Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྔགས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྔགས་བྱང་།next

དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྔགས་བྱང་།


CMR016_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྔགས་བྱང་བཞུགས་པའི་དབུ་ཕྱོགས་ལགས་སོ། ཀརྨ་ཆགས་མེད་བརྩོན་འགྲུས་རྒྱ་མཚོ་བླ་མ་ནམ་མཁའ་དེས་ཆིག་བརྒྱུད་དོ།


CMR016_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བྷིབཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ལ་རིབ་སུམ་འབུམ་གྱིས་འགྲུབ༔ བདུན་འབུམ་ནི་ཚད་ཡིན༔ ལུས་ལ་མཛེ་དང་བརྒྱལ་ནད་སོགས་ཡོད་ན་བྱེ་བ་ཐེམ་པར་བྱའོ༔ གསུངས་པས་སྔགས་གྲངས་བྱེ་བ་རེ་གསུངས་པ་ནི༔ ངེད་རང་རྣམས་དང་སྔགས་པ་ཚོས་ཁྲི་ཚོ་བརྒྱ་ལ་བྱེ་བ་བརྩི་སྟེ་གསུང་རབ་ཆོས་མངོན་པ་ནསཿ འབུམ་ཕྲག་བཅུ་ལ་ས་ཡ༔ ས་ཡ་བཅུ་ལ་བྱེ་བ་གསུངས་པར་ཡོད་དོ༔ དེ་ལ་བྱེ་ཆེན་དང་བྱེ་ཆུང་གི་ཐ་སྙད་ཡོད་དེ༔ ས་ཡ་ཆེ་ཆུང་གཉིས་སུ་ཡོད་པས༔ བྱེ་ཆེན་བྱེ་ཆུང་གང་དགོས་རང་གི་ནད་གདོན་གྱི་སྟོབས་ཆེ་ཆུང་དང་སྦྱར་བར་བྱའོ༔ དེ་ཡང་བྱེ་ཆུང་གཅིག་ཡན་ཆད་ཚར་ནསཿ འཇམ་དཔལ་ནཱ་ག་རཀ་འདི་རྟ་མགྲིན་འདི་ཡི་ལས་མཁན་རྣོ་སོ་ཡིན་པས་ནཱ་ག་ཀླུ་འདུལ་ཟེར་བའི་དོན་ཡང་དེ་ཡིན་ནོ༔


CMR016_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཕྱག་རྡོར་ཁྱུང་ཤམ་ཅན་དང་འདྲ༔ གོང་གི་སྔགས་ལ་སྔགས་འདི་བཏགས༔ ནཱ་ག་རཀྭ་ནག་པོ་ཏི་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྦྱར་ལ་འབུམ་ཕྲག་གསུམ་བཟླས༔ མཛེ་འདོན་ན་བྱེ་བ་གཅིག་འདོན་གསུངས་ཀྱང་༔ ད་རེས་ཀླུ་ནད་ནི་མིན་པས་བྱེ་བ་ནི་མི་དགོས་ཏེ༔ ད་རེས་ཞག་བདུན་ལ་ཅི་ཐོན་ཙམ་ཐོན༔ དེའི་ཚེ་དམིགས་པ་ནི༔ གལ་ཏེ་བློ་རྒྱ་ཆུང་བ་ལ༔ ལུས་ལ་གདོན་ཆེན་ཞུགས་པ༔ ལྟེ་བར་རཾ་ཡིག་དམར་པོ་བསམ༔ རཾ་ལས་མེ་འབར་ལུས་ཀུན་བསྲེགས༔ རང་ཉིད་མེ་དཔུང་ཆེན་པོར་གྱུར༔ རཾ་གྱི་ཚྭ་ཚྭ་འཕྲོས་པ་ལས༔ མེ་སྒྲ་སྔགས་སྒྲ་སྒྲོག་པར་བསམ༔ ཞེས་རྒྱ་གཞུང་ཆེ་བ་ནས་གསུངས་པའི་དོན་ནི༔ སྔ་དྲོའི་རིང་ལ་སྔོན་ལྷ་བསྒོམ་པ་དེ་སྟོང་


CMR016_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྡུས་ནས་རང་ཐ་མལ་པར་གནས་པའི་ལྟེ་བར་རཾ་ཡིག་དམར་པོ་བསྒོམ༔ རཾ་དེ་ལས་མེ་འབར་བས་རང་ལ་གནོད་པའི་ནད་གདོན་རང་གི་ལུས་དང་བཅས་པ་བསྲེགས་ནས་རང་ཉིད་མེ་དཔུང་ཆེན་པོར་གྱུརཿ མེ་དཔུང་དེ་ལས་རཾ་ཡིག་དམར་པོ་ཚྭ་ཚྭ་མང་པོ་འཕྲོ་ཞིང་མེ་སྒྲ་ལ་སྔགས་སྒྲ་སྒྲོག་པར་བསྒོམ་ཞིང་སྔགས་བཟླའོ༔ ཡང་རང་ཉིད་ཁྲོ་བོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཐུགས་ཡེ་ཤེས་སེམས་དཔའི་ཡི་གེ་ཧྲཱིཿམཐིང་ནག་གཟི་བརྗིད་དང་ལྡན་པར་བསམ༔ ཧྲཱིཿའི་མཐའ་བསྐོར་དུ་རྩ་སྔགས་ནཱ་ག་རཀཱའི་སྔགས་གཉིས་སྦྲེལ་བའི་སྔགས་ཕྲེང་དམར་པོ་འོད་ཟེར་དང་བཅས་པ་མགལ་མེ་བསྐོར་བ་ལྟ་བུ་གཡས་བསྐོར་དུ་དམར་སྒ་ར་ར་དྲག་ཏུ་འཁོར་བས༔ ཧྲཱིཿདང་སྔགས་ཕྲེང་ལས་འོད་ཟེར་མེ་དཔུང་གི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས༔ རང་གི་ལུས་ལ་ཡོད་པའི་ནད་གདོན་ཐམས་ཅད་བསྲེགས༔ རོ་མ་རྣམས་འབུ་སྲིན་གྱི་ཚུལ་དུ་བ་སྤུའི་བུ་ག་ནས་ནག་ཉིལ་གྱིས་ཕྱིར་བུད༔ ལུས་ཀྱི་ནང་ཐམས་ཅད་ངོ་བོ་ཁྲོ་བོ་རྟ་མགྲིན་གྱི་བྱིན་རླབས་བདེ་བའི་རང་བཞིན་ལས་རྣམ་པ་མེའི་རང་བཞིན་དམར་ལྷང་ངེ་བ༔ མེ་ལྕེ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་


