Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་དཔའ་བོ་ལྷ་ལྔ་པ་ནཱ་ག་ཀླུ་འདུལ་དུ་གྲགས་པའི་བསྐྱེད་རྫོགས་བྷཻཾ་བཟླས་ཀྱི་ཕན་ཡོན་དང་ཞར་བྱུང་འཕྲོས་དོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་དཔའ་བོ་ལྷ་ལྔ་པ་ནཱ་ག་ཀླུ་འདུལ་དུ་གྲགས་པའི་བསྐྱེད་རྫོགས་བྷཻཾ་བཟླས་ཀྱི་ཕན་ཡོན་དང་ཞར་བྱུང་འཕྲོས་དོན།next

རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་དཔའ་བོ་ལྷ་ལྔ་པ་ནཱ་ག་ཀླུ་འདུལ་དུ་གྲགས་པའི་བསྐྱེད་རྫོགས་བྷཻཾ་བཟླས་ཀྱི་ཕན་ཡོན་དང་ཞར་བྱུང་འཕྲོས་དོན།


CMR016_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་དཔའ་བོ་ལྷ་ལྔ་པ་ནཱ་ག་ཀླུ་འདུལ་དུ་གྲགས་པའི་བསྐྱེད་རྫོགས་བྷཻཾ་བཟླས་ཀྱི་ཕན་ཡོན་དང་ཞར་བྱུང་འཕྲོས་དོན་ཅུང་ཟད་བཞུགས་སོ།།


CMR016_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་བྱ་གྲི་ཝ་ལ་ཕྱག་འཚལ་ལོ༔ འདིར་རྟ་མགྲིན་སྒོམ་བཟླས་ཀྱི་ཕན་ཡོན་བསྔགས་པ་བརྗོད་པ་ལ་གཉིས་ཏེ་སྤྱི་དང་བྱེ་བྲག་གོ༔ དང་པོ་ནི་སྤྱན་རིས་གཟིགས་ལ་རིགས་དུ་མ་ཡོད་པའི་ནང་ནས༔ རྟ་མགྲིན་སྤྱན་རིས་གཟིགས་རྒྱ་གྲྭ་ཝ་ཞེས་བྱ་བ་ཡིན་པས༔ འདིའི་སྒོམ་བཟླས་བྱས་ན་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་བྱས་པ་ཡིན་པས༔ ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཀྱི་ཕན་ཡོན་མཐའ་ཡས་ཏེ་འདིར་མི་བརྗོད་དོ༔ གཉིས་པ་རྟ་མགྲིན་ལ་ཡང་རིགས་མང་བའི་ནང་ནས༔ རྟ་མགྲིན་ནག་པོ་ལྷ་ལྔ་འདི་དང་འབྲེལ་བའི་རྒྱུད་གཞུང་


