Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
དཔལ་རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་ནཱ་ག་ཀླུ་འདུལ་དཔའ་བོ་ལྷ་ལྔར་གྲགས་པའི་བསྐྱེད་རྫོགས་ཀྱི་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་ནཱ་ག་ཀླུ་འདུལ་དཔའ་བོ་ལྷ་ལྔར་གྲགས་པའི་བསྐྱེད་རྫོགས་ཀྱི་ཞལ་ཤེས།next

དཔལ་རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་ནཱ་ག་ཀླུ་འདུལ་དཔའ་བོ་ལྷ་ལྔར་གྲགས་པའི་བསྐྱེད་རྫོགས་ཀྱི་ཞལ་ཤེས།


CMR016_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་ནཱ་ག་ཀླུ་འདུལ་དཔའ་བོ་ལྷ་ལྔར་གྲགས་པའི་བསྐྱེད་རྫོགས་ཀྱི་ཞལ་ཤེས་བཞུགས་སོ༔


CMR016_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ འདིར་རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་མན་ངག་ཞལ་ཤེས་ཅུང་ཟད་བྲི་ན༔ མཁའ་འགྲོ་དང་གཏེར་སྲུང་རྣམས་ཀྱིས་ཐུགས་བརྩེ་བས་རྗེས་སུ་གནང་བར་མཛད་དུ་གསོལ༔ དེ་ཡང་གཞུང་གི་ཡིག་ཆུང་ལས༔ ངེས་པར་མཛེ་འདོན་ན་སྔགས་བཟླ་བ་རྫས་ཀྱི་སྒྲུབ་པ་སོགས༔ གཙོ་བོ་བླ་མའི་ཞལ་ཤེས་དང་ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར་བྱ་དགོས་སོ༔ ཞེས་གསུངས་པས༔ ཞལ་ཤེས་ལ༔ བསྐྱེད་རིམ་ཞལ་ཤེས༔ རྫོགས་རིམ་ཞལ་ཤེས༔ སྔགས་བཟླ་ལུགས་ཀྱི་ཞལ་ཤེས༔ ཐུན་མཚམས་ཀྱི་ཞལ་ཤེས༔


CMR016_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་རྟགས་ཀྱི་ཞལ་ཤེས༔ རྫས་སྦྱོར་གྱི་ཞལ་ཤེས༔ ལས་ཚོགས་ཀྱི་ཞལ་ཤེས༔ དབང་བསྐུར་གྱི་ཞལ་ཤེསརྒྱུད་བསྙེན་གྱི་ཞལ་ཤེས་དང་དགུ་ལས༔ དང་པོ་ལའང་གསུམ་སྟེ༔ བསྐྱེད་ལུགས༔ སྲུང་འཁོར༔ ཡེ་ཤེས་ལྔའི་དབང་བསྐུར་ལུགས་སོ༔ ༈ དང་པོ་ནི་འདིའི་བསྐྱེད་ལུགས་ལ༔ བདག་མདུན་རྣམས་འཇུག་པ་གཅིག་པའི་ལུགས་ཤིག་ཡིན་ལ༔ བདག་མདུན་འཇུག་པ་གཅིག་པ་འདི་ལ་ལུགས་གསུམ་ཡོད་དེ༔ མངོན་རྟོགས་ཚར་གཅིག་གིས་བདག་བསྐྱེད་མདུན་བསྐྱེད་བུམ་བསྐྱེད་གསུམ་ཀ་དུས་གཅིག་ལ་བསྐྱེད་པའི་ལུགས་དང་༔ བདག་བསྐྱེད་ཚང་


CMR016_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་ནས་ཐུན་བསྡུ་ཚར་བ་དང་༔ སླར་རང་ཉིད་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་འཁོར་བསྒོམས་ནས་མདུན་བསྐྱེད་འདོན་ཅིང་༔ རང་གི་ཐུགས་ཀ་ནས་གཙོ་བོའི་སྐུ་ཆུང་ངུ་ཞིག་སྤྲུལ་ནས༔ ཤར་སྒོའི་དྲུང་དུ་འཁོད་ནས་མཆོད་བསྟོད་སོགས་བྱེད་པར་བསམ་པའི་ལུགས་ཤིག་དང་༔ ཡང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བུམ་པ་སོགས་སྒྲུབ་རྫས་རྣམས་རང་ཉིད་ཀྱི་དཀྱིལ་འཁོར་བསྒོམ་པའི་དམིགས་རྟེན་ཙམ་ཡིན་པས༔ ཐོག་མ་ནས་རང་དང་སྒྲུབ་རྫས་གཏོར་མ་དཀྱིལ་འཁོར་རྣམས་དབྱེར་མེད་པར་བདག་ཉིད་ལྷ་ཡི་དཀྱིལ་འཁོར་དུ་བསྒོམ་པའི་ལུགས་དང་༔ ལུགས་གསུམ་ལས་འདི་ནི་ལུགས་རྒྱབ་མ་འདི་ཡིན་ནོ༔ རྙིང་མ་བདག་མདུན་ཐ་མི་དད་པ་ཡིན་ཟེར་མཁན་མང་སྟེ་དབྱེ་བ་ཤེས་མཁན་ཉུང་༔ རྙིང་མ་ཐམས་ཅད་དེ་ལྟ་བུ་མིན༔ གསར་རྙིང་ཐམས་ཅད་འདྲ་བར་བདག་མདུན་སོ་སོ་བ་དང་༔ ཐོ་མི་དད་པ་རིགས་གསུམ་གང་ཡང་ཡོད་དོ༔ དེ་ནས་བསྐྱེད་ལུགས་ཀྱི་ཞལ་ཤེས་སོ༔ ཨྠྀི། ༈ གཉིས་པ་ནི༔ གནམ་ལྕགས་རལ་པས་སྟོང་ཁམས་མུན་ལྟར་གཏིབས༔ ཞེས་གསུངས་པ་ལྟར༔ རང་ཉིད་རྟ་མགྲིན་གྱི་དབུ་སྐྲ་གནམ་ལྕགས་ཀྱི་རལ་པ་ཕྱེད་སྤྱི་བོར་ཐོར་ཅོག་ཏུ་