CMR016_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ རང་ལུས་མདུན་རྒྱབ་མེད་པར་མེ་དཔུང་ཆེན་པོའི་དཀྱིལ་དུ་གནས་ཤིང་མེའི་ཚྭ་ཚྭ་རཾ་དམར་པོ་ལྕགས་སྲེག་གི་ཚྭ་ཚྭ་ལྟར་འཕྲོ་བ༔ མེ་སྒྲ་ལ་སྔགས་སྒྲ་འུར་འུར་སྒྲོགས་པར་བྷེ༔ དེ་ལྟར་བྱས་པས་ལུས་ལ་གདོན་ཡོད་པ་སློང་བའི་རྟགས༔ གདོན་གྱི་ཆོ་འཕྲུལ་ཤ་འགུལ་དང་ཚ་ཚག་དང་རྐང་རྒྱུད་གཟེར་བ་ཡར་སྐྱུག་པ་མར་འགྲིམ་པ༔ སྔོན་མེད་པའི་ཤིག་སྔོན་པོ་དང་དམར་པོ་ཐོན་པ་རྨི་ལམ་དུ་སྦལ་སྤྲུལ་ཉ་ལྕོང་སྡོམ་སྡིག་གྲོག་སྤུར་ལ་སོགས་པ་ལུས་ནས་ཕྱིར་ཐོན་༔ ཆུ་རྟགས་བཞག་ན་དེའི་ནང་དུ་སྲོག་ཆགས་ཤི་བའི་རོ་འདྲ་བ་དང་༔ རི་མོ་དོད་པ་ལྟ་བུ་འོང་བར་བཤད་དེ༔ རྒྱུད་ནཱ་ག་རཀྟའི་སྔགས་འདི་གཤིན་རྗེ་འཆི་བདག་ནག་པོའི་སྔགས་ཡིན་པར་འདུག་པ་ཤིན་ཏུ་ཟབ་པའི་རྣལ་འབྱོར་ལ༔ ལུས་ལ་ནད་ཆེན་པོ་མེད་ཀྱང་༔ ཀླུ་ས་བདག་གིས་གནོད་པ་ཡོད་ན་སྐྱུག་པ་དང་འགྲིམ་པ་དང་རྐང་རྒྱུད་གཟེར་བ་རྣམས་བྱུང་བ་ནི་མྱོང་བས་འགྲུབ་པས༔ གལ་ཏེ་དེ་འདྲ་བྱུང་ན་ཡང་ལུས་ལ་ཡོད་པའི་གདོན་ནད་སོགས་སྔགས་ཀྱི་ནུས་པས་སློང་བ་ཡིན་པས་ཤེས་པར་གྱིས་ལ་རྣམ་རྟོག་མི་བྱའོ༔ དེ་ལ་ཞག་བདུན་དུ་ཚར་ནས༔ རཏྣ་ལུགས་འདི་ཡི་གཞུང་ལས་ས་བདག་ཀླུ་གཉན་རྒྱལ་བསེན་ཟེར་བ་མ་གཏོགས་མེད་ཀྱང་༔ རྒྱ་གཞུང་གི་འགྲེལ་བ་ལས༔ གནོད་བྱེད་ཟེར་བའི་མལ་དུ་དགྲ་བགེགས་བྱད་མའི་མིང་གཞུག་པར་བྱ་གསུངས་པ་དང་༔ ༈ པདྨ་གླིང་པའི་གཏེར་ཁ་རྟ་མགྲིན་ནག་པོ་ལས༔ ས་བདག་ཀླུ་གཉན་རྒྱལ་བསེན་


CMR016_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཟའི་ཡིད་ལ་རྦད་རྦད་སོགས་སྔགས་རིང་བཤད༔ དཔེར་ན་དོན་ལ་གནོད་བྱེད་ཟེར་བའི་ཚབ་ཏུ་གང་གནོད་བཙུད་རྒྱུ་ཡིན་པར་འདུག༔ དེ་ལ་ས་བདག་ཀླུ་གཉན་གྱིས་གནོད་པ་ནི་ཆེར་མེད་ལ༔ འདི་ཁྱབ་ཆེ་བ་དང་སྟབས་བདེ་བའི་ཕྱིར་འདྲ་མིན་མེད་པར་མིང་མཇུག་རྣམས་གཅིག་བྱས་ན་འདོན་བདེ་བས༔ ད་ལམ་འདི་ལྟར་བྱ་སྟེ༔ གོང་གི་རྩ་སྔགས་དང་ནཱ་ག་རཀཱའི་སྔགས་མཇུག་ཏུ་འདི་བཏགས༔ ཡཀཱ་ཀཱ་ལ་ཆེན་པོས་གནོད་བྱེད་གཟའ་ཀླུ་རྒྱལ་འགོང་ཕོ་མོའི་སྲོག་རྩ་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ པགས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ གཟའ་ཀླུ་རྒྱལ་འགོང་ཕོ་མོའི་ཡིད་ལ་རྦད་རྦད༔ ཡཀཱ་ཀཱ་ལ་ཆེན་པོས་གཟའ་ཀླུ་རྒྱལ་འགོང་ཕོ་མོའི་ཙིཏྟ་ཟུང་ཟུང་༔ ཙིཏྟ་སྨུག་སྨུག༔ ཙིཏྟ་ཕྱུང་ཕྱུང་༔ ཙིཏྟ་གཏུབ་གཏུབ༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུ་རི་ལི་ལི༔ རྦད་རྦད་ཡ་ཡ་བྷྱོ་བྷྱོ༔ གཟའ་ཀླུ་རྒྱལ་འགོང་ཕོ་མོའི་སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུང་ཕྱུང་༔ གཏུབ་གཏུབཿ ཁཾ་ཁཾ་ལཾ་ལཾ་རྦད་རྦད༔ དུམ་བུར་རྒུད་ཆུད༔ ནཱ་ག་རཱ་ཛཱ་མཱ་ར་ཡ་རྦད་རྦད་སོད་སོད༔ མྱོག་མྱོག་པཾ་རིལ་མཱ་ར་ཡ་རྦད་ཡ༔ ཞེས་རྟགས་མ་ཐོན་བར་དུ་ཁྲི་ཕྲག་གཅིག་བཟླ་གསུངས་ཏེ༔ ད་ལམ་ཞག་བདུན་ཙམ་བཟླས་ཀྱང་རུང་༔ འདི་ལ་