CMR016_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སྔགས་ཨོཾ་ཧཱུྃབཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕྲཊ༔ ཅེས་ཡི་གེ་བཅོ་ལྔ་པ་འདིའི་ཕན་ཡོན་བཤད་དོ༔ སྔགས་འདི་ནི་རོལ་པ་དབུགས་བདག་ནག་པོ་རྒྱུད་དང་རྟ་མགྲིན་གསང་འདུས་ཀྱི་སྒྲུབ་གཞུང་མང་པོ་ནས་གསུངས་སོ༔ དང་པོ་ནི་རང་ལུས་དཔལ་རྟ་མགྲིན་གྱི་དཀྱིལ་འཁོར་བསྒོམ་པའི་དྲན་པ་ཙམ་གྱིས་སྡིག་སྒྲིབ་ཉེས་སྐྱོན་ཐམས་ཅད་དག༔ བདེ་ལེགས་ཀྱི་ཡོན་ཏན་མ་ལུས་པ་ཐམས་ཅད་རྫོགས༔ འཁོར་འདས་ཐམས་ཅད་ཐ་མལ་དུ་འཛིན་པ་དག་ནས་དབང་ཆེན་རྟ་མགྲིན་གྱི་དཀྱིལ་འཁོར་དུ་འཆརཿ མཐར་ཐུག་འབྲས་བུ་གཟུགས་ཀྱི་སྐུ་ལོངས་སྤྱོད་རྫོགས་པ་


CMR016_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲུལ་སྐུ་ཐོབ་པ་ཡིན་ཏེ༔ རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད་ལས་དཔེ་བྲལ་རྒྱལ་བའི་དཀྱིལ་འཁོར་འདི༔ དྲན་པར་གྱུར་པ་ཙམ་གྱིས་ཀྱང་༔ སྐྱོན་དག་ཡོན་ཏན་མ་ལུས་རྫོགས༔ འཁོར་འདས་མ་ལུས་སྣོད་བཅུད་ཀུན༔ དབང་ཆེན་དཀྱིལ་འཁོར་ཆེན་པོར་ཤར༔ ཐར་པ་ཆེན་པོའི་གནས་མཆོག་དེརཿ ལོངས་སྤྱོད་རྫོགས་སྐུ་ཆེན་པོ་ཐོབ༔ ཅེས་གསུངས༔ རང་རྟ་མགྲིན་གྱི་བསྐྱེད་རིམ་གསལ་ན་བྱད་ཁ་དང་ནད་གདོན་གང་གིས་ཀྱང་མི་ཚུགས་ཤིང་༔ སྲུང་བའི་མཆོག་དམ་པ་ཡིན་ཏེ༔ རྟ་མགྲིན་གསང་བ་འདུས་པའི་རྒྱུད་ལས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ སྔགས་པ་ནང་འགྲས་ཆོད་གཏོང་བྱེད༔ དེ་ཚེ་ཟབ་པའི་ཁྱད་འདོན་ན༔ ནད་དང་གདོན་དང་སྲུང་བ་དང་༔ ཕྲིན་ལས་དམིགས་པ་གང་བྱེད་པ་ཀྱང་༔ རང་ཉིད་རྟ་མགྲིན་སྐུར་གསལ་ནས༔ སུས་ཀྱང་ཚུགས་པར་མི་འགྱུར་ཏེ༔ སྟོང་པའི་གོ་ཆ་བླ་ན་མེད༔ འདི་ནི་སྲུང་བའི་རྒྱལ་པོ་ཡིན༔ ཅེས་གསུངས་སོ༔ གཉིས་པ་བཟླས་པའི་ཕན་ཡོན་ནི༔ བསྙེན་པ་དང་ལས་སྦྱོར་གཉིས༔ དང་པོ་ནི༔ རྟ་མགྲིན་རོལ་པ་དབུགས་བདག་ནག་པོའི་རྒྱུད་ལས༔ དེ་ནི་ལྷ་རྒྱུད་བསྙེན་པ་སྟེ༔ དུག་ལྔའི་ཕུང་པོ་