CMR016_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་ཤིང་༔ ལྷག་མ་ཟར་བུ་ཐུར་དུ་གྲོལ་བས་སྐུ་རྒྱབ་ཁེབས་ཤིང་རྟིང་རྩེར་བསླེབས་ནས་ཡོད་པ༔ ཟར་བུ་དེ་དྲག་ཏུ་སྤྲུགས་པས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་ནམ་མཁའ་བར་སྣང་གང་སྟེ་མུན་ལྟར་གཏིབས་ཤིང་༔ དབུ་སྐྲ་དེའི་གསེབ་ནས་རང་འདྲ་བའི་ཁྲོ་བོའི་སྐུ་ཆུང་ལ་ཡན་ལག་དོད་པ་བསམ་གྱིས་མི་ཁྱབ་པ་དཔེར་ན་མུན་ནག་ནང་གི་ནམ་མཁའ་ལ་སྐར་ཚོགས་རབ་ཏུ་འཁྲུགས་པ་ལྟ་བུ་དཔག་ཏུ་མེད་པ་སེར་རྒོད་བབས་པ་ལྟར་འཕྲོས་ནས༔ རང་ལ་གང་གནོད་པའི་དགྲ་བགེགས་རྒྱལ་བསེན་ཀླུ་གདོན་བྱད་མ་ཆོད་གཏོང་ཐམས་ཅད་བསད་གཏུབ༔ ཤ་ཁྲག་ཞལ་དུ་གསོལ༔ ལྷག་མ་འགའ་ཞིག་བྱ་སྤུ་རླུང་གིས་གཏོར་བ་ལྟར༔ སྟོང་གསུམ་ནམ་མཁའི་ཕ་མཐར་བསྐྲད༔ ཁྲོ་ཆུང་ཐམས་ཅད་ཚུར་འདུས་པ་ལས༔ ཁྲོ་ཆུང་དཀར་པོ་བྱེ་བ་དུང་ཕྱུར་གྲངས་མེད་པས་ཞལ་ནང་དུ་རྒྱུ་ནས་བསྲུང་བའི་ལས་མཛད་པའི་གུར་ཁང་༔ དེའི་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་ཆུང་ནག་པོ་ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་པའི་གུར་ཁང་༔ དེའི་ཕྱི་རོལ་དུ་རྡོ་རྗེའི་གུར་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་སྟེང་འོག་ཐམས་ཅད་རྡོ་རྗེ་སྔོན་པོ་སྟེ༔ འོག་ཐམས་


CMR016_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྡོ་རྗེའི་ས་གཞི་ལྟ་བུ༔ སྟེང་ཐམས་ཅད་རྡོ་རྗེའི་གུར་ཕུབ་པ་ལྟ་བུ༔ ལོགས་ཐམས་ཅད་རྡོ་རྗེའི་བརྩིགས་པ་ལྟ་བུ༔ བར་མཚམས་སུ་ཡང་རྡོ་རྗེའི་ཕྲ་མོས་བསྡམས་ནས་རླུང་ཡང་རྒྱུ་བའི་སྐབས་མེད་པར་བསྒོམ༔ དེའི་ཕྱི་རོལ་དུ་འཁོར་ལོའི་གུར་བླ་བྲེ་དྲུ་བ་ར་བ༔ འཁོར་ལོ་ཆུང་ངུ་མང་པོ་སོ་འཐབ་ཅིང་འཁོར་བ་ཡིན་ལ༔ ཡང་འཁོར་ལོ་གུར་ཐབས་རྩིབས་སྟོང་དང་ལྡན་པ་ཞིག་བསྒོམ་པའི་ལུགས་ཡོད་ཀྱང་འདིར་ནི་དེ་མ་ཡིན་ནོ༔ དེའི་ཕྱི་རོལ་དུ་རལ་གྲི་རྩེ་མོ་ཕྱིར་བསྟན་པ་ཡུ་བ་ནི་ནང་དུ་བསྟན་པ་སྟེ༔ སྟེང་འོག་གི་ཡུ་བ་རྡོ་རྗེ༔ ཤར་དུ་འཁོར་ལོ༔ ལྷོ་ཐམས་ཅད་རིན་པོ་ཆེ༔ ནུབ་ཐམས་ཅད་པདྨ༔ བྱང་ཐམས་ཅད་རྒྱ་གྲམ་གྱི་ཡུ་བ་ཅན༔ རྣོ་ཞིང་རེག་ན་མི་བཟོད་པ་རླུང་གི་སྤུ་གྲི་རེག་གཅོད་ལྟ་བུའི་གུར་ཁང་༔ དེའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་གུར་བླ་རེ་དྲྭ་བ་རྭ་བ༔ དེའི་ཕྱི་ལ་ཕུར་པ་སྟོད་ཐམས་ཅད་ཕྱོགས་མདོག་གི་ཁྲོ་ཞལ༔ སྨད་ཐམས་ཅད་གནམ་ལྕགས་ཀྱི་ཕུར་པ་མེ་འབར་བའི་རྩེ་མོ་ཕྱིར་བསྟན་པའི་གུར་ཁང་༔ འདིར་ཕུར་པའི་མལ་དུ་དབྱུག་ཏོ་བསྒོམ་པའི་ལུགས་ཡོད་ཀྱང་༔ རྟ་མགྲིན་དམར་པོའི་ལུགས་ཡིན༔ རྙིང་མ་ཡོངས་གྲགས་ལ་ཕུར་པ་བསྒོམ་པ་འཐད༔ དེའི་ཕྱི་


