆེ་བ་བཞག༔ བསྒྲལ་ཆས་ཐུན་རྫས་མཁོ་བའི་ཡོ་བྱད་བཤམས༔ སྔགས་ཆས་སྤྲད་ལ་ཤིན་ཏུ་ཁྲོ་ཚུལ་སྟོན༔ གཞུང་ལྟར་གཟུ་དཔང་ཧོམ་བསྐྱེད་བཀུག་གཞུག་དང་༔ འགུགས་སྔགས་མཚམས་སུ་གང་ཡིན་མིང་བཙུག་ལ༔ བརྒྱ་སྟོང་ཉེར་གཅིག་དགུ་སོགས་བཟླ་བར་བྱ༔ ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ཆུ་ཡིས་བྲན༔ ཉེས་བསྒྲུག་གཟུ་དཔང་གནང་བ་བསྒྲལ་ལུང་བླང་༔ བྱེ་བྲག་ལྷ་དབྱེ་གཟུ་དཔང་འབྲུ་ནག་བྲབ༔ ཕུར་པ་མངའ་གསོལ་གསུང་བཞིན་ཀླད་ལ་བསྐོརཿ བཟློག་ཕྱིར་སྐྱེད་དང་ཕོ་རྒྱུད་འདུལ་ཕྱིར་གཡས༔ མོ་རྒྱུད་འདུལ་ཕྱིར་གཡོན་དྲིལ་བསྒྲལ་ཕྱིར་ལིངྒར་བཏབ༔ དེ་དག་ལན་རེ་གསུམ་གསུམ་བསྐོར་བ་འདྲིལ༔ ཚེ་ལུང་བྱ་ཞིང་དམིགས་བྱ་དེ༔ ལྷག་མེད་གྱུར་གྱི་འཁོར་བཅས་གསོལ་བར་gཀླུབསམ༔ སྔགས་བསྒྲང་དམིགས་པ་གཟིར་ཞིང་ཐལ་མོ་བརྡབ༔ དེ་ནས་ཡབ་གཅིག་ཐུགས་རྗེ་ཆེན་པོ་སོགས༔ གང་གྲུབ་ཚར་གྲངས་མང་པོ་འདོན༔ འོན་ཀྱང་རྣལ་འབྱོར་རང་གི་


CMR016_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་ལ༔ བསྐང་བ་བརྒྱ་རྩ་བཤགས་པ་བརྒྱ་རྩ་སོགས༔ མངའ་གསོལ་བརྒྱ་རྩ་ལ་སོགས་འབད་པར་བྱ༔ རྐྱེན་ཆགས་ཆེ་ན་བཟློག་པ་དེ་ལ་འབད༔ རབ་ནི་བརྒྱ་རྩ་འབྲིང་ལྔ་བསཿ ཐ་མ་ཉེར་ལྔ་དགུ་སོགས་འདོན་པ་ཡིན༔ རང་དོན་མ་གཏོགས་གཞན་གྱི་དོན་དུ་མིན༔ བྱད་བཟློག་ཡིན་ན་བཟློག་པ་དེ་ལ་འབད༔ གཞན་དག་མགོ་ནས་འབྱུང་བ་བཞིན་ཏུ་འོ༔ གདོན་ཆེན་སོགས་ལ་བརྒྱ་ཚར་འདོན་པ་སྟེ༔ གདོན་ཕྲན་རྣམས་ལ་གསུམ་ཙམ་མ་གཏོགས་པ༔ གྲངས་མང་མི་དགོས་འདོན་པར་མི་རུང་ངོ་༔ དམ་ཉམས་ངན་པའི་བསྲུང་བྱ་མི་རུང་ངོ་༔ སྔགས་དཔུང་བཅའ་བ་གནད་ཀྱི་མན་ངག་ཡིན༔ ཕྲིན་ལས་གང་སྒྲུབ་མ་ནོར་ཤེས་པར་བྱ༔ དེ་ལྟར་བཟློག་པ་རང་གཞུང་མན་ངག་གོ༔ བཟློག་པ་ལྔ་ཡི་མཚམས་སྦྱར་ནི༔ ཐོད་པ་ལྕགས་སྣོད་གང་རུང་ན༔ དམར་གཏོར་ཉ་བོ་ཤ་དུམ་བཤམས༔ གཏོར་སྣོད་ལྕགས་ཁང་གྲུ་གསུམ་འབར་བའི་ནང་དུ༔ དྲྀ་ཏྲི་ལས་དགྲ་བགེགས་ཉམ་ཐག་པའི་གཟུགས་ཅན་མགོན་སྐྱབས་ཀྱི་ལྷ་དང་ཕྲལ་ནས་འདར་ལྡི་ལི་ལི་བྱེད་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པ་དང་༔ དཔལ་ཆེན་རྟ་མགྲིན་ནག་པོའི་