CMR016_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ངའི་སློབ་དཔོན་སྔགས་འཆང་སོགས་ཁམས་པ་རྣམས་ཀྱིས་རླད་རླ་ཟེར་ཞིང་འདུག་སྟེ་དབུས་གཙང་སོགས་མཁས་པ་རྣམས་ཀྱི་གསུང་རྒྱུན་ལ་ར་ལ་ཝ་ཟུར་བཏགས་པ་ནི་ཡོད་དེ༔ ཝ་དངོས་བཏགས་པ་ནི་མེད༔ གལ་ཏེ་ཡོད་ན་མགྱོགས་ཀྱིས་ར་ཝད་ཟེར་དགོས༔ ར་ལ་བ་བཏགས་པ་ནི་ཡོད་པས་རྦད་ཡིན་ཟེར་བས་ད་ནི་དེའི་ལུགས་བྱས༔ འདི་ཡི་ཚེ་དམིགས་པ་ནི༔ རང་ཉིད་གཙོ་འཁོར་ལྔ་སྐུ་ཆེ་ལ་ཡན་ལག་རགས་པ་མེ་དཔུང་གི་དབུས་ན་གཟི་བརྗིད་དང་ལྡན་པར་བསྒོམ་པའི་ཐུགས་ཀ་ནས་རང་ལས་ཆུང་ཙམ་གྱི་སྤྲུལ་པའི་ཁྲོ་བོ་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་ཏེ༔ སྟོང་གསུམ་མེར་གྱིས་གང་༔ རང་ལ་གནོད་བྱེད་གང་ཡིན་པ་ལྕགས་ཀྱུས་སྙིང་ནས་བཟུང་ཞགས་པས་མགུལ་ནས་བཅིངས༔ ཕྱག་གཡས་རལ་གྲིས་དུམ་བུར་གཏུབས་ནས་ཕྱེ་མར་བཏང་བ་ལས་མཁན་ཁྲོ་བོ་རྣམས་ཀྱིས་ཤ་ཟོས༔ ཁྲག་འཐུང་༔ རུས་པ་མུར་ནས་རྡུལ་དུ་བརླག༔ ལྷག་མ་རྣམས་ཁྲོ་ཆུང་རྣམས་ཀྱི་སྐུ་ལས་འཕྲོས་པའི་མེ་དཔུང་གིས་བསྲེགས་ནས༔ རྗེས་ཀྱང་མེད་པར་ཡང་ཡང་བསྒོམ་ཞིང་༔ སྔགས་ཁ་ཤུགས་བསྐྱེད་ལ་བཟླ་གསུངས་པས༔ ཆེ་དྲགས་ན་གཞི་བདག་ལ་ཡང་གནོད་ཅིང་རང་གིས་ཀྱང་མི་འཁྱོང་༔ སྔགས་སྒྲ་ཆུང་དྲགས་པ་དང་ཡིད་འདོན་བྱས་ན་ནུས་པ་མི་འབྱུང་བས༔ དྲུང་དུ་ཡོད་པའི་མི་


CMR016_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐོས་ཙམ་གྱིས་སིལ་བུར་བཟླ༔ ང་ཡི་བླ་མ་ངག་དབང་འཇིགས་མེད་གྲགས་པ་དེ་ཆུང་དུས་མཛེ་བྱུང་ནས་རྟ་ནག་ཉང་ལུགས་བསྒྲུབས་པས༔ བུམ་པའི་ནང་ནས་དུ་བ་ཕྱུ་རུ་རུ་བྱུང་༔ སྒལ་ཚིགས་ཀྱི་འོག་འདི་ནས་སྐྲངས་པ་ན་བྱུང་༔ དེ་རྡོལ་བའི་ནང་ནས་སྦལ་པ་མཐེ་བོང་ཙམ་ཞིག་དངོས་སུ་བུད་བྱུང་༔ དེ་ཐེབ་རྩེའི་ནང་དུ་བཞག་འོ་མ་བླུད་ནས་གྲྭ་པ་གཅིག་ལ་ཆུ་མགོ་ནང་ན་བསྐྱེལ་རྒྱུ་བསྐུར་བས༔ གྲྭ་པ་དེ་མཛེ་བྱུང་ནས་ཤི༔ ཁོ་རང་དྲག་གསུངས༔ གཞན་མཁས་པ་ཞིག་ན་རེ༔ སྦལ་པ་དེ་བསད་ནས་ཉ་ར་བྱས་ན༔ མཛེ་ལ་དེའི་ཤ་ཞེད་ཙམ་རེ་བྱིན་ཀྱང་ཐེང་ཆོག་ཡིན་ཟེར་སྐད༔ དེ་ལ་པདྨ་གླིང་པའི་རྟ་ནག་གི་གཞུང་ནས༔ ཕྱི་རབས་སྙིགས་མ་ལྔ་བདོ་མར་འགྲིབ་དུས༔ ས་བདག་ཀླུ་གཉན་སྡེ་བརྒྱད་དྲེགས་པ་ཡིས༔ སེམས་ཅན་ཀུན་འཚེ་ཆར་ཆུ་དུས་མི་འབེབས༔ སྔར་མེད་ནད་དང་མཛེ་དང་བརྒྱལ་ནད་དང་༔ གཟའ་ཡི་གནོད་པ་མི་སྡུག་སྣ་ཚོགས་འོང་༔ དེ་དུས་ཐུགས་རྗེ་ཆེན་པོས་བོད་ཡུལ་འདུལ་ཞིང་ཡིན༔ ཞི་བས་མི་འདུལ་དྲག་པོས་འདུལ་དགོངས་ནས༔ རྙིང་མ་དགོངས་རྒྱུད་ཡིན་ཀྱང་སེམས་ཅན་དོན༔ གནམ་སྐས་བྲག་ལ་སྦས་སོ་ས་མ་ཡ༔ ཞེས་གསུངས་པའི་ཕྱིར་གཟའ་ཀླུ་རྒྱལ་པོའི་ནད་གསུམ་གང་ཡིན་ཡང་ཕན་ངེས་སོ༔ དེ་ལྟར་གདོན་བགེགས་བསད་བཅད༔ གཏུབ་ཅིང་ལྷག་མ་མེ་ཡིས་བསྲེགས་པར་བསྒོམས་པའི་རྗེས༔ གདོན་ལ་སྙིང་རྗེ་དྲག་པོ་རེ་བསྒོམ༔ རང་དང་གདོན་དང་ནད་གསུམ་ངོ་བོ་སྟོང་ཉིད་ཀྱི་ངང་ལ་བཞག༔ ནད་གདོན་རང་གི་སེམས་ལས་གཞན་དུ་མ་