CMR016_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་མེ་ཁ་དོག་ལྔ་དང་ལྡན་པའི་གུར་ཁང་དུམ་བུ་གཅིག་ཏུ་གྱུར་ནས་མེ་འབར་བར་བསྒོམ༔ དེ་ཡང་མཚོན་ཆ་སྣ་ཚོགས་ཀྱི་འཁོར་ལོ་ཟེར་བ་ནི་དེ་ཡིན་ལ༔ འཁོར་བ་ཟེར་བ་ནི་རྡོ་རྗེའི་གུར་མི་འཁོར་ལ༔ འཁོར་ལོ་དང་རྒྱ་གྲམ་གྱི་གུར་ཁང་མི་འཁོར་བར་འཁོར་ལོ་ཆུང་ངུ་རྣམས་སོ་འཐབས་སུ་གསོར་ལོ་ལྟར་འཁོརཿ རྒྱ་གྲམ་ནི་རྡོ་རྗེ་ཁ་གདེངས་པ་རྣོ་ངར་ཅན་ཡིན་པས༔ ཁཊ་གྱི་རྩེ་འཐབས་པ་ལྟར་རྩེ་འཐབས་སུ་འཁོར༔ རལ་གྲི་དང་ཕུར་པ་གཉིས་ཀྱི་སོ་ཕྱིར་བསྟན་ནས་དྲག་ཏུ་འཁོར་བ་ཡིན་ནོ༔ དེ་ཐམས་ཅད་སྔ་དྲོ་དང་བསྲུང་བ་དུས་གཡས་འཁོར༔ ཕྱི་དྲོ་དང་བཟློག་བསད་དུས་གཡོན་འཁོར་ཡིན་ནོ༔ དེ་ནས་མེ་དཔུང་དམར་ནག་ཅེས་པ་ནི༔ རང་ལུས་ལས་འབར་བའི་མེ་དཔུང་གི་ནང་དུ་བཞུགས་ཤིང་། བ་སྤུའི་བུ་ག་ཐམས་ཅད་རང་འདྲ་བའི་ཁྲོ་ཆུང་ནས་འབྲས་ཙམ་གྱིས་གཏམས་པར་བསྒོམ་པ་ནང་གི་སྲུང་འཁོར་ཡིན་ལ༔ གོང་གི་དེ་རྣམས་ཕྱིའི་སྲུང་འཁོར་ཡིན་ནོ༔ དེ་ནི་སྲུང་འཁོར་གྱི་ཞལ་ཤེས་སོ༔ ཨྠྀི། ༈ གསུམ་པ་ནི༔ དབང་ལྷ་སྤྱན་དྲངས་ནས༔ བུམ་པའི་དབང་བསྐུར་བར་བསྒོམ་པའི་ལུགས་དང་༔ དབང་བཞི་ཁ་བསྐུར་བར་བསྒོམ་པའི་ལུགས་


CMR016_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ རྒྱལ་བ་རིགས་ལྔ་སྤྱན་དྲངས་ནས་རང་གི་དབུ་རྒྱན་གྱི་ནང་དུ་བཞུགས་པར་བསྒོམ་པ་སོགས་ཡོད་ཀྱང་འདིར་དེ་རྣམས་མ་ཡིན་ཏེ༔ གནས་གསུམ་བྱིན་རླབས༔ ཡེ་ཤེས་པ་སྤྱན་དྲངས༔ འདིར་སྤྲོ་ན་འོག་གི་སྤྱན་འདྲེན་དེ་འདིར་སྦྱར་རྒྱུ་ཡིན་ཅིང་༔ ཡེ་ཤེས་པ་བསྟིམ་ཚར་ནས༔ སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ནས་ངོ་བོ་རྒྱལ་བ་རིགས་ལྔ་ཡིན་པ་ལ༔ རྣམ་པ་རྟ་མགྲིན་རིགས་ལྔའི་དཀྱིལ་འཁོར་ནམ་མཁར་སྤྱན་དྲངས༔ ཡིད་ཀྱིས་ཅུང་ཟད་མཆོད་ནས༔ ཡིད་ཀྱིས་དབང་བསྐུར་བར་གསོལ་བ་བཏབ་པསཿ དེ་རྣམས་ཀྱི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་གསང་གནས་ལྔ་ནས༔ ངོ་བོ་ཆོས་དབྱིངས་ཡེ་ཤེས་དང་༔ སོར་རྟོག་ཡེ་ཤེས་དང་༔ མེ་ལོང་ལྟ་བུའི་ཡེ་ཤེས་དང་༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དང་༔ བྱ་གྲུབ་ཡེ་ཤེས་རྣམས་ཡིན་པ་ལ༔ རྣམ་པ་རྟ་མགྲིན་གྱི་སྐུ་ཆུང་ལ་ཡན་ལག་དོད་པ་དཀར་དམར་མཐིང་སེར་ལྗང་གུ་རྣམས་ཆར་ལྟར་བབས༔ རང་གི་གནས་སོ་སོར་ཐིམ་པས་ཡེ་ཤེས་ལྔའི་དབང་ཐོབ་པར་བསྒོམ་ཞིང་༔ དབང་ལྷས་གསུངས་པར་བསམས་ལ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཞེས་བརྗོད་དེ༔ དབང་ལྷ་རྣམས་བདུད་རྩི་འོད་ཟེར་ཁ་


CMR016_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ལྔའི་རྣམ་པར་ཞུ་ནས་རང་གཙོ་འཁོར་ལྔའི་སྤྱི་བོ་ནས་ཞུགས༔ ལུས་གང་སྒྲིབ་པ་དག༔ འོད་ཟེར་བདུད་རྩིའི་ལྷག་མ་ཡར་ལུད་པ་ལས༔ རྟ་དབུ་རྣམས་ཀྱི་གཙུག་ཏུ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཀྱིས་དབུ་བརྒྱན་ནས་རྟ་སྐད་ཐེང་གསུམ་བཏོན་པར་བསམ༔ དེ་ནི་ཡེ་ཤེས་ལྔའི་དབང་བསྐུར་བའི་ཞལ་ཤེས་སོ༔ །ཨྠྀི། ༈ སྤྱི་དོན་གཉིས་པ་བཟླས་པ་ནི༔ རང་གི་སྙིང་གར་ཡི་གེ་རཾ་ཡིག་གཅིག་བསམ༔ དེ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་དམར་སེར་གདན་ཐབས་སུ་བཏིང་བའི་སྟེང་དུ་དབུས་སུ་ཧཱུྃཡིག་མཐིང་ནག་ཚེག་དྲག་རིང་ཆ་དང་བཅས་པ་འགྲེང་ཐབས་སུ་གཡོ་འགུལ་མེད་པར་གནས་པ༔ དེ་ཡང་སྒྲའི་གཞུང་དང་མཚན་ཉིད་པའི་ལུགས་ལྟར་ན་ཡི་གེ་ལ་མདུན་རྒྱབ་མེད་དེ༔ ཡི་གེ་ནི་སྒྲའི་བྱེ་བྲག་ཡིན༔ ཡི་གེའི་གཟུགས་མིག་གིས་མཐོང་དུ་རུང་བ་འདི་ནི་ཡི་གེ་མིན་གསུངས༔ དེའི་ལུགས་ལ་ཡིག་འབྲུའི་གཟུགས་བསྒོམ་མི་དགོས༔ སྔགས་ཀྱི་སྒྲ་སྙིང་གར་འཁོར་བར་བསྒོམས་པས་ཆོག་པར་བཤད༔ རྗེ་ཞྭ་དམར་པས་ཀྱང་དེ་དང་མཚུངས་པར་བཞེད་ཅིང་ངེས་པར་ཡི་གེའི་གཟུགས་ལ་མདུན་རྒྱབ་བྱེད་ན༔ ད་ལྟར་ངེད་རང་རྣམས་ཀྱིས་ཀློག་དུས་བལྟ་ཕྱོགས་