CMR016_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་ནས༔ རྟོགས་པ་བདེ་ཆེན་ཉིད་དུ་གསལ༔ ཞེས་དང་༔ རྟ་མགྲིན་དྲེགས་པ་ཀུན་སྒྲོལ་རྒྱུད་ལས༔ ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང་༔ མཚམས་་དགེའི་སྡིག་སོགས་དག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ལྷོ་སྲིན་སྡེ་བརྒྱད་སྐག་ཅིང་བསྔངས༔ དྲེགས་པ་རྣམས་ཀྱི་ཙིཏྟ་གས༔ ཕོ་རྒྱུད་ཐམས་ཅད་བུབ་སྟེ་འགྱེལ༔ མོ་རྒྱུད་ཐམས་ཅད་གན་ཏེ་འགྱེལ༔ འབྱུང་པོ་ཀླུ་རིགས་གཏན་ནས་བརླག༔ སྣང་སྲིད་དྲེགས་པ་ཁྲག་ཏུ་སྐྱུག༔ གདུག་ཅིང་འཚེ་བ་ཐམས་ཅད་ཀྱང་༔ མེ་ལྕེ་ཁ་ཡི་སྦྲང་བུ་བཞིན༔ སུས་ཀྱང་འདའ་བར་མི་ནུས་ཏེ༔ ཀླུ་གཉན་ས་བདག་སྨོས་ཅི་དགོས༔ ཚེ་ལ་བར་ཆད་མེད་པ་ཡི༔ སུམ་འབུམ་གྲངས་ནི་ཐེམ་གྱུར་ནས༔ བདེ་གཤེགས་ཐུགས་དྲིལ་གསང་བའི་སྔགས༔ མཐུ་སྟོབས་ནུས་པ་བརྗོད་མི་ལང་༔ གསང་སྔགས་ཀུན་གྱི་མཐར་ཐུག་སྟེ༔ ཐམས་ཅད་སྲུང་བའི་མཆོག་ཏུ་འགྱུར༔ ཞེས་དང་༔ རྟ་མགྲིན་ཡང་གསང་སྒྲུབ་ཐབས་གཞུང་ལསཿ གྲག་སྟོང་སྔགས་ནི་ཆུ་བོ་ཡི༔ རྒྱུན་བཞིན་དུ་ནི་འབྲུ་འབུམ་གཅིག༔ བཟླས་པས་དངོས་གྲུབ་རྣམ་གཉིས་འགྲུབཿ འབུམ་


CMR016_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཟླས་ན་དབང་གི་སྐུ༔ ཞལ་མཇལ་ལུང་སྟོན་ཚེ་ལ་དབང་༔ ཕྲིན་ལས་རྣམ་བཞི་བརྩམས་པས་འགྲུབ༔ ཅེས་གསུངས་པ་དང་༔ རྟ་མགྲིན་གསང་སྒྲུབ་རྒྱ་གཞུང་ལས༔ འོན་ཀྱང་གང་ཟག་བློ་རིང་བཞིན༔ གོང་ལྟར་བསྒྲུབ་ཀྱང་ངེས་པར་འགྲུབ་༔ འདི་དང་ཕྱི་མ་བར་དོ་རུ༔ ཡི་དམ་ལྷ་དང་སྐལ་པ་མཉམ༔ ཞལ་མཇལ་ལུང་བསྟན་ཐར་ལམ་ཁྲིད༔ དུས་ལ་མི་འདའ་ཐུགས་རྗེའི་ལྷ༔ དམ་ཚིག་གཡར་དམ་གཅིག་ཏུ་འགྲུབ༔ ཞིང་ཁམས་དཀྱིལ་འཁོར་གཅིག་ཏུ་འགྱུར༔ ཅེས་གསུངས་སོ་གཉིས་པ་ལ་ཆད་སྔགས་རྦད་བརྒྱད་ཀྱི་ཕན་ཡོན་ནི༔ རོལ་པ་དབུགས་བདག་ནག་པོའི་རྒྱུད་ལས༔ འདི་ནི་དྲག་སྔགས་སྤུ་གྲི་སཿ གང་ལ་བཏབ་པས་ཕ་ལམ་བཞིན༔ སྟོང་པའི་དངོས་པོ་སྒྲོལ་བྱེད་ན༔ གཟུགས་ཅན་རྣམས་ལ་སྨོས་ཅི་དགོས༔ གང་དམིགས་སྙིང་ལ་རབ་གཟིར་ཏེ༔ ཁྲག་སྐྱུག་སྡུག་བསྔལ་རབ་ཏུ་ཆེ༔ དྲེགས་པ་ལྷ་སྲིན་ལ་སོགས་པ༔ སྡེ་བརྒྱད་གང་ཡང་རུང་བ་ཡིས༔ ཚོར་ན་མགོ་སྙིང་དུམ་བུ་གས༔ དགྲ་བགེགས་སྤྱི་དང་བྱད་སྟེམས་སོགས༔ སྦྱར་མ་མེ་ལྕེས་རེག་པ་ལྟརཿ རང་གཤེད་རང་ལ་བབ་ནས་སུ༔ མྱ་ངན་སྡུག་བསྔལ་ཆེན་པོར་འགྱུར༔ ཅེས་


CMR016_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ རྟ་མགྲིན་ནག་པོའི་རྒྱ་གཞུང་ཆེ་བ་ལས༔ འདི་ཡིས་མི་ཐུབ་གང་ཡང་མེད༔ དཔེར་ན་གནམ་ལྕགས་སྤུ་གྲི་འདྲ༔ རྣོ་བའི་ཚད་ནི་མེ་ལྟ་བུ༔ མྱུར་བའི་ཚད་ནི་གློག་ལྟ་བུ༔ རྒོད་པའི་ཚད་ནི་ཐོག་ལྟ་བུ༔ གཏུམ་པའི་ཚད་ནི་ཟབ་ལྟ་བུ༔ དགྲ་དང་བགེགས་དང་བྱད་མ་དང་༔ ནད་ཀྱི་རིགས་དང་མཚོན་གྱི་རིགསཿ གཉན་དང་ལྷོག་པ་ཐབ་ཀྱི་རིགས༔ མཛེ་དང་ཤུ་འབྲུམ་སྒྲུང་ལ་སོགས་སྨྱོ་འབོག་བརྒྱལ་ནད་ལ་སོགས་པཿ གང་དང་གང་ལ་བཏབ་པ་དེ༔ མེ་དང་རྩྭ་སྦུར་དེ་བཞིན་དུ༔ བསྲེག་ཅིང་རབ་ཏུ་སྲེག་པར་བྱེད༔ རླུང་དང་ཐལ་བའི་དཔེ་བཞིན་དུ༔ གཏོར་ཞིང་རབ་ཏུ་གཏོར་བར་བྱེད༔ དྲག་སྔགས་སྟོན་པ་འགའ་ཡོད་ཀྱང་༔ རྣོ་མྱུར་བསྟེན་པ་འདི་བས་མེད༔ འདི་ལ་རིགས་ནི་འགའ་ཡོད་ཀྱང་༔ སྔགས་གྲངས་ཚང་བ་འདི་བས་མེད༔ ཅེས་དང་༔ ནཱ་ག་ཀླུ་འདུལ་གྱི་གཞུང་ཉིད་ལས༔ ཞེས་གྲངས་ཐེམས་ནས་མཛེ་ནད་སྨིན་མ་བྱི་བ་དང་སྣ་ཞོམ་པ་ཡང་ཐོན་ནོ༔ འགོས་ཟིན་ཙམ་ལ་སྨོས་ཅི་དགོས༔ མཛེ་རིགས་ཡོད་པས་མ་བྱུང་བས༔ འདི་ལ་བསྙེན་པ་བྱས་ན་ཐེ་ཚོམ་མེད་དོ༔ གཞན་ཡང་འགོ་བའི་ནད་ཀླུ་རྒྱལ་བསེན་གདོན་གང་ཡིན་