CMR016_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ༔ སེམས་ནི་ཆོས་སྐུ་ཡིན་པར་བློ་ཐག་བཅད་ནས༔ སེམས་ངོའི་ངང་ལ་མཉམ་པར་བཞག༔ རང་གི་སེམས་ཡང་འདྲེ༔ འདྲེ་ཡང་རང་གི་སེམས་ཡིན་པར་ཤེས་པ་ནི༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ་སྟེ༔ ཕྱིར་ལྡོག་མི་སྲིད་པའི་གནད་ཡིན༔ སྔགས་རིང་འདོན་དུས་སུན་ན༔ ཐུན་མཚམས་སུ་དེ་ལྟར་སེམས་ངོ་ཡུན་རིང་ཞིག་སྐྱོང་༔ དེའི་ཚེ་སྔགས་མི་འདོན་པར་ངལ་བསོ༔ ཡང་སྔོན་ལྟར་རང་ཉིད་ལྷའི་སྐུ་གསལ་པོར་བསྒོམས་པ་ནི༔ གཉེན་པོ་སྟོབས་ཀྱི་ལྷ་ཞེས་བྱ་སྟེ༔ ང་རྒྱལ་དང་ལྡན་པས་དམིགས་པ་རྣམས་བསྒོམ་ཞིང་སྔགས་རིང་རྣམས་བཟླ༔ འདི་ལ་ཐུན་གྱི་གྲངས་ཀ་ནི་རང་གིས་ཅི་འདོད་བྱེད་ཆོག་ཅིང་༔ ཐུན་མཚམས་སུ་གཏོར་མ་གསོས་ལ་ལས་བྱང་འདོན་པ་གཏོར་བསྔོས་ཡིན༔ དེ་ནས་དགོང་མོ་ལ༔ རང་གི་ལག་པ་གཡས་གནམ་ལྕགས་དང་གཡོན་ཟངས་ཀྱི་འཁོར་ལོ་རྩིབས་དྲུག་པ་གཉིས༔ རྩིབས་མཆན་དུ་སྡིག་པ་ནག་པོ་མགོ་ནང་དུ་གླུ་བ་རེ་བསྒོམ༔ འཁོར་ལོའི་ལྟེ་བར་ནི་ཏྲི་ལས་གནོད་བྱེད་དངོས་སུ་གསལ་བར་བསྒོམ༔ ལག་པ་གཉིས་ཐལ་མོ་བསྣོལ་བས་ཟངས་ལྕགས་འཁོར་ལོ་གཉིས་གཡས་གཡོན་དུ་བསྣོལ་མར་འཁོར་བའི་བར་དུ་གནོད་བྱེད་ཡོས་ལྟར་བཏགས་པར་བསྒོམས༔ ཐལ་མོ་བརྡབས་པས་བྲག་ལ་སྒོ་ང་བརྒྱབ་པ་བཞིན་གནོད་བྱེད་དམར་ཆལ་ཆལ་སོང་བས༔ ཤ་ཁྲག་རུས་གསུམ་རྩིབས་བར་