CMR016_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་གེའི་མདུན་ཡིན་གསུངས༔ འོན་ཀྱང་རྙིང་མ་རང་རྐང་ལ་ཡིག་མགོ་ལ་ལྟ་ངོས་འདི་ཡི་གེའི་མདུན་ཡིན་པས༔ ཧྲཱིཿ ཡིག་གིས་ཡིག་མགོ་ལ་ལྟ་ངོས་འདི་མདུན་ཡིན་པས་རང་གི་བྲང་ངོས་སུ་ཡོད་པ་ལས༔ ཚེག་དྲག་འདི་གྷིཡིག་གི་རྒྱབ་ཡིན་པས་རང་གི་སྒལ་ཚིགས་ངོས་ལ་ལྟ་བར་བསྒོམ༔ དེ་རྒྱབ་ཉི་མའི་སྟེང་དུ་མདུན་དུ་ཨོཾ་ནས་བཟུང་སྟེ༔ བསྙེན་སྔགས་རྣམས་གཡོན་བསྐོར་དུ་ཡི་གེའི་ངོ་ཕྱི་ལ་བསྟན་ཏེ་བཀོད་ནས་མདུན་གཡས་སུ་ཕཊ་ཡོད་པར་བསྒོམ༔ དང་པོ་དེ་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས༔ དེ་ནས་འོད་ཟེར་འཁོར་བར་བསམ་ལ་ཅུང་ཟད་བཟླས༔ དེ་ནས་ཧྲཱིཿཡིག་མི་འཁོར་བར་ཡིག་འབྲུ་གཡས་སུ་འཁོར་བར་བསྒོམ༔ དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་དངབཅས་པ་ཁྲག་འཐུང་ཁྲོ་བོ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚུར་བསྡུས༔ རང་ལ་བསྟིམས་པས་སྡིག་དག་ནས་གསལ་སྟོང་བདེ་བའི་ཉམས་དང་ལྡན་པར་བསྒོམ༔ དེ་ལྟ་བུའི་སྤྲོ་བསྡུ་ཐམས་ཅད་རླུང་འབྱུང་རྔུབ་དང་སྤྱད་ན་ཤིན་ཏུ་ལེགས༔ ཡང་འོད་ཟེར་འཕྲོས་ཁམས་གསུམ་གྱི་སེམས་


CMR016_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་ཕོག་པས་སྡིག་པ་དང་སྒྲིབ་པ་སྦྱངས་ནས་རྟ་མགྲིན་གྱི་གོ་འཕང་ལ་བཀོད༔ ཡང་འོད་ཟེར་དམར་ནག་མེ་དཔུང་ལྟ་བུ་འཕྲོས༔ ཀླུ་དང་སྡེ་བརྒྱད་གདུག་པ་ཅན་ཐམས་ཅད་ཚར་བཅད་སྟོབས་དང་ནུས་པ་ཐམས་ཅད་ཚུར་བསྡུས་རང་ལ་བསྟིམ༔ དེ་ལྟ་བུ་ནི་གཙོ་འཁོར་བསྙེན་པའི་དམིགས་པ་ཡིན་ནོ༔ དེ་ནས་བསྙེན་པའི་དམིགས་པ་ནི་རང་གི་ནད་གདོན་སེལ་བ་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་གཡས་བསྐོར་དུ་སྒ་ར་ར་འཁོར་བ་ལས་མེ་འབར་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས༔ རྣམ་སྨིན་ཤ་ཁྲག་གི་ལུས་འདི་ཡང་བསྲེགས་ནས་ཡེ་ཤེས་ཀྱི་ལུས་རྟ་མགྲིན་དང་དབྱེར་མེད་པར་གྱུར་པའི་ལུས་ཀྱི་ནང་ཐམས་ཅད་མེའི་རང་བཞིན་དམར་འུར་རེ་འདུག་པ་དཔེར་ན་ལྕགས་སྲེག་ལྟ་བུ༔ ཕྱིའི་དབྱིབས་རྟ་མགྲིན་གྱི་སྐུའི་བ་སྤུའི་བུ་ག་ནས་མེ་ཕྱིར་འབར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འབར་བས་གནོད་བྱེད་ཐམས་ཅད་བསྲེགས་ནས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་དཔུང་གི་རང་བཞིན༔ སེམས་ཅན་ཐམས་ཅད་རྟ་མགྲིན་གྱི་སྐུར་གྱུར་ནས་ཐམས་ཅད་ཀྱིས་རང་གི་རམ་བུའི་ཚུལ་དུ་སྔགས་བཟླ་རོགས་བྱེད་པར་བསྒོམ༔