CMR016_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་རྣམས་ཀྱི་བདེན་པ་དང་༔ ལྟས་ངན་གློ་བུར་ཡེ་འདྲོགས་ཐན་བདག་གཏོང་མཁན་དང་བཅས་པ་ཐམས་ཅད་རང་གཟུགས་འདིའི་ནང་དུ་ཁུག་ཅིག༔ ཅེས་དང་༔ གོང་ལྟར་རྨིས་ལྟས་མཚན་མ་ངན་པ་ཐམས་ཅད་རང་གཟུགས་འདིའི་ནང་དུ་ཁུག་ཅིག༔ ལོ་སྐག་ཟླ་སྐག་ཞག་སྐག་སྐག་རིགས་གདོན་རིགས་ཐམས་ཅད༔ ནད་བདག་ཡམས་བདག་རིམས་བདག་ནད་ནད་བདག་གདོན་སྣ་འདྲེན་དང་བཅས་པ་ཐམས་ཅད་རང་གཟུགས་འདིའི་ནང་དུ་ཁུག་ཅིག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ལྟས་ངན་བརྒྱད་ཅུ་རྩ་གཅིག་དུས་མིན་འཆི་བ་བཅོ་བརྒྱད་ལ་སོགས་པའི་གདོན་ཆེན་ཐམས་ཅད་ཁུག་ཅིག༔ སོགས་ཁ་བསྒྱུརཿ སྡེ་བརྒྱད་ཀྱི་སྐབས་སུ་གོང་ལྟར་ལས༔ སྔ་དགྲ་བདར་བ་ཕྱི་དགྲ་སེམས་པ་ད་དགྲ་བསྡོ་བ་བསམ་ངན་སྦྱོར་རྩུབ་སྟོན་པའི་བྱད་ཁ་ཕུར་ཁ་གཏད་ཁྲམ་ངན་སྔགས་ཕུང་ཤིག་བྱེད་པའི་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཁུག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ ཡཀཱ་ནག་པོ་ནི་ཏྲི་ཧུར་ཤྲཱི་ཛཿ གནོད་བྱེད་དགྲ་བགེགས་བླ་སྲོག་རྣམ་པར་ཤེས་པ་རེ་མ་ཏི་འགྲིམ་འགྲི༔ ཤ་མ་རུ་ཏི་ཤྲཱི་ཐུ་མྱོག་མྱོག་ཡད་ཡད་ཤ་མ་རུ་ཏི་ཁུག་ལིང་ཤག་ལིང་མྱོག་ལིང་ཐུ་རྩ་མུན་ཏི་


CMR016_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ ཛཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤོ་ཊ་བི༔ བཛྲ་གནྡྷེ་ཧོ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་གསུམ་མམ་ལྔ་དགུ་སོགས་བཟླས༔ དབྱེ་བ་འབྲུ་ནག་བྲབ་བར་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་དང་ཁྲག་གིས་བྲམཿ བསྒྲལ་བ་ནི༔ ཧཱུྃ༔ ང་ནི་རྟ་མགྲིན་ནག་པོའི་སྐུ༔ པྲ༴ བཀའ༴ གཡས་ཀྱི་ཕྱག་ན་རལ་གྲི་འཛིན༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན༔ ལྕགས་ཀྱུས་ཟུངས་ལ་རལ་གྲིས་གཏུབས༔ རྡུལ་ཕྲན་བཞིན་ཏུ་བརླག་པར་གྱིས༔ ཨོཾ་བཛྲ་ཀྲོ་ཏ་སོགསཿ ཡཀྵ་ནག་པོ་ཀྲྀ་ཏྲི་ཧུར་ཤྲཱི་ཛཿ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མཱ་ར་ཡཱ་ཛ་མཱ་ར་ཡ་ཁུག༔ མཱ་ར་ཡ་རྦད༔ མཱ་ར་ཡ་སོད༔ ཕུར་པས་གཏུབས༔ བདག་མདུན་ཐུགས་ལས་ཛཡིག་དམར་ནག་འཕྲོས༔ སོགས་ནས༔ ཚེ་བསོད་དྲི་ཡིག་བར་ཅད་བརྒྱད་བསྒྲུང་༔ གཏུབས་ནས༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་གཏི་མུག་ཤའི་རི་བོ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་ཞེ་སྡང་རུས་པའི་ཕུང་པོ་བསམ་གྱིས་མི་ཁྱབ་པར་གྱུར༔ བདུད་རྩིའམ་ནི་ཁྲག་གིས་ཁྲོན༔ ཧཱུྃ༔ གནོད་བྱེད་དགྲ་བགེགས་ནད་གདོན་བྱད་མ་ཁ་བསྒྱུར་ལྟས་ངན་གྱི་དོན་སྙིང་རྣམ་ཤེས་དབང་པོ་ལྔ༔ ཕུང་ཁམས་སྐྱེ་མཆེད་ཤ་


CMR016_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་རུས༔ རྟ་མགྲིན་ནག་པོའི་ཞལ༔ ཡཀཱ་ནག་པོའི༴ གནོད་བྱེད་ནག༴ ལྕགས་སྡིག་ནག་པོའི༴ མཁའ་ལྡིང་ནག་པོའི༴ དྲེགས་པ་སྡེ་བརྒྱད༴ རྒྱལ་ཆེན་ཕྱོགས་སྐྱོང༴ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཨོཾ་བཛྲ་ཀྲོ་ཏ་སོགས༔ ཡཀཱ་ཀཱ་ལ་རཱུ་པ་ཡཀྵ་གྷ་རུ་ཌ་རུ་རུ་བྷ་ཤ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་བྱད་མ་ལྷ་སྲུང་ལྟས་ངན་གྱི་མ་ཧཱ་ནཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ གོ་རོ་ཙ་ན་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ ཀེ་ནི་རི་ཏི་ལ་ཁཱ་ཧི༔ གསུམ་མམ་དགུ་སོགས་འབུལ༔ ལྷ་ཚོགས་ཞལ་མེ་ཧོམ་འབར་བའི་ནང་དུ་མར་ལ་ལྕགས་སྲེག་སྦྱར་བ་ལྟར་སོང་བར་བྷེ༔ གང་བཟློག་བཟློག་སྔགས་བརྒྱའམ་དགུ་བཟླས་ཤིང་ཐལ་མོ་བརྡབ་པར་བྱ༔ བྱེ་བྲག་བཟློག་པ་ལྔ་པ་རེ་རེ་ནི༔ དོ་གལ་ཆེ་ན་གྲངས་མང་འདོན༔ གོང་བ་སྲུང་བ་སྤྱི་དྲིལ་ཡིན༔ རེ་རེ་ལ་ཡང་བླང་བར་བྱ༔ འགུགས་སྔགས་བརྒྱ་སྟོང་ཉེར་གཅིག་བྱ༔ གཞན་དང་བསྟུན༔ སྒྲུབ་པ་གང་ཡིན་མིང་རུས་དང་༔ དྲི་མ་ཟག་རྫས་ཡོད་ན་བཟང་༔ གནད་ཀྱི་རྒྱལ་པོ་མན་ངག་ཡིན༔ དགྲ་བགེགས་བྱད་མའི་མིང་རུས་ཤེས༔ མིང་ནས་བརྗོད་པ་བྲི་བར་བྱ༔ ཟངས་ལྕགས་འཁོར་