CMR016_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡིག་པ་རྣམས་ཀྱིས་ལྷག་མ་མ་ལུས་པར་ཟོས་པར་བསྒོམས་ནས༔ སྔགས་རིང་བརྒྱ་རེ་ཐེམ་པ་དང༔ ཐལ་མོ་དགུ་རེ་བརྡབ༔ དེ་ལྟར་དགོང་མོ་རེ་ལ་ལན་རེ་བྱས་པས༔ ཞག་བཅུ་ལ་སྟོང་ཚོ་གཅིག་འགྲོ་བས་ལས་འགྲུབ་པར་གསུང༔ དེ་ལྟར་ཆད་བརྒྱུད་སྔགས་ལ་ཁྲི་ཕྲག་གཅིག་འདོན་གསུང་ཡང་༔ ད་ལམ་ཞག་བདུན་ལ་འདོན༔ ༈ དེ་ནས་སྔགས་རིང་རྗེས་མ་འདི་གཙོ་ཆེར་ཀླུ་འདུལ་བ་ཡིན་ཏེ༔ བསྒྱུར་ཁའི་གནད་ཀྱང་སྔོན་གོང་དང་འདྲ་བར་ཡོད་དོ༔ དམིགས་པ་དང་ཐལ་རྡེབ་སོགས་གོང་དང་འདྲ་སྟེ༔ གནོད་བྱེད་ཀྱི་གཟུགས་ནི༔ རྒྱལ་འགོང་ནི་བཙུན་གཟུགས་རོད་ངན་པ་ཞྭ་ཐེབ་ཅན༔ གཟའ་ནི་མིའི་གཟུགས་དུད་ཀ་སྤྱི་གཙུག་ན་བྱ་རོག་གི་མགོ་ཡོད་པ༔ ལུས་ཀྱི་ཤ་སྐམ་ཞིང་རིད་པ་ལུས་པོ་མིག་གིས་གང་བ༔ ཨོག་ཚོམ་དཀར་པོ་ཅན་དྲང་སྲོང་གི་ཆ་ལུགས་ཅན༔ ཀླུ་ནི་དངོས་སམ་སྦལ་སྦྲུལ་གྱི་གཟུགས་སུ་བསྒོམ་ཞིང་དེ་རང་ལ་གནོད་བྱེད་དེ་ཡིན་པར་བསམས་ནས་བསད་པ་དང་གཏུབ་པ་དང་བསྐྲད་པ་སོགས་བྱའོ༔ ཐུན་མཚམས་སུ་སྙིང་རྗེ་བསྒོམ་པ་དང་སྟོང་ཉིད་བསྒོམ་པ་སོགས་སྔོན་དང་འདྲ༔ སྔགས་ནི་རྟ་མགྲིན་གྱི་རྩ་སྔགས་དང་ནཱ་ག་རཀཱའི་སྔགས་གཉིས་སྦྲེལ་ལ་སྔགས་རིང་འདི་བཏགས་ལ་བཟླ༔ ཨོཾ་ཙཀྲ་དུ་ན་བདག་ལ་གནོད་བྱེད་གཟའ་ཀླུ་རྒྱལ་འགོང་ཕོ་མོའི་མགོ་ལ་ཆོམ་ཆོམ༔ ཞེ་སྡང་ཤ་ལ་མྱག་མྱག༔ ནཱ་གའི་ཤ་ལ་ཕྱག་མྱག༔ འདོད་ཆགས་ཁྲག་ལ་རྡུད་རྡུད༔ ནི་གའི་ཁྲག་ལ་


CMR016_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྦུད་རྦུད༔ ང་རྒྱལ་སྙིང་ལ་གཟིར་གཟིར༔ ནཱ་གའི་སྙིང་ལ་གཟིར་གཟིར༔ འགྲིམ་འགྲིམ༔ དབང་པོ་ཡན་ལག་ནས་ཟུང་ཟུང་༔ ནཱ་གའི་སྙིང་དང་དབང་པོ་ཡན་ལག་ནས་ཟུང་ཟུང་༔ རྩ་རྒྱུད་ལ་ཐུམ་རི་ལི་ལི༔ རྩ་ཐོང་རྩ་ཐོང་༔ ནཱ་གའི་རྩ་ལ་ཐོང་ཐོང་༔ ཁྲག་བྱེད་རུས་ལ་ཁྲུམ་ཁྲུམ༔ འཆིང་བྱེད་སྲོག་ལ་རྦད་རྦད༔ ནཱ་གའི་སྲོག་ལ་རྦད་རྦད༔ བརྒྱལ་བྱེད་རྩ་ལ་རྡུད་རྡུད༔ ནཱ་གའི་རྩ་ལ་རྡུད་རྡུད༔ ནཱ་ག་རཱ་ཙ་སོད་སོད༔ བྱིང་བྱིང་ཐིབ་ཐིབ༔ མྱོས་མྱོས༔ སོད་སོད༔ རྦད་རྦད༔ ནན་ནན༔ ནཱ་ག་རཱ་ཛའི་སྲོག་ལ་ཐིབ་ཐིབ༔ ཕོབ་ཕོབཿ སྙིང་ཐིག་ལ་ཕོབ་ཕོབ༔ དོན་སྙིང་ལྔ་ལ་ཕོབ་ཕོབ༔ སྤུ་གྲི་འབར་བས་གནོད་བྱེད་གཟའ་ཀླུ་རྒྱལ་འགོང་ཕོ་མོའི་སྙིང་ནས་དྲོངས་ཤིག༔ ནཱ་ག་རཱ་ཙ་ཐུམ་རིལ་ཛཿ མཱ་ར་ཡ་བམ་རིལ་རྦད་ཡ༔ ཞེས་ཁྲི་ཕྲག་གཅིག་བཟླ༔ ཞེས་གསུངས་ཀྱང་ཞག་བདུན་ལྔ་རྟགས་ལ་བལྟ་ཞིང་བཟླའོ༔ དེས་མ་ཕན་ན་གསུངས་པ་ནི༔ མཛེ་ནད་ལ་མ་ཕན་ན་ཟེར་བ་ཡིན་ཀྱང་དོན་ལ་འདྲ་བས་རྟ་མགྲིན་གྱི་སྔགས་དང་ནཱ་ག་རཀཱའི་སྔགས་གཉིས་སྦྲེལ་ལ་འདི་བཏགས༔ ཨོཾ་ནཱ་ག་དུ་ཙན་དེ་ཙན་དྡྷེ་མི་ལི་མི་ལི་བྷན་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ ཞེས་སྦྱར་ལ་ཁྲི་ཕྲག་གཅིག་