CMR016_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བསྙེན་པ་དུས་སྔགས་སྒྲ་ཆུང་ནི་ནུས་པ་ཆུང་༔ ཆེ་ན་ནུས་པ་ཆེ་སྟེ་ཕོག་ཐུག་ཡོངས་བས་བུང་བའི་སྐད་ཙམ་མམ་རང་གིས་ཐོས་ཙམ་དུ་བཟླའོ༔ ལས་སྦྱོར་དུས་སུ་དེ་ལས་ཆེ་བར་བཟླའོ༔ བདུན་འབུམ་རིབ་སུམ་འབུམ་ཚད་ཡིན་གསུངས་པ་ནི་བསྙེན་ཚད་ཡིན༔ ཁྲི་ཚོས་བགེགས་ཐུལ༔ འབུམ་ཚོས་གསུང་ཐོས་བྱེ་བས་ཞལ་མཐོང་བར་ཡང་བཤད་པས༔ དུས་ཀྱི་དབང་གིས་བཞི་འགྱུར་བཟླ་ཟེར་བ་གསར་མའི་ལུགས་ཡིན་ཏེ༔ གཏེར་མ་འདི་ལ་དེ་མི་འཐད་དོ༔ ཨོ་རྒྱན་རིན་པོ་ཆེས་དུས་ཀྱི་ཐ་མ་ལ་དགོངས་ནས་གསུངས་པའི་ཆོས་ཡིན་པའི་ཕྱིར་རོ༔ ཡང་རང་ཉིད་ལ་མཛེའམ་སྨྱོ་འབོག་ཡོད་པ་འདོན་པའི་ཕྱིར་ཡིན་ན༔ བསྙེན་པ་དེ་ལ་བྱེ་བ་རེ་ཐེམ་དགོས་ཤིང་༔ བྱེ་བ་ནི་འབུམ་ཕྲག་བཅུ་སྟེ་བྱེ་ཆུང་ལ་ངོས་བཟུང་ངོ་༔ བྱེ་ཆེན་ནི་འབུམ་ཕྲག་བརྒྱ་ཡིན་ནོ༔ ནཱ་ག་རཀྟ་ཞེས་སོགས་ཀྱི་བསྙེན་པའི་ཤམ་བུ་ཐུང་བ་འདི་ནི༔ འཇམ་དཔལ་ན་ག་རཀཱའི་སྔགས་རྟ་མགྲིན་འདིའི་ཤམ་བུ་ལ་སྦྱར་བ་ཡིན་ཏེ༔ དཔེར་ན་ཕྱག་རྡོར་ཁྱུང་ཤམ་ཅན་དང་འདྲའོ༔ ནཱ་ག་རཀ་ཤམ་བུར་ཡོད་པས་ནཱ་ག་ཀླུ་འདུལ་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ༔ ཤམ་བུ་འདི་མཛེའམ་ཀླུ་ནད་གདོན་ན་ཅི་མང་


CMR016_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་དགོས་ཤིང་༔ རང་བཞིན་བསྙེན་པ་ལ་མང་མི་དགོས་ཁྲི་ཚོ་ཙམ་བཟླས་པས་ཆོག༔ མཛེ་འདོན་ན་བྱེ་བའམ་ཐ་ན་ཡང་སུམ་འབུམ་བཟླ་དགོས་སོ༔ དེ་ནི་བསྙེན་པ་ཀླུ་འདུལ་གྱི་ཤམ་བུ་ཅན་ཡིན་ནོ༔ དེ་ལྟར་བསྙེན་པ་ཐེམ་ནས་ལས་སྔགས་རྣམས་ཅི་རིགས་སྐབས་དང་བསྟུན་པས་ཆོག༔ རང་བཞིན་བསྙེན་པ་ལ་ལས་སྔགས་མང་མི་རུང་ངོ་༔ མཛེ་འདོན་ན་སྔགས་རིང་ཐུང་གསུམ་ཀ་ལ་ཁྲི་ཚོ་རེ་བཟླས་སོ༔ སྔགས་བཟླ་ལུགས་ཀྱི་ཞལ་ཤེས་སོ༔ ཨྠྀི། ༈ སྤྱི་དོན་གསུམ་པ་རྫོགས་རིམ་ནི༔ འཇིག་རྟེན་ཁམས་ཐམས་ཅད་མེ་དཔུང་དུ་བསྒོམ་པ་སྲུང་འཁོར་ལ་ཐིམ༔ སྲུང་འཁོར་ཡང་གཞལ་ཡས་ཁང་ལ་ཐིམ༔ སེམས་ཅན་ཐམས་ཅད་རྟ་མགྲིན་དུ་བསྐྱེད་པ་དེ་ཐམས་ཅད་འཁོར་བཞི་པོ་ལ་ཐིམ༔ གཞལ་ཡང་ཁང་འཁོར་ལ་ཐིམ༔ འཁོར་རང་ལ་ཐིམ༔ རང་ཡང་དབུ་ཞབས་ནས་འདུས་ནས་ཐུགས་ཀའི་སྔགས་འཁོར་ལ་ཐིམ༔ སྔགས་འཁོར་ཧྲཱིཿལ་ཐིམ༔ ཧྲཱིཿཡང་ར་བཏགས་ཧ་ཁོག་གི་གུ་ལ་འདུས་ནས་ཐིག་ལེ་དཀར་པོ་ཅུང་ཟད་སྔོ་བའི་མདངས་ཅན་སྲན་མའི་ཚད་ཙམ་ཞིག་ཏུ་གྱུར༔ དེ་གྱེན་དུ་སོང་བ་སྤྱི་བོའི་རིགས་བདག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་ཧྲཱིཿལ་བསྟིམ༔


CMR016_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མཐའ་ཡས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡུན་རིང་དུ་སེམས་བཟུང་༔ དེ་ནས་དེ་ཡང་མི་དམིགས་པའི་ངང་ལ་བཞག་སྟེ༔ དཔལ་རྟ་མགྲིན་གསང་བ་འདུས་པའི་རྒྱུད་ལས༔ སེམས་ཉིད་ངོ་བོ་རྟ་མགྲིན་ཏེ༔ ལོགས་ནས་བསྒོམས་ཤིང་བསྒྲུབ་ཏུ་མེད༔ ཅེས་དང་ངོ་བོ་སྟོང་པ་དེར་འདུག་པས༔ རྟ་མགྲིན་ཆོས་སྐུ་རང་ལ་གནས༔ རང་སེམས་མ་འགག་ཤར་བ་ནི༔ ལོངས་སྤྱོད་རྫོགས་པའི་རྟ་མགྲིན་ཡིན༔ རིག་པའི་རྩལ་སྣང་མ་འགག་ཤར༔ སྤྲུལ་པ་སྐུ་ཡི་རྟ་མགྲིན་ཡིན༔ སྐུ་གསུམ་མ་འགྲུབ་རང་ལ་རྫོགས༔ རྟ་མགྲིན་སྲོག་ཐོབ་མ་བསྒྲུབ་འགྲུབ༔ ཅེས་གསུངས་པ་ལྟར་མཉམ་པར་ཡུན་རིང་དུ་བཞག་གོ༔ ནུབ་མོ་ཉལ་དུས་ཀྱི་རྫོགས་རིམ་དེ་ལྟར་བསྡུས་ལ་ཉལ་བས་འོད་གསལ་ཟིན་པའི་མཆོག་སྟེ་ཉལ་བའི་རྣལ་འབྱོར་རོ༔ འཆི་དུས་ཡང་དེ་ལྟར་བསྒོམས་པས་ཆོས་སྐུའི་འཕོ་བ་སྟེ་གཞིའི་འོད་གསལ་ངོས་ཟིན་ན་བར་དོ་མེད་པར་སངས་རྒྱས་པར་བཤད་དོ༔ རྫོགས་རིམ་གྱི་ཞལ་ཤེས་སོ༔ ཟབ་ཨྠྀི། ༈ དེ་ནས་བཟླས་པའི་ཐུན་མཚམས་སུ༔ སྟོང་པའི་ངང་ལས་རང་ཉིད་ནམ་མཁའ་ལ་འཇའ་ཤར་བ་ལྟར་རྟ་མགྲིན་གཙོ་རྐྱང་པའི་སྐུ་ཕྱག་མཚན་མེད་པ་ཞིག་ཏུ་


