Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གཏེར་ཁ་གོང་འོག་གི་གཏོར་ཟློག་བཅའ་འདོན་མན་ངག་གི་ཟིན་བྲིས་བལྟས་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གཏེར་ཁ་གོང་འོག་གི་གཏོར་ཟློག་བཅའ་འདོན་མན་ངག་གི་ཟིན་བྲིས་བལྟས་ཆོགnext

དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གཏེར་ཁ་གོང་འོག་གི་གཏོར་ཟློག་བཅའ་འདོན་མན་ངག་གི་ཟིན་བྲིས་བལྟས་ཆོག


CMR016_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གཏེར་ཁ་གོང་འོག་གི་གཏོར་ཟློག་བཅའ་འདོན་མན་ངག་གི་ཟིན་བྲིས་བལྟས་ཆོག་བཞུགས་སོ།།


CMR016_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྷི་ཝ་ཡེ། རྟ་མགྲིན་གཏོར་ཟློག་ཟིན་བྲིས་ནི། །ལྕགས་སྣོད་ནང་དུ་འཇིམ་ཞལ་སྟེང་། །འཁོར་ལོ་རྩིབས་བཞི་དེ་ཡི་རྒྱབ། །རྩིབས་བརྒྱད་བྲི་སྟེ་ནག་པོ་བྱ། །དབུས་དང་རྩིབས་ནི་རེ་རེ་ལ། །ཁྲུབ་ཁུང་བྲུས་ནང་ཟན་ལིང་བཞག །བསྡུ་ན་རྩིབས་སོགས་མེད་ཀྱང་ཆོག །དམར་གཏོར་ཆེ་བ་གཅིག་ལ་ནི། །རྩང་ནི་ཉི་ཤུ་རྩ་བརྒྱད་བཙུགས། །དེ་རྒྱབ་དམར་གཏོར་ཆུང་བ་བཞི། །རྩང་ནི་བདུན་རེ་དེ་ཡི་རྒྱབ། །སྡེ་བརྒྱད་བཤོས་བུའམ་དམར་གཏོར་བརྒྱད། །རེ་རེར་རྩང་ནི་གསུམ་རེའོ། །དེ་རྒྱབ་རྩང་རིང་ཉེར་བརྒྱད་བསྐོར། །རྩེ་ལ་ཁྱུང་གི་ཙཀླུ་


CMR016_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དར་ནག་གདུགས་ནི་འབུབ་པར་བྱ། །གཏོར་མ་རྣམས་ལ་ཤ་དང་ནི། །ལིང་མགོ་ཐུར་བསྟན་པ་བཙུགས། །གཏོར་ཆུང་ཟན་ལིང་མང་དུ་བསགས། །བླ་མ་ཡི་དམ་ལས་གཞུང་བསྲང་། །དེ་ནས་བདག་བསྐྱེད་ཉང་ལུགས་སམ། །རཏྣ་ལུགས་ཀྱི་རྟ་མགྲིན་བསྒོམ། །མདུན་བསྐྱེད་རྟ་ནག་ཉང་ལུགས་ནི། །གཙོ་འཁོར་ལྔ་དང་དེ་ཡི་རྒྱབ། །སྡེ་བརྒྱད་བསྐོར་བ་གཞུང་ལྟར་བསྐྱེད། །སྤྱན་འདྲེན་མཆོད་བསྟོད་ཉིང་ལུགས་ལྟར། །རང་གི་ཐུགས་ཀའི་སྔགས་འཁོར་ལས། །འོད་ཟེར་སྔགས་ཕྲེང་མདུན་བསྐྱེད་ཞལ། །ཐུགས་ཀར་བརྒྱུད་དེ་ལྟེ་བ་


