Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
ཡང་གསང་ཁྲོས་པ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་གསང་ཁྲོས་པ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་པའི་ཟིན་བྲིས།next

ཡང་གསང་ཁྲོས་པ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་པའི་ཟིན་བྲིས།


CMR016_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་ཁྲོས་པ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་པའི་ཟིན་བྲིས་བཞུགས།།


CMR016_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྷི་ཝ་ཡེ༔ རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་ཞལ་གདམས་ནི༔ དཀྱིལ་འཁོར་རྡུལ་ཚོན་རས་བྲིས་སོགས་དང་༔ མདའ་བཞི་གྲི་བཞི་ཚོན་སྐུད་དྲ་བ་སོགས་སྒྲུབ་ཆེན་ལྟར་གྲུབ་ན་ལེགས༔ མ་འཛོམས་ན་རས་བྲིས་སམ༔ མེད་ན་དར་རམ་རས་ནག་པོའི་སྟེང་དུ་འབྲུ་ཡི་ཚོམ་བུ་ལྔ་བཀོད་པའི་དབུས་སུ་བུམ་པ་བུམ་རྫས་དང་བཅས་ཁ་རྒྱན་མགུལ་ཆིངས་སྔོན་པོ་ཅན་བཤམས༔ དེའི་སྟེང་དུའམ༔ མདུན་དུ་གཏོར་མ་རིན་ཆེན་འབར་བ་མར་གྱི་རྟ་མགོ་ཅན་བཤམས༔ གཡས་སུ་བདུད་རྩི་གཡོན་དུ་རཀྟ། མཐར་མཆོད་པ་སྣ་བདུན་བསྐོར་བཤམ་བྱ༔ གཞན་ཡང་གཏོར་སྒོམ་མམ་གང་བདེར༔ བླ་མ་ཡི་དམ་མཁའ་འགྲོའི་གཏོར་མ་ཆ་ཚང་བཤམས༔ སྔོན་འགྲོ་དཀར་བགེགས་བཏང་༔ དེ་ནས་མདུན་གྱི་དཀྱིལ་འཁོར་བུམ་པ་དང་བཅས་


CMR016_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དམིགས་རྟེན་ཙམ་ཡིན་གྱི༔ བདག་མདུན་སོ་སོར་བསྒོམ་པ་མ་ཡིན༔ འདི་ཡི་ཁྱད་ཆོས་ལ་མདུན་གྱི་དཀྱིལ་འཁོར་དང་རང་ཉིད་དབྱེར་མེད་དུ་བསྒོམ་ལ་ཡེ་ཤེས་པ་བསྟིམས༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿ ཞེས་བརྗོད་པས་ཡེ་ཤེས་ལྔ་ཡི་དབང་བསྐུར་བར་བསམ༔ རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ དབུས་སུ་ཧྲཱིཿམཐིང་ནག་ལངས་ཏེ་གནས་པའི་མཐར་སྔགས་ཀྱི་ཡིག་འབྲུ་ལང་ཐབས་གཡས་སུ་འཁོར་བར་བསྒོམ་ལ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་འདི་བཟླས་ཏེ། སྔགས་སྟོང་ཕྲག་ལྔ་དྲུག་ཙམ་ཅི་ཐོན་བཟླ༔ ཐུན་མཚམས་སུ་བླ་མ་ཡི་དམ་གཏོར་མ་དེ་གསོ་བྲན་བྱས་ལ༔ ཧཱུྃ་ཧྲཱིཿ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནསཿ བྱ་གྲཱི་ཝ་ཞེས་སོགས་སྤྱན་