CMR016_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ༔ གཏོར་མ་གསོས་ལ༔ རོལ་མོ་དང་བཅས་པས་སྤྱན་དྲངས་པའི་ཚེ༔ བདེ་བ་ཅན་ནས་རྟ་མགྲིན་ལྷ་ལྔའི་དཀྱིལ་འཁོར་བྱོན་ནས་ནམ་མཁའ་ལ་བཞུགས་པར་བསམས་ལ་མཆོད་བསྟོད་བྱེད༔ དེ་ནས་རྟེན་ཡོད་ན་དེ་ལ་བསྟིམ་པའམ༔ ཡང་ན་རང་ཉིད་ལ་བསྟིམ༔ དེ་ནས་མི་གཙང་ལུས་འདི་བོར་བར་གྱུར་མ་ཐག༔ ཅེས་སོགས་བསྔོ་བ་སྨོན་ལམ་བྱའོ༔ གཞན་དགེ་སྦྱོར་སོགས་གང་དགོས་ཐུན་མཚམས་སུ་བྱའོ༔ སླར་སྐྱབས་སེམས་ནས་བཟུང་སྟེ་མངོན་རྟོགས་སོགས་ཐུན་བཟུང་བར་བྱའོ༔ དེ་ལྟར་ཐུན་བཞིའམ་གསུམ་ལ་སོགས་པ་ལ་འབད་དོ༔ ཡང་ན་ཐུན་དྲུག་གམ་བཞི་བྱེད་ན༔ ཐུན་གཅིག་ལ་གཞན་གཏོར་བསྔོས་དང་དགེ་སྦྱོར་རྒྱུན་གྱི་བསྙེན་པ་སོགས་ཐམས་ཅད་ཚར་བར་བྱས་ནས༔ ཐུན་ལྷག་མ་རྣམས་ལ་སྒྲུབ་པ་དངོས་གཞི་ཉམས་ལེན་བྱེད་པ་ཡང་ལུགས་གཅིག་ཡིན་ཏེ་ལེགས་སོ༔ བསྙེན་སྒྲུབ་ཐོན་ནས་ཀྱང་ཡེ་ཤེས་པ་མི་གཤེགས་རང་ལ་བསྟིམ་སྟེ་བྱང་ཆུབ་ཙྩོམ་ཐོབ་ཀྱི་བར་དུ་རང་དང་དབྱེར་མེད་དུ་བསྒྲུབ་པ་ཡིན་ནོ༔ ཐུན་མཚམས་ཀྱི་ཞལ་ཤེས་སོ༔ ཨྠྀི། ༈ སྤྱི་དོན་ལྔ་པ་ནི་གཞུང་ལས༔ རྟགས་སྣ་ཚོགས་འོང་བས་གང་ལའང་


CMR016_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་ཡོན་ཁུ་འཕྲིག་མི་བྱའོ་གསུངས་པའི་དོན༔ སློང་རྟགས༔ ལྷ་རྟགས༔ ལྡོག་རྟགས༔ ཐུལ་རྟགས༔ ལས་སྦྱོར་རྟགས་དང་རྟགས་ལྔའོ༔ དང་པོ་སློང་རྟགས་ནི༔ བསྙེན་པ་བྱས་པས་རང་གི་ལུས་ལ་ཞུགས་པའི་ལུས་གདོན་གྱིས་མ་བཟོད་ནས་སློང་སྟེ༔ ཤ་འགུལ་ཤ་འཕྲིག་ཚ་ཚག་འོང་ཞིང་༔ རྨི་ལམ་དུ་སྦལ་སྦྲུལ་ཉ་ལྕོང་སྡོམ་སྡིག་གྲོག་སྦུར་སོགས་འབུ་སྲིན་གྱིས་འཇུས་པ་དང་༔ གཞན་སྡེ་བརྒྱད་ལྷ་འདྲེས་མ་བཟོད་ནས༔ བནྡེ་ལྷ་ཆ་ཁྱི་བྱི་ལ་ལྕེ་སྤྱང་བུད་མེད་སོགས་གདོན་རྨིས་མང་དུ་འབྱུང་ཞིང་༔ སེམས་འཚུབས་ཤིང་བློ་མི་བདེ་བ་འབྱུང་ངོ་༔ དེ་དུས་རྣམ་རྟོག་མི་བྱ་བར་སློང་རྟགས་སུ་ངོས་བཟུང་ཞིང་གདམས་པ་ལ་བརྩོན་འགྲུས་བྱ༔ ༈ གཉིས་པ་ནི༔ རབ་དངོས༔ འབྲིང་ཉམས་སྣང་༔ ཐ་མ་རྨི་ལམ་དུ་འབྱུང་སྟེ༔ རབ་ཞལ་མཐོང་བ༔ འབྲིང་གསུང་ཐོས་པ༔ རང་གི་སྤྱི་བོ་ནས་རྟ་མགོ་འཚེར་བ༔ རང་གིས་རྟ་སྐད་འབྱིན་རང་གི་ཐོ་ཕྱི་ནས་རྟ་སྐད་འཚེར་བ༔ མི་ནག་པོ་རལ་པ་ཅན་དང་༔ རྟ་ནག་འཚེར་ཞིང་འོང་བ་དང་༔ སྒྲུབ་ཁང་དང་གཏོར་མའམ་རྟེན་རྫས་རྣམས་ལ་མེ་འབར་པཿ འོད་འཕྲོ་བ༔ དུད་པ་འཐུལ་བ༔ ཚག་སྒྲ་ཐུག་ཆོམ་ཆེན་པོ་