CMR016_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ནས་། །ཚུར་བྱུང་རང་གི་ལྟེ་བ་ནས། །ཐུགས་ཀར་བསྟིམ་པའི་སྔགས་ཕྲེང་ལས། །མེ་དཔུང་ཚྭ་ཚྭ་འཕྲོས་པ་ཡིས། །གནོད་བྱེད་ཐམས་ཅད་ཚར་བཅད་བསམ། །ཉང་ལུགས་རྩ་སྔགས་བསྙེན་པ་དང་། །རྗོད་བརྒྱད་ཅུང་ཟད་བཟླས་པའི་རྗེས། །ལས་རིམ་བདུན་པའི་གཞུང་ལྟར་དུ། །སྤྱན་འདྲེན་མཆོད་བསྟོད་མངའ་གསོལ་དང་། །བསྐང་བ་ལ་སོགས་གཞུང་ལྟར་བཏང་། །དེ་ནས་ལིང་བསྐྱེད་ཆོག་དང་། །འགུགས་གཞུག་བསྒྲལ་ལས་ཉིང་ལུགས་ལྟར། །ལིང་རོ་བསྟབ་ལ་བཟློག་པ་འདོན། །གཏོར་ཆུང་རེ་བྲན་གཙོ་བོ་དང་། །འཁོར་གསུམ་བསྐུལ་པ་རེ་རེ་དང་། །བཅས་ཏེ་གཏོར་ཆུང་རེ་རེ་འབུལ། །བཟློག་པ་ཡིན་ན་སྡེ་བརྒྱད་ནི། །གོ་ཆ་ཅན་གྱི་བསྐུལ་རེ་དང་། །བཅས་ཏེ་སོ་སོར་གཏོར་ཆུང་འབུལ། །དགྲ་ཆོས་ཡིན་ན་སྡེ་བརྒྱད་ཀྱི། །བསྐུལ་པ་གོ་ཆ་མེད་པ་ཅན། །རེ་རེའི་བསྐུལ་རེར་གཏོར་ཆུང་འབུལ། །དེ་ནས་གཞུང་གི་དགྲ་ཆོས་འདོན། །དེ་ནས་རྩང་གྱེར་གཞུང་ལྟར་འདོན། །ཐན་བྱུང་ན་ནི་ཐན་བཟློག་ནི། །ཉང་ལུགས་གཞུང་ལྟར་འདོན་པར་བྱ། །ཐུན་མཚམས་མདུན་བསྐྱེད་གཙོ་འཁོར་ལས། །སྤྲུལ་པ་ཡང་སྤྲུལ་ཁྲོ་ཁྱུང་ཚོགས། །དཔག་མེད་འཕྲོས་པས་


CMR016_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་རྣམས། །བསྐད་དང་བསད་པའི་དམིགས་པ་བཅས། །རྩ་སྔགས་བསྙེན་ཅིང་རྦད་བརྒྱུད་ཀྱང་། །ཅུང་ཟད་བསྙེན་པ་མན་ངག་གོ །གལ་ཆུང་འཇམ་པར་འདོད་ན་ནི། །སྡེ་བརྒྱད་བསྐུལ་པ་མི་འདོན་ནོ། །དེ་ལྟར་ཞག་གྲངས་གསུམ་ལྔ་བདུན། །དེ་ནས་རང་གཞུང་གསེར་སྐྱེམས་དང་། །སྒོ་དབྱེ་བྱས་ལ་མདོས་ཞལ་བསྒྱུར། །སླ་ངའི་ནང་དུ་ཤོག་ལིང་ངམ། །ཟན་ལིང་བཞག་ལ་བཀུག་གཞུག་བྱས། །སྡེ་བརྒྱད་སོ་སོའི་བསྐུལ་རེ་དང་། །བཅས་ཏེ་གཏོར་མ་ལིངྒར་རྒྱོབ། །དེ་ནས་གཙོ་འཁོར་ལྔ་པོ་ཡི། །གནོད་སྦྱིན་ཡཀཱ་སྡིག་པ་ཁྱུང་། །བསྐུལ་རེ་དང་བཅས་རེ་རེ་བརྒྱབ། །ཁྱུང་སྡིག་བསྐུལ་ལ་སྔགས་རིང་ནི། །འདོན་ཞིང་རྒྱབ་སྟེ་ཡང་ན་ནི། །ཆོས་དབང་ལུགས་ཀྱི་ཁྱུང་སྡིག་སབ། །སྤྲོ་ན་རཏྣ་པད་གླིང་གི །ལྟུང་སྡིག་བསྐུལ་པ་སབ་ཀྱང་རུང་། །དེ་ནས་གཙོ་བོའི་བསྟོད་བསྐུལ་བཅས། །གཙོ་བོའི་གཏོར་མར་མེ་རུ་བཙུགས། །སྣོད་ཏུ་བཞག་ལ་སྦྱིན་བདག་གི །མགོ་འམ་ཕྲག་པའི་གོང་དུ་འགྲིམ། །དེ་ནས་མཆོད་གཡོག་པས་བཀྱག་སྟེ། །བཟློག་པའམ་བཟློག་ཐུང་བཞེས་འབོད་བཅས། །མེ་ཧོམ་ནང་དུ་འབུལ་བར་བྱ། །ཟོར་