CMR016_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉེ་མི་ནུས་སོ༔ གནམ་ལྕགས་ཀྱི་མཁར་ལ་བསྐལ་པའི་མེ་འབར་བ་དང་འདྲའོ༔ ཞེས་དང་༔ དེ་ལྟར་བསྙེན་སྒྲུབ་ཐེམ་ན་མཛེ་ནད་ཆུ་བུར་ཅན་ཡང་ཕན་ནོ༔ གཞན་གནོད་འཚེ་ནད་རིགས་ལ་ཐེ་ཚོམ་མེད་དོ༔ དྲག་པོའི་ལས་གཏད་སེལ༔ མནན་པ༔ མཛེའམ་ནད་ངན༔ རོ་ཁུར༔ རྦོད་གཏོང་ཕྲ་མེན༔ ས་གཉན་བརྐོ་བ༔ བྲག་གཉན་བཤིག་མཚོ་གཏོལ་ལུ་མ་བསུབ་པ༔ མནའ་སྐྱལ་བ༔ བྱ་བ་རྩུབ་ལས་གང་ལ་ཡང་་འདིའི་བསྙེན་སྒྲུབ་ཐེམ་ན་རང་ཉིད་རྡོ་རྗེའི་གུར་དང་འདྲའོ༔ སྔགས་དང་རྫས་སྦྲེལ་ན་ལག་ན་རྡོ་རྗེས་ཀྱང་འཇིག་པར་མི་ནུས་སོ༔ ཞེས་གསུངས་སོ༔ དེ་ལྟར་བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་སྒོ་ནས་དཔལ་བདེ་ཆེན་རོལ་པའི་ཁྲོ་བོ་རྟ་མགྲིན་ལ་མོས་ཤིང་གུས་པས་བསྒྲུབས་ན༔ མཐར་ཐུག་གི་འབྲས་བུ་སངས་རྒྱས་སྣང་བ་མཐའ་ཡས་དང་མཚུངས་པར་འགྲུབ་སྟེ༔ རྟ་མཆོག་རོལ་པའི་རྒྱུད་ལས་དེ་ནས་བདེ་ཆེན་རོལ་པ་ལ༔ ལས་དང་བསྐལ་པས་གང་མོས་པ༔ ཕུང་པོའི་ཞེན་པ་ཟློག་པ་དང་༔ ཐ་མལ་ཤེས་པ་སྤངས་བ་དང་༔ རྣམ་རྟོག་དུག་ལྔ་གནས་འགྱུར་ནས༔ སྐད་ཅིག་ཉིད་ལ་ཡེ་ཤེས་ཀྱི༔ ཆོས་སྐུ་མངོན་དུ་གྱུར་ནས་སུ༔ གཞན་གྱི་བག་


CMR016_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རབ་སྦྱངས་ཏེ༔ འཁོར་བའི་ཆུ་བོ་རབ་སྒྲོལ་ནས༔ ཐམས་ཅད་རྫོགས་པ་ཆེན་པོར་བཀོད༔ སྣང་བ་མཐའ་ཡས་དང་མཚུངས་ཏེ༔ གཞན་དོན་དཔག་མེད་ལྷུན་གྱིས་གྲུབ༔ ཅེས་གསུངས་སོ༔ དེ་ཡང་གོང་དུ་སྤྱན་རས་གཟིགས་ཧ་ཡ་གྲྭ་ཝ་ཞེས་པའི་འཕྲོས་དོན་ནི༔ རྟ་མགྲིན་ནག་པོའི་རྒྱ་གཞུང་ལས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་ནས༔ འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ཞི་བས་མི་འདུལ་གདུག་པ་ཅན༔ ཚར་གཅོད་རྟ་མགྲིན་ནག་པོར་བསྟན༔ དེ་ཉིད་ཤིན་ཏུ་ཁྲོས་པ་ནི༔ གནོད་སྦྱིན་ནག་པོ་ལྕགས་རལ་ཅན༔ དགྲ་དང་བགེགས་དང་བྱད་མ་དང་༔ གཟའ་ཀླུ་རྒྱལ་བསེན་གཉེན་པོར་བསྟན༔ ཆོས་སྐུ་ཞི་བའི་ངང་ཉིད་ལས༔ གདུག་པ་འདུལ་ཕྱིར་དྲག་པོའི་སྐུ༔ རྟ་མགྲིན་ནག་པོ་ཞེས་ཀྱང་བྱ༔ ཡཀཱ་ནག་པོ་ཞེས་ཀྱང་བྱ༔ མ་ཧཱ་ཀཱ་ལ་རྟ་གདོང་ཞེས་ཀྱང་བྱ༔ གནོད་སྦྱིན་ནག་པོ་ཞེས་ཀྱང་བྱ༔ དཔལ་མགོན་ནག་པོ་ཞེས་ཀྱང་བྱ༔ ཐུགས་རྗེ་མཚུངས་མེད་བླ་མ་ཡིན༔ བྱིན་རླབས་མྱུར་བས་ཡི་དམ་ཡིན༔ བསྟན་པ་བསྲུང་བའི་ཆོས་སྐྱོང་ཡིན༔ དགྲ་བགེགས་


CMR016_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅོད་ལས་མཁན་ཡིན༔ ཅེས་གསུངས་སོ༔ དེ་ཡང་རྟ་མགྲིན་དམར་པོ་ཡང་གསང་ཁྲོས་པ་དེ་ཉིད་ཀྱང་ཐུགས་ཤིན་ཏུ་ཁྲོས་པ་ནི་རྟ་མགྲིན་ནག་པོ་ལྕགས་རལ་ཅན་འདི་ཡིན་ཏེ༔ གསང་འདུས་ཐེམ་བྱང་ལས༔ ཡང་གསང་ཁྲོས་པ་རྟ་མགྲིན་ནག་པོ་འདི་ནུས་མཐུ་བྱིན་རླབས་གློག་ལྟར་མྱུར་བའི་ཕྱིར༔ ཅེས་གསུངས་སོ༔ དེ་ཡང་ལྔ་བརྒྱའི་ཐ་མ་ལ་ཤིན་ཏུ་མ་རུངས་པ་འདུལ་བའི་ཆེད་དུ་སྤྲུལ་པ་ཡིན་པ་དང་༔ སྒྲུབ་ཐབས་རྣམས་ཀྱང་ཨོ་རྒྱན་རིན་པོ་ཆེས་དུས་སྙིགས་མ་ལ་དགོངས་ནས་མཛད་པའི་ཕྱིར༔ དུས་ད་ལྟ་ལྷ་གཞན་དང་སྒྲུབ་ཐབས་གཞན་ལས་བྱིན་རླབས་ཆེ་ལ་འགྲུབ་ཐག་ཉེ་བ་ཡིན་ཏེ༔ རྟ་མགྲིན་ནག་པོའི་རྒྱ་གཞུང་ཆེ་བ་ལས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ལྷ་སྲིན་སྡེ་བརྒྱད་མེ་ལྟར་འབར༔ སྐྱེ་བོ་དམུས་ལོང་རླུང་ལྟར་འཚུབ༔ ནད་མུག་མཚོན་གསུམ་ཆུ་ལྟར་འཁྲུག༔ གློ་བུར་བར་ཆད་ཐོག་ལྟར་འབེབས༔ དེ་ཚེ་སྔགས་འཆང་བསྒྲུབ་ལ་བརྩོན༔ ཅེས་དང་༔ འདི་ཉིད་རང་གི་གཞུང་ལས༔ ཨོ་རྒྱན་རིན་པོ་ཆེ་བདག་གི་ཐུགས་བཅུད་འདི་ལྟ་བུ་སྤེལ་བའི་གནས་མེད་དོ༔ མ་འོངས་དུས་ན་འཛམ་གླིང་བོད་ཀྱི་ཡུལ༔ ཀླུ་དང་ས་བདག་རྒྱལ་བསེན་དབང་བྱས་ཏེ༔ མཛེ་