CMR016_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ༔ ལུས་གོས་ལ་མེ་འབར་བ་དྲི་བཟང་འཐུལ་བ་འབྱུང་༔ རྨི་ལམ་དུ་རྫོང་བརྩིགས་པ༔ གོ་ཁྲབ་གྱོན་པ༔ རྔ་བརྡུང་བ༔ དར་ཕྱར་བ༔ དུང་འབུད་པ༔ ནམ་མཁའ་ལ་འཕུར་བ༔ ཉི་ཟླ་ཤར་བ༔ ཆུ་བོ་ལས་བརྒལ་བ༔ བདུད་རྩི་འཐུང་བ༔ ཕྱག་མཚན་རྙེད་པ༔ མེ་ཏོག་དམར་པོའི་གླིང་དུ་ཕྱིན་པ༔ ཐུ་བ༔ གོས་དམར་པོ་གྱོན་པ༔ རང་ལུས་ལས་མེ་འབར་བ༔ རི་ལུང་མེ་ལ་བསྲེགས་པ༔ བུད་མེད་ཚོགས་ཀྱིས་ཟས་ནོར་སྟེར་བ༔ ལུང་སྟོན་པ༔ གོ་མཚོན་བཏགས་པ༔ ཁྲི་ལ་འདུག་པ༔ ཆོས་འཆད་པ༔ ལྷ་ཆ་དཀྲོལ་བ༔ དར་ཕྱར་བ༔ མ་ཎི་བསྐུལ་བ༔ རྒྱན་ཆ་ཐོགས་པ༔ ནམ་མཁའ་ལ་འཕུར་བ༔ བདེ་བ་ཅན་དུ་ཕྱིན་པ་ལ་སོགས་པ་རྨི་ལམ་བཟང་པོ་འབྱུང་སྟེ༔ དར་ཕྱར་བ་དང་དམག་དཔོན་བྱེད་པ་རྨིས་ན་ཕྱོགས་ངན་ཐམས་ཅད་ལས་རྒྱལ་རྟགས་སོ༔ ཉི་ཟླ་ཤར་བ་དང་བདུད་རྩི་འཐུང་བ་ནི་ཚེ་འཕེལ་རྟགས་སོ༔ གཞན་ཡང་ལུས་བདེ་བ་དང་༔ ཉམས་འབར་བ་དང་༔ བྱིན་ཆགས་པ་སོགས་འབྱུང་ངོ་༔ གསུམ་པ་ནི༔ མི་ནག་པོ་ཁྲོ་བ་དང་༔ རྟ་ནག་པོ་འཕྲ་བ་དང་༔ མཛེ་ཕོ༔ དམེ་ཕོ༔ སྤྲང་པོས་ཚུར་རང་རྩོད་པ་


CMR016_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ བཟླས་པ་བྱེད་སྙིང་མི་འདོད་པ་བྱུང་ན༔ བསྐང་བ་དང་བཤགས་པ་བྱའོ༔ ཐུན་མཚམས་སུ་ཡིག་བརྒྱ་ཅུང་ཟད་བཟླས་ཤིང་ཏིང་ངེ་འཛིན་གྱིས་དབང་མང་དུ་བླང་ངོ་༔ བཞི་པ་ནི༔ མདའ་གཞུ་སོགས་མཚོན་ཆ་བཅག་པ་དང་༔ བྲག་བཤིག༔ ཤིང་བཅད༔ ཕ་ཝང་བཟློག༔ བཙོན་བཟུང་༔ གཡག་བསད་པ༔ གློ་སྙིང་སྟེར་བ་བྱུང་ན་དགྲ་ཐུལ་བའི་རྟགས་སོ༔ མཐུ་མ་བསྒྲུབ་ཀྱང་དགྲ་འཆི་བའང་འབྱུང་ངོ་༔ ཟོར་དང་ཕུར་པ་བཅག་པ༔ སེར་བ་དང་སྤྲིན་ནག་བཟློག་པ༔ ཤྭ་བཟློག་པ༔ སྐྱོགས་ཀྱི་ལྕེ་བཅད་པ་ནི་བྱད་ཁ་ཐུལ་བའི་རྟགས་སོ༔ མཚོ་དང་ཆུ་མིག་སྐམ་པ༔ སྦལ་སྦྲུལ་བསད་པ་ཟོས་པ་བསྲེགས་པ༔ ལུས་ནས་སྡོམ་སྡིག་ཉ་ལྕོང་ཐོན་པ༔ བན་བོན་བུད་མེད་བྱིས་པ་བྱི་ལ་སྤྱང་ཀུ་ཁྱི་སྤྲེའུ་རྣམས་བརྡུང་བ་བསད་པ་ཁ་བཅིང་བ༔ ལྷ་ཁང་ལྡེར་སོ་བཤིགས་པ་རྣམས་བགེགས་ཐུལ་བའི་རྟགས་སོ༔ ལྷ་སྲིན་གྱི་བཀའ་ཉན་པཿ སྲོག་སྙིང་ཕུལ་བ༔ ཁྲོམ་ཆེན་པོ་ལ་དབང་བསྐུར་ཆོས་བཤད་པ༔ བནེ་བུད་མེད་སོགས་ཀྱིས་ཕྱག་འཚལ་བ་སོགས་ནི་བགེགས་ཐུལ་བའི་རྟགས་སོ༔ ལས་སྦྱོར་རྟགས་ནི་སོ་སོའི་སྐབས་སུ་ཤེས་པས་འདིར་མ་སྨོས་སོ༔ །ཨྠྀི། ༈