CMR016_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཐམས་ཅད་མེ་ལ་བསྲེགས། །གཏོར་སྣོད་སྒྲུབ་ལ་རྟ་བྲོ་བརྡུང་། །དེ་ནུབ་རྗེས་ཆོག་གཏང་རག་གི །རྟ་མགྲིན་མཆོད་བསྟོད་བསྡུས་པ་བྱ། །དེ་རྣམས་ཉང་ལུགས་ཕྱག་ལེན་ནོ།།་༈ ཨེ་མ་ཧོ། །གཞུང་ནས་བསྲེ་བསླད་མ་གསུངས་ཀྱང་། །སྔགས་རྒན་འགའ་རེའི་ཕྱག་སྲོལ་ལྟར། །རཏྣ་གླིང་གི་རྟ་ནག་ལུགས། །བཅའ་ཚོགས་གོང་དང་མཐུན་པ་ལ། །དམར་གཏོར་རྩང་བཅས་གཙོ་འཁོར་ལྔ། །དེ་རྒྱབ་མཐེབ་སྐྱུ་བརྒྱད་བཞག་གོ །དེ་རྒྱབ་རྩང་གིས་བསྐོར་བྱས་ལ། །བདག་མདུན་གཉིས་ཀ་ལྷ་ལྔ་བསྒོམ། །དེ་ནས་ལིངྒ་བསྒྲལ་ཆོག་ནི། །རང་གིས་གང་བདེ་སྦྱར་བྱས་ལ། །ལིང་རོ་མདོས་ཀྱི་ཞལ་དུ་བསྟབ། །དེ་ནས་བཟློག་གཞུང་ཉང་ལུགས་སྦྱར། །ཉང་ལུགས་ལས་རིམ་བདུན་མ་ནི། །མཐར་ཆགས་བཏོན་ཀྱང་འགལ་བ་མེད། །ཐུན་མཚམས་བསྙེན་པ་རྦད་བརྒྱད་བཟླས། །དེ་ནས་གསེར་སྐྱེམས་སྒོ་དབྱེ་ནི། །མཚོན་ཆ་འཁོར་ལོ་སབ་པར་རུང་། །ཕྱི་རུ་འབུལ་ལམ་གཏོར་ཁ་སྟོན། །གང་འདོད་སྤྱི་མཐུན་བྱ་བར་རུང་། །སྡེ་བརྒྱད་སྦྱར་ན་རྩུབ་ཅིང་གཉན། །མི་སྦྱར་བསྐང་བཟློག་ཚར་མང་འདོན། །ཐུན་མཚམས་བསྙེན་པ་མང་དུ་བྱ། །གཏོར་སྒྲུབ་


CMR016_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་བསྙེན་པར་འགྲོ། །མང་དུ་བྱས་ཀྱང་བྱིན་རླབས་ཆེ། །སྔགས་རིང་མང་ན་ཟབ་ཅིང་གཉན། །གཏོར་ཟློག་བརྒྱ་རྩ་གཉིས་པོ་ཡི། །འགྲིག་ཆོག་བདག་གིས་བསྒྲིགས་པ་ཡི། །དཔེ་ཆ་ཡོད་ཀྱང་འདིར་མ་མཆིས། །གོ་བའི་བུ་ལ་བརྡའ་ཡིས་ཆོག །ཧ་ཁོག་གོ་ལ་གང་བྱས་བདེ། །སྔགས་འཆང་དབང་དྲག་ཅེས་བྱ་ཡི། །ངོ་མ་ཆོག་པར་འཕྲལ་དུ་བྲིས། །རྒྱས་པར་བྲི་བར་མ་ཁོམ་ཡང་། །རྩ་ཚིག་འདི་ལ་མ་འདུས་མེད། །དེ་སྐད་འཕྲལ་དུ་རྣལ་འབྱོར་པ། །རཱ་ག་ཨ་སྱས་རེག་ཟིན་བྱས། །འགལ་མཆིས་བཤགས་ཤིང་དགེ་མཆིས་ན། །བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །མངྒ་ལཾ། །རྟ་མགྲིན་བཟློག་པའི་ཟིན་བྲིས་འདི། །ཆགས་མེད་རིན་པོ་ཆེའི་ཕྱག་བྲིས་ལས་བཤུས་ཏེ་དཔེ་འདི་ཀ་རང་ལགས་སོ། །ཞེས་པ་གནས་མདོ་སངས་རྒྱས་རིན་པོ་ཆེའི་ཕྱག་བྲིས་ངོ་མའི་བུ་དཔེ་འདི་ཀའོ་ཀརྨ་ཉི་མས་གསུང་པའི་བུ་འདི་ཤིན་ཏུ་དག །སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གཏེར་ཁ་གོང་འོག་གི་གཏོར་ཟློག་བཅའ་འདོན་མན་ངག་གི་ཟིན་བྲིས་བལྟས་ཆོགnext