CMR016_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གམ་ཞག་གསུམ་ཙམ་བཟླས༔ ད་ནི་རྒྱལ་བསེན་འདུལ་བ་བསྟན༔ དུས་ཀྱི་ཐ་མ་ལ་རྒྱལ་པོ་འདི་ཡིས་འགྲོ་བ་མཐོ་དམན་མེད་པ་ལ་གནོད་ཚབས་ཆེ་ཞིང་ཁྱད་པར་དམ་སྲི་ཡིན་པས་ཆོས་པ་རྣམས་ལ་བར་དུ་གཅོད་པས༔ འདིའི་སྲོག་འཕྲོག་སྤུ་གྲི་དྲག་སྔགས་འདི་ཡིན་ནོ༔ འདིའི་མགོ་ན་ཡང་རྟ་མགྲིན་གྱི་རྩ་སྔགས་དང་ནཱ་ག་རཀཱའི་སྔགས་གཉིས་སྦྲེལ་ལ་འདི་ལ་བཏགས༔ ཨོཾ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ༔ བཛྲ་རུ་ཏ་ཀ༔ བཛྲ་རུ་ཏེ་ཀ༔ ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བྷན་དྷ་ཧྲཱིཿ་ཛཿ བཛྲ་རཱ་ཛཿ ས་མཱ་ཡ་སཾ༔ ཨེ་ཨཱ་ར་ལི་ཧཱུྃ་ཧྲཱིཿཛཿ ས་མ་ཡ་སྟཱ༔ ཨོཾ་ལྷང་ལྷང་ཙེར་ཙེར༔ ཐུམ་ཐུམ༔ ཤེལ་ཤེལ་སྭཱ་ཧཱ༔ ཧྲཱིཿབཛྲ་རཀཱ་རཱ་ཛཱའི་ཙིཏྟ་ཟུང་ཟུང་༔ ཁ་རག་སྨེ་ཤ་ཅད་རྦད༔ ཁུ་ན་དུམ་བུར་ཤིག་ཤིག༔ དྷ་ན་རཀཱའི་ཙིཏྟ་ཕྱུང་ཕྱུང་༔ ལྡོག་ན་རཀཱའི་ཙིཏྟ་རྦད་རྦད༔ ཏྲི་གཏུབ་ཛཿ རཱ་ཛ་ཐུམ༔ ཨ་ཏི་རྦད༔ མཱ་ར་ཡ་ཐུམ༔ མཱ་ར་ཡ་ཛཿ ཤེལ་གིང་དཀར་པོ་གཏུབ་མཱ་ར་ཡ་ཛཿ སྙིང་རྩ་ནན༔ པྲ་མ་ས་ཡ་ཧཱུྃ་ཧཱུྃ་ནན་རྦད་རྦད༔ ར་ཏྲི་ར་ཏྲི་ནན༔ མཱ་ར་ཡ་ཛཿ ཀཾ་ཀཾ་ཀུ་རུ་ནན༔ པྲ་མ་ས་ཡ་ཧཱུྃ་ནན༔ རཱཛ་ཁ་ཐུམ༔ རཱ་ཛ་ཏྲིག་ནན༔ ཏྲི་ཛཿ སྟོ་བྷ་ཡ་ནན༔ ཧཱུྃ་ཕཊ་ནན༔ བདུན་ནམ་ཉེར་གཅིག་ཙམ་རེ་བྱ༔ རྟགས་དང་བསྟུན་ཏེ་བཟླའོ༔ བརྒྱལ་སོང་ན་གནོད་


CMR016_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཐུལ་བ་དང་ཆུན་པའི་རྟགས་བྱུང་ན་དམ་བོརཿ མནའ་བསྒག་ལ་ཚོད་རན་པ་གཅེས་སོ༔ ཨར་ལ་གཏད་ན་ཁོ་རང་སྲོག་དང་བྲལ་བས་སྡིག་ཆེའོ༔ ལར་སྔགས་འདི་ལ་ཞག་རེ་ལ་བདུན་རེ་བཟླས་ན་ཞག་བདུན་ནས་ཐུལ་ལོ༔ ཞེས་གསུངས་པའི་དོན་ནི༔ འོག་གི་རྫ་ས་སྒྲུབ་ཀྱི་སྐབས་ནསཿ དགོས་དུས་ཁ་གསོ་བ་ནི༔ རྩ་བའི་སྔགས་བརྒྱའམ་སྟོང་སོགས་ཀྱིས་ཀླུ་དང་རྒྱལ་པོ་སོགས་གང་བསྲུང་ལ་སྔགས་ཚན་གསུམ་པོ་ཕོ་མོ་གང་བསྲུང་ལ་རབ་ཁྲི་ཕྲག༔ གཞོན་ནུ་རྣམས་ལ་སྟོང་ཕྲག་རེ༔ བྱོལ་སོང་ལ་བརྒྱ་རེ༔ ཞོ་ཆང་ལ་ཉེར་གཅིག་རེ༔ ཞེས་གསུངས་པས༔ སྔགས་རིང་འདི་ཁྲི་ཚོ་བཏོན་པས་མང་བའི་སྐྱོན་དུ་མི་འགྱུར་ཞིང་༔ སྔགས་རིང་དེ་ལ་ཕྲེང་རྡོག་རེ་བཞག་པས༔ ཞག་བདུན་ལ་ཡང་ཁྲི་ཕྲག་ལས་མི་ཚར་རམ་སྙམ༔ ཐུབ་པའི་རྟགས་བྱུང་ཡང་ད་རུང་བཟླས་ན་ཁོ་བརྒྱལ་ནས་འགྲོ༔ བརྒྱལ་སོང་ན་གནོད་པ་ཆེར་བྱེད་པས༔ གདོན་ཐུལ་བའི་རྟགས་དང་ཆུན་པའི་རྟགས་མི་གནོད་པའི་དམ་བཅའ་སོགས་བྱུང་ན༔ རང་ལྷར་གསལ་བའི་མདུན་དུ་གཟའ་དང་རྒྱལ་པོ་དང་ཀླུ་ལ་སོགས་པ་རང་རང་གི་གཟུགས་སུ་ཐལ་མོ་སྦྱར་ནསཿ ད་ཕྱིན་ཆད་ཁྱེད་འཁོར་བཅས་ལ་གནོད་པ་བྱེད་རེ་ན་ར་ཀན༔ ཞེས་ལན་བརྒྱ་སྟོང་མང་པོ་ཟེར་བར་བསྒོམ་པ་ནི་མནའ་བསྒག་པ་ཡིན༔ དམ་ཚིག་གི་མནའ་ཆུ་བླུད་པར་བསྒོམས་ལ༔ ཨ་མྲྀ་ཏ་ཁཱ་ཧི་ཞེས་སྲིན་ལག་གིས་བདུད་རྩི་གཏོར་ལ་ཁོས་འཐུང་བར་བསམ༔ རང་གི་ལག་གཡས་རྡོ་རྗེ་ཐོགས་ལ༔ དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་པས་སྤྱི་བོར་