CMR016_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་བར་དུ་བསྟིམ༔ རྡུལ་ཕྲན་བཞིན་དུ་གཏུབས་པར་བསམ༔ ཐན་བཟློག་ལོཀྟི་པ་ལ་དཔུང་དང་བཅས༔ བྱད་བཟློག་སྔགས་འདི་མདེའུ་ཐུང་༔ གཞན་དུ་གསལ་ལྟར་ཤེས་པར་བྱ༔ དགྲ་བགེགས་བཟློག་པ་སྡེ་བརྒྱད་ཉིད་ལ་འབད༔ སྤྱི་དྲིལ་རང་གཞུང་སྔགས་ལ་འབདེ༔ དགྲ་འདྲེ་བྱད་གསུམ་གང་ཡིན་དེ༔ འགུགས་ཆད་སོགས་དང་བསད་ལས་དུསཿ མིང་ནས་འཛིན་པ་གལ་ཆེའོ༔ གོང་ནས་ལིངྒ་མན་ངག་བཞིནུ༔ འོག་གི་གཤེད་དང་ཤེས་པར་བྱ༔ བསད་དང་བཟློག་དང་མནན་པ་དང་༔ བསྲེགས་པ་ལ་སོགས་གང་སྐབས་བྱ༔ དགྲ་བསྲེག་འདྲེ་མནན་ལག་ལེན་ཡིན༔ མནན་པའི་དུས་སུ་ཁྱི་ཐོད་དམ༔ གཡག་རུ་དང་ནི་རྟ་རྨིག་གམ༔ རབས་ཆད་ཐོད་པར་བཅུག་པར་བྱ༔ ལས་ཀྱི་མཐའ་སྡུད་དུས་སུ་ཅེས༔ དེ་ནས་དགྲ་ལ་བྱེད་ན་བྷནྡྷའི་ཐོད༔ བོན་པོ་ལ་གྲུམ་པ༔ སྐྱེས་པ་ལ་རབས་ཆད༔ བུད་མེད་ལ་མཛོ་དྲེལ༔ ཐོད་པར་བཅུག་པ་མན་ངག་ཡིན༔ དེའི་འགྲོས་སུ་དགོས༔ དེ་ནས་དགྲ་བགེགས་བྱད་མ་ཁོ་ནར་གནད་ཆེ༔ ལིང་གའམ་ནི་གཏོར་ཆུང་གང་ཡིན་ལ༔ ལན་གསུམ་འབོད་རྦད་བསད་ལ་བསྒྲང་༔ མདོས་ལ་ཕུལ་ཞིང་སྔགས་ལ་ནན་ཏན་བྱ༔ སྡེ་བརྒྱད་


CMR016_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་གཞུང་ལྟར་གང་སྐབས་འདོན༔ དེ་ནས་ལྷག་མ་བསྔོས་ལ་མདོས་ཀྱི་ལྕགས་རིར་བླུག༔ རྩང་རྒྱན་འདོན་ཞིང་གོང་བཞིན་སྔགས་རྣམས་བཟླས༔ དེ་ནས་ཞག་གྲངས་གསུམ་མམ་ལྔའམ་བདུན་དགུ་སོགསཿ གང་སྒྲུབ་དེ་བཞིན་མ་ནོར་ཤེས་བཞིན་བྱས༔ ཚར་གྲངས་འདོན་ལུགས་གོང་དུ་སྨོས་བཞིན་བྱ༔ དེ་ནི་གཏོར་ཟློག་བཅའ་འདོན་མན་ངག་སྟེ༔ མ་ནོར་འཁྲུལ་མེད་ཡིན་པས་དེ་ལྟར་མཛོད༔ ༈ དེ་ནས་གཏོར་ཟློག་འབུལ་ཁའི་ལས་རིམ་ནི༔ རི་ཁྱིམ་གང་ཡིན་མདུན་དེར་རེ་ཕྱར་བཏིང་༔ གྲུ་གསུམ་བྲིས་པའི་ལྟེ་བར་ཧྲཱིཿ་ཏྲི་བྲི༔ ཧོམ་ཁུང་ནང་གི་ལིངྒ་གན་རྐྱལ་བཞག༔ ཟན་ལིང་གཅིག་བཞག་ཡོན་བདག་གྲལ་དུ་འཁོད༔ ཕོ་རྣམས་གཡས་གྲོལ་མོ་རྣམས་གཡོན་གྲལ་འདུག༔ ནད་པ་ཡིན་ན་མདོས་ཀྱི་སྣ་དྲངས་འདུག༔ དགྲ་ཆོས་ཡིན་ན་དགྲ་ཆོས་ལག་ལེན་ནི༔ མདའ་གྲི་མདུང་དང་དགྲ་མཁར་བཤམ་པར་བྱ༔ དེའང་ཁྱད་པར་མན་ངག་གནད་ཀྱི་ལྡེའུ་མིག་ཡིན༔ ཉིད་ཙ་ཐུ་ནས་མདའ་བྱ་ཤན་ཀྱའི་མདུང་༔ སེ་ཤིང་མི་རྣམས་གླང་མའི་རྟ་རྣམས་བྱ༔ སྲོམ་པའི་གྲི་ལ་བ་ཤིང་གཞུ་རྣམས་བྱ༔ རང་ཟོག་མ་ཡིན་ལུག་དཔུང་གཡོས་པ་གཅིག༔ ས་ལ་བྱས་


CMR016_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁར་གཟུགས་གཅིག་ཀྱང་བྱ༔ གྲུམ་པའི་ཐོད་པ་ལ་སོགས་གོང་སྨོས་ལྟར༔ གང་འཛོམ་མདོས་གདན་ནང་དུ་བཤམས་པར་བྱ༔ དེ་ནས་གསེར་སྐྱེམས་གདབ་ལས་གོང་བཞིན་འདོན་པ་ལ་གཏོར་ཆུང་བཅུ་གསུམ་ཉ་བོ་ཤ་དུམ་བཤམས༔ འགུགས་གཞུག་ལན་གསུམ་འབོད་རྦད་སྔགས་འདོན་ཞིང་༔ ཁཱ་ཧི་བྱ་ཞིང་འདོད་གསོལ་བརྗོད་པར་དམིགས༔ བསྐུལ་པ་བྱ་ཞིང་གཏོར་ཆུང་མདོས་ནང་ཕུལ༔ དེ་ནས་ཟོར་བཤམས་ཆོས་སྐྱོང་གཏོར་མ་ནི༔ གང་དགོས་རིམ་བཞིན་འབུལ་བའི་ཚུལ་དུ་བྱ༔ མདོས་ཆེན་ཞལ་བསྒྱུར་རོལ་མོ་དྲག་ཏུ་འཁྲོལ༔ གཞུང་གི་གསེར་སྐྱེམས་གཟུ་དཔང་ཧོམ་བསྐྱེད་བྱ༔ ཕུར་པ་མངའ་གསོལ་བར་དུ་འདོན་པ་སྟེ༔ ཧཱུྃ་ང་ནི་ཐུགས་རྗེ་ཆེན་པོའི་སྐུ༔ སོགས༴ དགྲ་ཆོས་འདོན་མའི་དཔལ་སྒྲོན་གསལ་ཚིག་དང་བསྟུན༔ དཔུང་པ་ཆོག་དང་བཅིངས་དང་མི་རྟ་ཕྱེ༔ ཐུན་རྫས་སམ་ནི་དགྲ་སྒྲུབ་རྫས་སོགས་བྲབ༔ ཀྱི་སངས་རྒྱས་ཆོས་སོགས༔ གོང་ལྟར་སྡེ་བརྒྱད་བསྐུལ༔ མཱ་ར་ཡ་སོགས་མཁར་བཤིག་དགྲ་ཡས་བཅགས༔ འབོད་རྦད་བསད་པའི་སྔགས་རྣམས་བསྒྲང་བར་བྱ༔ རྡ་རོ་བསྒྲལ་ན་གོ་ཀ་མ་བྲིས་སོ༔ མཆིས་རབ་བསྟུན་ཏེ་ཉ་བོ་བསྒྲལ་བར་