CMR016_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་དྲུག་པ་བདུན་པ་བརྒྱད་པ་གསུམ་ནི་ལོགས་སུ་ཤེས་ལ༔ ༈ སྤྱི་དོན་དགུ་པ་ལ༔ སྒྲུབ་པ་དངོས་ཚར་ནས་རྗེས་སུ༔ དུས་རྒྱུན་དུ་རྒྱུན་བསྙེན་བྱེད་པའི་ཐབས་ལ་གཉིས་ཏེ༔ འདི་ཁོ་ན་ཡི་དམ་གྱི་གཙོ་བོ་བྱེད་ལུགས་དང་༔ ཡང་འདི་ཞོར་ལ་བསྙེན་ལུགས་སོ༔ དང་པོ་ནི༔ ནངས་སྔ་མནལ་སད་ནས་སྐྱབས་སེམས་དང་འདིའི་མངོན་རྟོགས་འདོན་སྒོམ་བྱས་ལ༔ བསྙེན་པ་བརྒྱ་སྟོང་ཅི་རིགས་བྱས༔ མཆོད་བསྟོད་བྱ༔ ཐུན་བསྡུས་ནས་སྤྱོད་ལམ་ལ་འཇུག་པར་བྱའོ༔ དགོང་མོ་ཡང་དེ་ལྟར་བྱའོ༔ ཡང་བསྐྱེད་རིམ་བརྟན་པོ་ཡོད་ན༔ ད་ནངས་མངོན་རྟོགས་བསྒོམས་ནས་དེ་རིང་སྤྱོད་ལམ་ཐམས་ཅད་དུ་བསྐྱེད་རིམ་དང་མ་བྲལ་བར་བསྙེན་པ་བྱེད༔ དགོང་མོ་མཆོད་བསྟོད་གཏོར་བསྔོས་བྱ་ཉལ་ཁ་ཐུན་བསྡུ་ནས་འོད་གསལ་བཟུང་བའི་བསམས་པས་ཉལ་ལོ༔ གཉིས་པ་ནི༔ ཡི་དམ་གཞན་གཙོ་བོར་བྱེད་ཅིང་འདི་ཞོར་ལ་བསྙེན་ན༔ དུས་ནམ་སྐབས་སུ་བབས་པར་འདིའི་མངོན་རྟོགས་བསྒོམ་ལ་བསྙེན་པ་ཅི་ལྕོགས་བྱ༔ དེ་ནས་ཐུན་བསྡུ༔ རང་གི་གཏོར་ཆོག་གི་གྲལ་ཆོས་སྐྱོང་རྣམས་ཀྱི་གོང་དུ་འདིའི་མཆོད་བསྟོད་བྱའོ༔ ཡང་མཆོད་བསྟོད་བྱེད་འདོན་མ་


CMR016_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལྕོགས་ན་གཏོར་བསྔོས་ཡི་དམ་གྱི་གྲལ་རྩ་སྔགས་ལ་ཁཱ་ཧི་བཏགས་སོ༔ རྒྱུན་བསྙེན་གྱི་ཞལ་ཤེས་སོ༔ ཨྠྀི༔ ཤམཐཐམ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨེ་མ་རྟ་མཆོག་རོལ་པའི་རྒྱུད༔ ལེའུ་བརྒྱ་དང་རྩ་བརྒྱད་ལས༔ ཁོལ་དུ་ཕྱུངས་བ་དུམ་བུའི་རྒྱུད༔ ནག་པོ་ཀླུ་འདུལ་རྒྱུད་ཆེན་དང་༔ རོལ་པ་དབུགས་བདག་རྒྱུད་ལས་ཀྱང་༔ བེར་གྱོན་ཕྲིན་ལས་སྒྲུབ་པར་གསུངས༔ རྒྱུད་རྒྱལ་དེ་དག་ལ་བརྟེན་ནསཿ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཨོ་རྒྱན་ཆེན་པོས་སྒྲུབ་པ་མཛད༔ རྟ་མགྲིན་རིགས་ལྔ་དངོས་སུ་བྱོན༔ དབང་བསྐུར་སྒྲུབ་ཐབས་མན་ངག་གནང་༔ སློབ་དཔོན་རྟ་མགྲིན་དངོས་སུ་བཞེངསཿ ཀླུ་གཉན་ས་བདག་དཔག་མེད་རྣམས༔ བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམ༔ ལ་ལ་སྐུ་ཡི་རྒྱུན་དུ་བྱས༔ དེ་ཚེ་སློབ་དཔོན་པདྨའི་མཚན༔ ནཱ་ག་ཀླུ་འདུལ་ཞེས་སུ་གྲགསཿ དེ་ནས་སློབ་དཔོན་པདྨ་ཡིསཿ སྒྲུབ་ཐབས་དཔག་ཏུ་མེད་པ་ཡང་༔ རྒྱ་བོད་ཀུན་ལ་གཏེར་དུ་སྦསཿ ལ་ལ་བཀའ་ནས་བཀའ་རུ་བརྒྱུད༔ འདི་ནི་ལྷད་མེད་གཏེར་གྱི་ཆོས༔ ཟབ་གཉན་བྱིན་ལྡན་དར་སྲོལ་ཆེ༔ འོན་ཀྱང་ཞལ་ཤེས་འདི་མེད་ན༔ རྒྱུད་ཚིག་ཡིན་པས་གོ་བར་དཀའ༔ ཚིག་ཚོགས་ཉུང་ཡང་དོན་ཚོགས་ཆེ༔ འདོན་མཁན་མང་ཡང་ཤེས་མཁན་ཉུང་༔ མན་ངག་སྙིང་དང་འདྲ་བ་འདི༔ སྙིང་འདྲ་རེ་རེ་མ་གཏོགས་པ༔ ཀུན་ལ་སྤེལ་ན་གདམས་པ་འཆོལཿ གཞུང་དང་མན་ངག་འདི་བསྡེབས་ནས༔ རྩེ་གཅིག་ཉམས་སུ་བླངས་པ་ན༔ འདི་ཕྱིའི་དོན་འགྲུབ་ཨེ་མ་


CMR016_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ༔ ཞེས་རྟ་མགྲིན་དཔའ་བོ་ལྷ་ལྔའི་ཞལ་ཤེས་ཐུན་མོང་མ་ཡིན་པ་འདི་ནི༔ རྟ་མགྲིན་བསྒྲུབ་པའི་རྣལ་འབྱོར་པ་ཀརྨ་ཨ་རཱ་གས་ཕན་པའི་བསམས་པས༔ བླ་མ་ཀརྨ་ཕྲིན་ལས་ཀྱིས་རྟ་མགྲིན་བསྙེན་པའི་ཚེ་གསལ་འདེབས་སུ་དམིགས་ནས་སྦྱར་བའོ༔ ཞུས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་ནཱ་ག་ཀླུ་འདུལ་དཔའ་བོ་ལྷ་ལྔར་གྲགས་པའི་བསྐྱེད་རྫོགས་ཀྱི་ཞལ་ཤེས།next