CMR016_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་མཚན་པར་བསྒོམ༔ དེ་ནི་དམ་བོར་བ་ཡིན་ནོ༔ ནུས་པ་ཆེན་པོ་ཅན་གྱིས་ད་རུང་ཨར་ལ་གཏད་ན་ཁོ་སྲོག་དང་བྲལ་བས་སྡིག་ཆེ་གསུངས་ཏེ༔ མི་ཤི་བ་ལྟར་མེད་འགྲོ་བ་མ་ཡིན༔ འདྲེ་ཤི་ཞག་གསུམ་ཟེར་བའི་དཔེ༔ ཞག་འགའ་ནས་སྔོན་ལྟར་འདྲེ་ཞིག་ལ་སྐྱེས་ཏེ༔ སྔར་ཡང་རི་དྲུང་པ་འདྲེ་ལ་སྐྱེས་ནས་མཚུར་ཕུའི་བྲག་ལ་གནས་པ༔ འཇའ་ཚོན་སྙིང་པོས་གཟིར་བས༔ འཇའ་ཚོན་སྙིང་པོ་གློ་ཚད་བསྙུངས་སྟེ་དེས་འདས་བྱས༔ ང་ཡང་དེས་ཤི་བྱས་ཏེ་ཁོ་ཡང་ཚེ་འཕོས་ནས་ཡོད་སྙམ་གསུངས་པ་ལྟར༔ མཚུར་ཕུ་ནས་ཚེ་འཕོས་ཏེ༔ ད་ལྟར་འབྲས་སྤུང་གི་ནུབ་བྱང་མཚམས་སུ་གནས་ནསཿ ཕྱོགས་བཅུ་ཀུན་ཏུ་རྒྱུག་ཅིང་ཞྭ་དམར་ནག་གི་བསྟན་པ་ལ་གནོད་པས༔ དེ་བསྲེགས་པ་དང་མནན་པ་སོགས་མ་ཐུབ་ན༔ ཀར་ལུགས་ཀྱི་བསྟན་པ་དར་བར་མི་འགྱུར་ཞེས༔ རིག་འཛིན་སྲོག་སྒྲུབ་ཀྱི་ལུང་བསྟན་དུ་འདུག་པ་ལྟ་བུའོ༔ བདག་གི་མྱོང་བ་ལ༔ རྒྱལ་རྟགས་ཀྱི་ཆོ་འཕྲུལ་སོགས་བྱུང་དུསཿ འདི་ཡི་སྔགས་རིང་རྣམས་བཟླས་པས་ཐུབ་རྟགས་དང་ཐུལ་རྟགས་ཀྱང་མི་འོང་ཞིང་༔ གདོན་རྟགས་རྣམས་ཀྱང་མེད་པར་འཇམ་མུག་གེ་འགྲོ་འདུག་པས། གདོན་དེ་བྲོས་པ་ཡིན་པ་འདྲ༔ དེ་རྗེས་གྲྭ་པ་དགུ་ཙམ་ལ་སྲོག་རླུང་བྱུང་བས༔ སྡིག་པའི་ཁོལ་བསྒྲུབ་མང་འདོན་པཞག་འགའ་བྱས་པའི་མཇུག་ནས༔ འདི་ཡི་རྒྱལ་བོ་འདུལ་བའི་སྔགས་དེ་ཡང་བདག་གིས་མང་ཞིག་བཏོན་པསཿ ནམ་ཐོ་རངས་གཉིད་པ་མ་ཡིན་ཉམས་ཀྱི་སྣང་བརཿ གཟུགས་ནི་མ་མཐོང་སྟེ་རྣ་བའི་ཡུལ་དུ་སྒྲ་གྲག་པ༔ ཆོས་རྒྱལ་


CMR016_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གཏམ༔ ཁྱོད་ལ་གནོད་པ་བྱེད་རེ་ཀན་ཟེར༔ ང་ལ་གནོད་པ་མི་བྱེད་པས་མི་ཆོག༔ ངའི་འཁོར་རྣམས་ལ་ཡང་གནོད་པ་མི་བྱེད་དགོས་རྒྱུ་ཡིན་བསམས་པས༔ ཁྱོད་ཀྱི་འཁོར་རྣམས་ལ་གནོད་པ་བྱེད་རེ་ན་ར་ཀན་ཟེར་དེ་ནས་སྔགས་རིང་མ་བཏོན་དམིགས་པས་ཀྱང་མ་གཟིར་བས༔ གྲྭ་པ་རྣམས་ཀྱང་རིམ་གྱིས་བདེ་སོང་༔ དེ་བས་སྔོན་དུས་གདོན་ཅན་མང་པོ་བཀའ་བསྒོ་ཞུ་བར་བྱུང་དུས༔ སྦ་ལྕག་རྒྱབ་ཅིང་རྦད་བརྒྱད་འདོན་པ་རྒྱུན་དུ་བྱེད་སྐབས༔ ནུབ་གཅིག་གཉིད་པ་མ་ཡིན་ཉམས་ཀྱི་སྣང་བར་གཟུགས་ནི་མ་མཐོང་སྟེ༔ ས་འདིའི་འོག་གདིང་མ་ཟད་ན༔ ཀླུ་ཞིག་ཡོད་པ་རེད་པས༔ ཁྱོད་ཀྱི་དྲག་སྔགས་དེ་རྒྱུན་དུ་མ་འདོན་ང་ལ་གནོད་དོ་ཟེར་བ་ཐོས༔ དེ་ཕྱིན་ཆད་བཀའ་བསྒོ་དུས་མ་བཏོན༔ ཐུལ་བའི་རྟགས་བྱུང་ནས་ཚོད་བཟུང་བ་གཞུང་ནས་གསུངས་ལྟར་ཡིན་ཏེ༔ ལྷ་འདྲེ་གཞན་དང་མི་འདྲ་རྒྱལ་འགོང་འདི་དམ་སྲིའི་རིགས་ཡིན་པས་ཆད་དོན་སྟེང་ན་མི་འཇོག་པའི་ཕྱིར༔ ཨོ་རྒྱན་རིན་པོ་ཆེས་ཀྱང་རྒྱལ་པོ་འདི་དམ་ལ་བཏགས་ཝིག་མང་པོ་བྱས་འདུག་པ་ལྟརཿ རྗེས་ནས་གནོད་པ་བྱུང་ན་སྔགས་རིང་འདོན་མི་རུང་བ་ནི་མ་ཡིན་ནོ༔ སྔགས་རིང་རྣམས་འདོན་ཚེ་རྫས་རྒོད་ལ་ཕུ་སུ་རེ་ཚར་ན་ཤིན་ཏུ་ལེགསཿ དེ་མང་པོ་ལ་སྦྱིན་མི་སྤོབ་eཏྟཱན་ཉུང་ངུ་ཞིག་ལོགས་སུ་བསྔགས་ཀྱང་ཆོག༔ རྫས་རྒོད་མང་མ་ལ་ཕུ་མི་འདེབས་ཀྱང་མདུན་དུ་སྒྲུབ་རྟེན་གྱི་ཚུལ་དུ་བཞག་ན་ལེགསཿ སྒྲུབ་པ་ཚར་ནས་བདག་འཇུག་གཞུང་ལྟར་ལན་གསུམ་ལེན༔ ཡང་རྗེས་ནས་སྤོག་ཆོག་ཏུ་སྒྲུབ་པ་བྱེད་།