CMR016_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དང་གག་ལྷོག་བརྒྱལ་ནད་སྨྱོ་འབོག་སོགས༔ མི་རྣམས་མི་བདེ་སྣ་ཚོགས་གཏོང་བར་བྱེད༔ དེ་འདྲའི་དུས་ན་འཕྲད་ཆོག་ཐོབ་ཆོག་འདི༔ ཐུགས་ཀྱི་མཛོད་རྡོལ་མ་འོངས་དོན་ཕྱིར་སྦས༔ ཞེས་གསུངས་སོ༔ མ་འོངས་པ་ན་ཡང་འདི་དར་སྲོལ་ཆེ་བར་འགྱུར་གསུང་སྟེ་ཨོ་རྒྱན་རིན་པོ་ཆེའི་བདེན་ཚིག་སྨོན་ལམ་ཡོད་དེ༔ ཕྱི་མའི་དུས་ན་སྐྱེས་བུ་བློ་སྟོབས་ཅན༔ སྣོད་ལྡན་བུ་དང་གདམས་པ་འདི་འཕྲད་ནསཿ སྙིགས་མའི་དུས་སུ་འགྲོ་དོན་ཕྱོགས་མེད་ཤོག༔ ཅེས་གསུངས་སོ༔ དེ་ཡང་རྟ་མགྲིན་ནག་པོ་ལྷ་ལྔ་འདི་ཁྱད་པར་ཀརྨ་ཀཾ་ཚང་ལ་བཀའ་བབས་པ་ཡིན་ཞེས་པའི་ངག་རྒྱུན་ཐོས་ལ༔ དེའི་རྒྱུ་མཚན་རྗེ་ཆོས་གྲགས་རྒྱ་མཚོ་གཏེར་སྟོན་གྱི་དངོས་སློབ་ཡིན་ཅིང་༔ ཐུགས་རྗེ་ཆེན་པོ་གསང་འདུས་དང་རྟ་མགྲིན་གསང་འདུས་གཉིས་ཀའི་ཆོས་བདག་ཏུ་ལུང་བསྟན་ཅིང་༔ ཆོས་གྲགས་རྒྱ་མཚོའི་རྣམ་ཐར་ན་ཡང་རྟ་མགྲིན་ནག་པོའི་ཞལ་གཟིགས་ཤིན་ཏུ་མང་ཞིང་༔ ཟུར་མང་སྐྱོ་བྲག་རཏྣ་ལུགས་དང་ཀཾ་ཚང་ཆོས་ལུགས་འདྲེས་ནས་གཅིག་ཏུ་གྱུར་པ་ཡང་དེའི་རྟེན་འབྲེལ་ཡིན་ཏེ༔ ཆོས་བདག་ལུང་བྱང་ལས༔ དེ་འོག་ཕྱི་མའི་དུས་ཀྱི་ཚེ༔ ཁམས་ཀྱི་སར་གཏོགས་ལྷོ་ཡི་ཕྱོགས༔ རི་


CMR016_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མཁའ་ལྡིང་འདྲ་བའི་ཞོལ༔ རྗོད་ཅེས་བྱ་བའི་ས་ཕྱོགས་སུ༔ པདྨ་ང་ཡི་རྣམ་འཕྲུལ་ཏེ༔ བྱའམ་ཁྱི་ཡི་ལོ་པ་གཅིག༔ རང་བྱུང་མཚོ་སྐྱེས་རྡོ་རྗེ་ཞེས༔ ས་ལ་གནས་པའི་བྱང་ཆུབ་སེམས༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཉིད༔ སྔོན་གྱི་བག་ཆགས་སད་དུ་འོང་༔ གསུང་གི་མཚན་མ་དག་དང་ལྡན༔ སྙིང་ཐིག་འདུས་པ་སྐོར་བཞི་དང་༔ ཁྱད་པར་རྟ་མགྲིན་གསང་འདུས་བདག༔ ཡིན་ཕྱིར་ཚེ་རིལ་དང་བཅས་གཏད༔ མ་འོངས་ཕྱི་མའི་དུས་མཐའི་བར༔ རྒྱ་མཚོའི་མཐའ་ལ་ཐུག་གི་བར༔ དེ་ཡིས་རྒྱས་པར་བྱེད་པའི་ཕྱིར༔ གཏེར་འདི་སྦས་པ་དོན་ལྡན་འགྱུར༔ ཞེས་ལུང་བསྟན་ནོ༔ སྤྱིར་རྟ་མགྲིན་གསང་འདུས་སྐོར་ལ་བཀའ་སྲུང་མང་ཡོད་ཀྱང་༔ རྟ་མགྲིན་ནག་པོ་འདིའི་བཀའ་སྲུང་ནི་དགེ་བསྙེན་མཁའ་རི་དང་༔ གཏེར་སྲུང་ནི་དགེ་བསྙེན་སྨྱོ་ཁ་ཡིན་ཏེ༔ རྟ་མགྲིན་ནག་པོའི་སྲོག་དབང་ཡིག་ཆུང་ལས༔ ཀླུ་བདུད་མགོ་དགུ་གཏེར་གྱི་སྲུང་མ་རྩལ༔ དགེ་བསྙེན་མཁའ་རི་བཀའ་ཡི་བྱ་ར་ཐུབ་པར་སྲུངས་ཤིག་དམ་ཚིག་ས་མ་ཡ༔ ཞེས་གསུངས་པ་དང་༔ གཏེར་འདི་ཁྲོམ་གཏེར་དུ་མཛད་ནས་བཏོན་དུསཿ དགེ་བསྙེན་མཁའ་རི་དཔོན་གཡོག་དངོས་སུ་བྱུང་ནས་ལྕག་ཚན་བྲག་


CMR016_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཙུགས་ནས་གཏེར་འདི་ན་ཡོད༔ དེ་དུས་ལ་བབ་པས་ཅིས་ཀྱང་ཐོན་ཅིག་ཟེར༔ དེ་དུས་ཐམས་ཅད་ལ་ཀླུ་བདུད་ཀྱི་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་ཞིང་༔ ཉེ་གནས་ཀྱི་ལག་པ་ལ་ལྷོག་པ་བརྒྱབས་ནས་དེའུས་ཤི་བྱས༔ མི་ནག་པོ་དང་མོན་དང་ཨ་ཙ་ར་དང་གཡག་མགོ་ཅན་དང་རྟ་མགོ་ཅན་གྱི་ཁྱིམ་ནང་གང་བ་སོགས་ཀླུ་བདུད་ཀྱི་ཆོ་འཕྲུལ་ཆེན་པོ་བྱུང་ངོ་༔ རྒྱུ་མཚན་དེས་ན་འདི་བསྒྲུབ་དུས་མཁའ་རི་དང་སྨྱོ་ཁ་ལ་གཏོར་མ་ཕུལ་ཞིང་བཀའ་བསྒོ་བ་དང་༔ རྒྱུན་དུ་ཡང་གཏོར་མ་བསྔོས་ན་བར་ཆད་མི་འབྱུང་ཞིང་ཕྲིན་ལས་སྒྲུབས་ལ༔ དེ་མ་བྱས་ན་འཁུ་ལྡོག་འོང་ངོ་༔ འདི་ཡང་མན་ངག་དམ་པ་ཡིན་ནོ༔ ཤམཛདམ་རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་ཡིག་སྣ་བསྙེན་སྒྲུབ་ལ་སྤྲོ་བ་བསྐྱེད་པའི་གཏམ་འདི་ཡང་༔ བླ་མ་ཀརྨ་ཕྲིན་ལས་ཀྱི་རྟ་མགྲིན་ནག་པོའི་སྒྲུབ་པ་ལ་བཞུགས་པའི་དུས་སུ་ངེས་ཤེས་དང་བརྩོན་འགྲུས་བསྐྱེད་པའི་ཆེད་དུ༔ དགེ་སློང་ཀརྨ་ཨ་རཱ་གས་ཡི་གེར་བཀོད༔ ཨྠྀི། མངྒ་ལཾ།། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་དཔའ་བོ་ལྷ་ལྔ་པ་ནཱ་ག་ཀླུ་འདུལ་དུ་གྲགས་པའི་བསྐྱེད་རྫོགས་བྷཻཾ་བཟླས་ཀྱི་ཕན་ཡོན་དང་ཞར་བྱུང་འཕྲོས་དོན།next