CMR016_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བྱ༔ ཟོར་སོགས་རང་གཞུང་དེ་ཉིད་ཡིན༔ དེ་ནི་དགྲ་ཆོས་ལག་ལེན་མངོན་ཕྱུངས་ཏེ༔ དེ་མིན་གཞན་ཡང་སྐག་བཟློག་རིམ་གྲོ་དང་༔ ནད་པ་གོ་ཆོད་ཆུང་སྲི་སྨྱོ་འབོག་སོགས༔ གང་ཡིན་ལིངྒའི་གོང་ལྟར་བཤམས་པའི་རྫ་ས༔ གསེར་སྐྱེམས་ཧོམ་བསྐྱེད་བཀུག་གཞུག་ཉུང་བ་བྱ༔ གཏོར་རྫོང་ལྔ་པོ་སོང་ནས་སྒོ་དབྱེ་བྱ༔ སྡེ་བརྒྱད་དགྲ་ཆོས་སོགས་ནི་མི་བྱའོ༔ རིམ་བཞིན་ཟོར་བརྡེག་ཆོས་སྐྱོང་གང་འདོད་བསྐུལ༔ གཏོར་ཆེན་རྩེ་ཡི་ཙཀ་ལི་མདའ་དར་དང་༔ མེ་རི་ལ་སོགས་གཡང་ལེན་ལྟ་བུ་སྟེ༔ ལྷ་ཚོགས་ནམ་མཁར་གཤེགས་ལ་དཔང་པོ་བསམ༔ ནད་པ་ལ་སོགས་གཏོར་རྒྱག་བྱེད་དགོས་ན༔ ཕྲེང་བ་སྲུང་འཁོར་ལ་སོགས་ཕུད་བཅུག་ལ༔ ནད་པའི་རྣམ་ཤེས་ནི་ཡིག་ལྗང་ཁུ་དེ༔ ཚངས་བུག་ནས་ཐོན་རང་ཉིད་ཐུགས་དབུས་ཀྱི༔ ཉི་སྟེང་ཧཱུྃ་ཡིག་ཁོང་པར་གནས་པར་བྷེ༔ ཕུང་པོ་གན་རྐྱལ་གནས་པའི་སྙིང་ཁ་རུ༔ ཧོམ་ཁུང་གྲུ་གསུམ་འཇིགས་ཤིང་ཡངས་པའི་ནང་༔ ནད་བདག་གདོན་བཅས་བཀུག་ཅིང་བསྟིམས༔ ལར་ཡང་ནད་པའི་ཁམས་དང་བསྟུན་ཏེ་དགྲ་གཤེད་སྤྱད༔ མེ་གཟའ་ཚ་བ་གག་ལྷོག་གཉན་ནད་ལ༔ ཆུ་བོ་རྦ་རླབས་འཁྲུགས་སར་བརླག་


CMR016_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ༔ དེ་ཡིས་འགྲེས་ཏེ་ཀུན་ལ་ཤེས་པར་བྱ༔ ཆོས་སྐྱོང་གཏོར་མ་མཇུག་ནས་བསྐུལ་ཞིང་རྒྱབ༔ ཟོར་ནི་གྲལ་ནས་ལག་འགྲིམ་ཐ་མར་རང་གིས་བླང་༔ རྐྱེན་ངན་བར་ཆད་ནད་གདོན་ཚོགས་རྣམས་ཀུན༔ འབ་བསྡུས་ཁབ་ལེན་ལྕགས་ཕྱེ་བསྡུས་པ་ཡིས༔ ལྕགས་སྲེག་སོ་ལ་སྦྲང་བུ་འབྱར་བ་ལྟར༔ རིམ་བཞིན་གང་ཡིན་དངོས་པོ་དེ་ལ་ཐིམ༔ དེ་ནས་གཏོར་ཆེན་བཏེག་ལ་དམ་བདེར་བཞེས་ཀྱིས་རྫོགསཿ ནད་པ་ཁོ་ནར་བསྐང་མཇུག་འདོད་གསོལ་བྱ༔ རྦད་བརྒྱད་བསྒྲུངས་ཤིང་ཐུན་སོགས་ནས་ཀྱིས་བྲབ༔ ཡང་ན་གཏོར་ཆེན་བཏེག་ལ་གྲལ་འགྲིམས་མགོ་ལ་བཞག༔ དབང་འབྲེལ་མེད་ན་ཕྲག་གོང་སྙིང་ཁར་གཏུགསཿ ཟོར་གྱི་དམིགས་པ་དེ་ཉིད་བྱས་པས་ཆོག༔ དེ་ནས་མན་ངག་ཟབ་པའི་ཡང་ཟབ་ཡིན། གཏོར་ཆེན་མེ་ཐབ་ལ་སོགས་བསྲེགས་པ་ནི༔ སྐྱེར་ནག་མེ་མཁར་གྲུ་གསུམ་བརྩེགས་ནས་ནི༔ ལྷ་ཚོགས་བསྐྱེད་ལ་སྤྱན་འདྲེན་བཞུགས་གསོལ་མཆོད་གཏོར་མཚམས་སུ༔ རིམ་བཞིན་གཏོར་མ་འགུགས་གཞུག་སྔགས་ཀྱིས་ཕུལ༔ གང་ཡིན་ཕུང་ཁམས་སྐྱེ་མཆེད་ཤ་ཁྲག་རུས༔ ལྷ་ཚོགས་ཞལ་ནི་མེ་ཧོམ་ཡངས་པའི་ནང་༔ བྱ་སྒྲོ་མེས་བསྲེགས་ལྟ་བུར་སོང་བར་