CMR016_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྔོན་ལྟར་དགོང་ཁའི་བར་དུ་རྩ་བའི་སྔགས་བསྒྲུང་༔ དེ་ནས་ནཱ་ག་རཀཱ་སྦྱར་བ་སུམ་བརྒྱ་ཙམ༔ དེ་ནས་རྦད་བརྒྱད་བདུན་ནམ་ཉེར་གཅིག༔ ཙཀྲ་དུ་ན་བདུན་ནམ་ཉེར་གཅིག༔ རྟ་མགྲིན་ནཱ་ག་རཀྵ་ནཱ་ག་དུ་ན་གསུམ་སྦྲེལ་བ་ཚར་བདུན་དེ་ནས་རྒྱལ་པོ་འདུལ་བའི་སྔགས་རིང་དེ་ཚར་གསུམ་མམ་བདུན༔ སྔགས་དེ་དག་སོ་སོ་འདོན་ཚེ་སོ་སོའི་དམིགས་པ་ཡང་དྲན་ཐུབ་ཙམ༔ ཐུན་མཚམས་སུ་སྟོང་ཉིད་དང་སྙིང་རྗེ་བྷེ༔ དེ་ལྟ་བུ་ཟླ་བསྒྲུབས་སམ་བདུན་གཉིས་བདུན་གསུམ་བསྒྲུབས་ན་སྤོག་ཆོག་གིས་བསྒྲུབ་པ་ཡིན་ནོ༔ ལྷ་དེ་དང་ཚེ་རབས་ལས་ཀྱི་འབྲེལ་བ་མེད་ན་ཡང་༔ སྤོག་ཆོག་མང་དུ་བྱས་ན་མི་འགྲུབ་མི་སྲིད་པ་ཡིན༔ ལར་ཕྱི་མ་བདེ་བ་ཅན་དུ་སྐྱེ་བ་དང་༔ ད་གང་བར་ཆད་སེལ་ཞིང་ལྷ་འདྲེ་གདུག་པ་ཅན་འདུལ་བ་ལ་རྟ་མགྲིན་འདི་ལས་ལྷག་མེད༔ རྟ་མགྲིན་རིགས་མི་འདྲ་བ་རྟ་མོག་རོའི་སྤུ་གྲངས་ཡོད་པར་གྲགས་ཀྱང་༔ སྤྱན་རས་གཟིགས་ཐུགས་ཁྲོས་པ་ནི་རྟ་མགྲིན༔ རྟ་མགྲིན་ཤིན་ཏུ་ཐུགས་ཁྲོས་པ་ནི་རྟ་མགྲིན་ནག་པོ་ཡིན་པས་རྣོ་མྱུར་ཤིན་ཏུ་ཆེ༔ གཏེར་ཁ་རེ་ནས་རྟ་མགྲིན་ནག་པོ་རེ་ཡོད་ཀྱང་༔ རཏྣ་ལུགས་འདིའི་ཤོག་སེར་ཆོས་གྲགས་རྒྱ་མཚོ་ལ་ཕུལ་བའི་རྟེན་འབྲེལ་གྱིས༔ འདི་དར་སྲོལ་ཆེ་ཞིང་བསྒྲུབས་ཚད་ཀྱི་ནད་གདོན་ཞི་བ་དང་༔ མཐུ་ནུས་ཆེ་བ་དང་༔ བྱིན་རླབས་ཆེན་པོ་བྱུང་བ་ནི་དཔག་ཏུ་མེད་དེ་མྱོང་བས་ཀྱང་གྲུབ་བོ༔ དེས་ན་ཁྱེད་རང་གི་ཐུགས་དམ་གྱི་རྟེན་དུ་ཡི་དམ་གྱི་རྩ་བ་འདི་རང་ལ་མཛོད་ལ༔ རྟ་མཆོག་རོལ་པའི་རྒྱུད་པོ་ཏི་གཉིས་དངུལ་གྱིས་བཞེངས་ནས་ཡོད་པ་ཡང་


CMR016_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་གི་བསྒྲུབ་པའི་རྒྱབ་བརྟེན་དུ་བསྒོམ་མཛོད༔ ཅེས་བླ་མ་ནམ་མཁའི་སྒྲུབ་པའི་གསལ་འདེབས་སུ་བླ་རྒན་ཨ་རཱ་གས་ངག་ནས་སྨྲས་པ་ལྟར༔ དགེ་སློང་བརྩོན་འགྲུས་ཀྱིས་ཡི་གེར་བཀོད་པ༔ ཕྱི་རབས་ཀྱི་སྔགས་འཆང་མང་པོ་ལ་ཕན་ཐོགས་རྒྱ་ཆེན་པོར་གྱུར་ཅིག༔ མངྒ་ལཾ་བྷ་ཝནྟུ་སརྦ་ཛ་ག་ཏཾ། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྔགས་བྱང་།next