CMR016_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བསམ༔ བསད་སྔགས་དུས་སུ་བརྗོད་ཅིང་འབུལ་བར་བྱ༔ ཐན་སོགས་གང་ཡིན་ཟགས་རྫས་ཡོད་ན་བཏབ༔ མེད་ཀྱང་ཤོག་ལིང་ཟན་ལིང་རོ་རྣམས་བསྲེགས༔ མན་ངག་འབྲས་བུ་སྐབས་སུ་ཞལ་དུ་ཤེས༔ དེ་ནས་གཏང་རག་གཏོར་ཆུང་བདུད་རྩིས་བྲན༔ བསྟོད་བསྐུལ་འདོན་ལ་མེ་ཧོམ་ནང་དུ་འབུལ༔ དགྱེས་པས་ཞལ་བསྟབ་གསུང་བྱུང་རྟ་སྐད་སྒྲོག༔ བསམ་ཞིང་དམིགས་མེད་ངང་དུ་གནས་པར་བཞག༔ དེ་ནས་གཏོར་གཞོང་སྦུབ་ལ་སྒབ་འདྲེ་བཀུག༔ སྒོ་ཐེམ་འོག་གམ་གང་རུང་སྦྱབ་པར་བྱ༔ བཀུག་གཞུག་བྱ་ཞིང་ལྷོརྟ་བྲོ་གཞུང་བཞིན་བྱ༔ གོང་སྨོས་གང་ཡིན་ལིངྒ་དགྲ་ཡས་སོགས༔ མནན་རྒྱུ་ཡིན་ན་ཐོད་པ་ལ་སོགས་སུ༔ བཅུག་ལ་ཐེམ་འོག་རྒྱ་གྲམ་ཚ་ཁང་མ་ཎི་ཞབས༔ ལྷ་འདྲེ་དྲག་པོ་གནས་པའི་ས་རུ་སྐྱེལ༔ གྲུ་གསུམ་བྲུས་ལ་ལིངྒ་དགྲ་ཡས་མནན༔ འགུགས་གཞུག་འགུགས་སྔགས་རྟ་བྲོ་གཞུང་ལྟར་དང་༔ དགྲ་བོ་ཡིན་ན་དགྲ་མནན་འདོན་པར་བྱ༔ གཞན་ཡང་གང་ཡིན་དེ་བཞིན་ཤེས་པར་བྱ༔ དེ་ལྟར་མིན་ན་གཏོར་གཞོང་ཡར་ཟེད་ལ༔ ནས་སོགས་འཐོར་ཞིང་ལྷ་རྒྱལ་ལོ་སོགས་བརྗོད༔ རི་འབུལ་ཡིན་ན་གཞན་རྣམས་སྔོན་བཏང་རང་


CMR016_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྒྱབ་འདུག་དལ་བཟུང་ཁྱུང་དམིགས་བྱ༔ ཁྱུང་སྔགས་འདོན་ཞིང་བྱ་ཁྱུང་དམར་པོར་བསམ༔ ཕྱིར་གྱུ་སྒབ་འདྲེ་བསྐུད་དམ་ཟོས་པར་བསམ༔ ནང་ལོག་གཏང་རག་ཚོགས་དང་བསྐང་བ་མངའ་གསོལ་བྱ༔ ཚེ་གཟུངས་ཚེ་འགུགས་ཚེ་དབང་བསྐུར་ཀྱང་རུང་༔ ནད་པའི་ཕྲེང་བ་སྲུང་འཁོར་གྱོན་བཅུག་ལ༔ ཕྲེང་བ་མགོར་བཞག་ནི་ཡིག་ཚངས་བུག་ནསཿ ཞོ་བླུག་ཚུལ་དུ་ཐིམ་ཞིང་བཀྲག་མདངས་རྒྱས༔ རྡོ་རྗེའི་གོ་ཁྲབ་ཞུ་ལུབ་གྱོན་པར་བསམ༔ བཀྲ་ཤིས་བསྔོ་སྨོན་ལ་སོགས་རྒྱས་པར་བྱ༔ དམིགས་མེད་ཀ་དག་ཟང་ཐལ་ཀློང་དུ་བཞག༔ དེ་ལྟར་བྱས་ན་བྱང་ཆུབ་ལམ་མཆོག་བརྙེས༔ ང་རྒྱལ་དྲེགས་པའི་ལས་ལ་ཅི་མ་ཆོད༔ ཅེས་པ་རྟ་མགྲིན་ཡང་ཕྱུང་ནག་པོ་ལས་རིམ་བདུན་མའི་ཉམས་སུ་ལེན་ཚུལ་ཕྱག་ལེན་འདོན་ཆ་དགྲ་ཆོས་གང་དགོས་སྐབས་སུ་ཕྱེ་ནས་རྒྱས་པར་བསྒྲིགས་པ་ཡིན་གྱིས་ཉམས་སུ་ལེན་ངེས་ཀྱི་བུ་མ་གཏོགས་རིས་ཆོད་གཟུ་ལུམ་ང་རྒྱལ་གྱི་ཞལ་ནས་རྐང་འདྲེན་གནོང་ཅན་རྣམས་ལ་གསང་རྒྱའོ༔ འདི་ཡང་བཅའ་འདོན་སོགས་ལས་ཚོགས་བཅས་པ་ཤིན་ཏུ་བཀའ་གཉན་པས༔ བསྙེན་སྒྲུབ་ཚད་དུ་བསྐྱལ་བ་མ་གཏོགས་མི་རུང་ཞིང་༔ བྱས་ཀྱང་མི་ཕན་རང་ལ་གནོད་ཅིང་


CMR016_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པའོ༔ དེ་ལྟར་མཛད་པ་ཉམས་སུ་ལོངས༔ དཔེའུ་རིས་དང་ཟིན་བྲིས་འདི་མཆོག་ཏུ་གཅེསཿ མེད་ཀྱང་བལྟས་ཆོག་རིམ་གྲོ་སོགས་ལ་འགལ་བ་མེདཿ ཅེས་མན་ངག་སྙིང་དང་འདྲ་བ་ཡིན་གྱིས་སྙིང་གི་བུ་མཆོག་བྱུང་བ་སྙིང་འདྲ་བ་ལ་འདི་ཉིད་བསྟན་ནས༔ གཞན་གྱི་ལས་ཚོགས་གང་ལའང་༔ འདི་ཉིད་མེད་ཐབས་མེད་པ་ལག་རྡུམ་བྲག་ལ་འཛེགས་པ་དང་འདྲ་བ་ཡིན༔ དགེ་སློང་རཱ་གའི་མིང་ཅན་མན་ངག་བྱུང་༔ དེ་ཕྱིར་རང་ལ་རེ་ལྟོས་ཉམ་ཆུང་ལ༔ རེ་བ་བཀང་ནས་རེ་དོགས་བྲལ་བའི་ཕྱིར༔ རེ་ལྟོས་རྗེས་འཛིན་རེ་བ་ཉམ་གྱིས་བསྒྲིགས༔ ཉེས་འགལ་མཆིས་ན་རྩ་གསུམ་ཆོས་སྐྱོང་དང་༔ རྟ་མགྲིན་ལྕགས་རལ་འཁོར་བཅས་ཉིད་ལ་བཤགས༔ དགེ་བས་འདི་བྲིས་སེམས་ཅན་མ་ལུས་པ༔ བདེ་ཆེན་ཞིང་བགྲོད་དབང་ཆེན་ཉིད་ཐོབ་ནས༔ སྤྲུལ་པས་འགྲོ་བ་དོན་ཆེན་འགྲུབ་ཕྱིར་བསྔོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ བདག་གི་ནད་གདོན་བར་ཆད་འཇོམས་པ་དང་༔ དུས་རྣམས་ཀུན་ཏུ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ བཀྲ་ཤིས་བདེ་ལེགས་འབྱུང་བར་བྱིན་གྱིས་རློབས༔ སརྦ་མངྒ་ལཾ།།


CMR016_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousལས་རིམ་བདུན་མའི་ཟིན་བྲིས་མཐོང་གསལ་མེ་ལོང་།next