CMR016_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མཆོད་བསྟོད་གཞུང་ལྟར་བྱས་ལ༔ དེ་ཚེ་རྟ་མགྲིན་ལྷ་ལྔའི་དཀྱིལ་འཁོར་ནམ་མཁར་སྤྱན་དྲངས་གཏོར་མ་གསོལ་ནས༔ གཏོར་མགྲོན་རང་ལ་ཐིམ་པར་བསྒོམ༔ ཐུན་མཚམས་སུ་དགེ་སྦྱོར་དང་བྱ་བ་གཞན་གང་དགོས་བྱ༔ ཉིན་ཕྱེད་མངོན་རྟོགས་ནུས་བསྙེན་པ་སྔར་ལྟར་རོ༔ ཐུན་མཚམས་སུ་མཆོད་བསྟོད་སོགས་སྔར་ལྟར༔ དགོང་ཁ་མངོན་རྟོགས་བསྙེན་པ་སོགས་སྔར་ལྟར༔ ཐུན་མཚམས་མཆོད་བསྟོད་སྔར་ལྟར་རོ༔ མཚན་ཐུན་མངོན་རྟོགས་བསྙེན་པ་སྔར་ལྟར་རོ༔ ཉལ་ཁ་མཆོད་བསྟོད་སྔར་ལྟར་རོ༔ དེ་དག་གི་ཐུན་མཚམས་ཐམས་ཅད་དུ་ཆོས་སྤྱོད་གཏོར་མ་ཆ་བཅུ་སོགས་ཆག་མེད་ཀྱི་དགེ་སྦྱོར་གང་དགོས་བྱ༔ ངག་འཁོར་ཡུག་ཏུ་ཆོད་ན་རབ༔ མ་ཆོད་ན་ཐུན་མཚམས་སུ་བཏང་བར་བྱ་ཆོག༔ ཐུན་མཚམས་སུ་གཏོར་བསྔོས་རང་གིས་གང་ཤེས་རྒྱས་པར་བྱ༔ གཏོར་བསྔོས་ཀྱི་མཇུག་ཏུ༔ བཀའ་སྲུང་ཀླུ་བདུད་བསྙོ་ཁ༔ གཏེར་སྲུང་མཁའ་རི་ལྕམ་དྲལ་གྱི་ཞལ་དུ་ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི༔ ཞེས་སྦྱར་བ་གལ་ཚེའོ༔ ཉལ་དུས་རང་ཉིད་ལས་མེ་འབར་བས་སྣོད་བཅུད་ཐམས་ཅད་བསྲེགས་ནས་སྟོང་པར་སྦྱངས༔ མེ་ལྕེ་ཐམས་ཅད་ཚུར་ཇེ་ཆུང་དུ་འདུས་ནས་གཞལ་ཡས་ཁང་ལ་ཐིམ༔ དེ་འཁོར་ལ་ཐིམ༔ འཁོར་གཙོ་བོ་ལ༔ དེ་ཧྲཱིཿལ་ཐིམ༔ ཧཱུྃཡང་ཇེ་ཡལ་དུ་གི་གུ་ལ༔ དེ་འོད་ཀྱི་ཐིག་ལེ་སྔོན་པོ་གཅིག་ཏུ་གྱུར༔ དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པར་བསམས་ལ༔ སེམས་ཉིད་ཉམས་ལེན་དང་མ་བྲལ་བར་ཉལ༔ ཕྱིར་ནངས་སྔར་ལྟར་ཐུན་བཟུང་སྟེ༔ ཞག་བདུན་


CMR016_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མམ་བདུན་གཉིས་ཐ་མ་ཞག་བདུན་དུས་ཀྱི་བསྙེན་པ༔ གྲངས་རབ་བྱེ་བ༔ འབྲིང་བདུན་འབུམ། ཐ་མ་སུམ་འབུམ་བཟླའོ༔ ལུས་ལ་ནད་མེད་ན་སྔགས་རིང་གང་ཡང་མི་བཟླ༔ ཀླུ་ནད་མཛེ་ཡོད་ན་བསྙེན་པ་བྱེ་བ་གཅིག་ཐོན་པ་དང་༔ ནཱ་ག་རཀཱ་ཞེས་སོགས་སྔགས་ཐུང་དེ་སྦྱར་ལ་འབུམ་ཕྲག་གཅིག༔ སྔགས་རིང་གཉིས་ཁྲི་ཚོ་རེ་རེ་བཟླས་པས་ནད་སེལ་ལོ༔ སྔགས་ཤམ་ཐུང་བ་ནཱི་ག་རཀཱ་སྦྱར་དུས་དམིགས་པ་ནི༔ རང་གི་ཐུགས་ཀའི་ཧཱུྃ༔དང་སྔགས་ཕྲེང་ལས་མེ་འབར་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་ཐམས་ཅད་བསྲེགས༔ རོ་མ་བ་སྤུའི་བུ་ག་ནས་ནག་ཉིལ་ཉིལ་ཐོན༔ ལུས་ཀྱི་ནང་ཐམས་ཅད་ལྕགས་སྲེག་གི་མདོག་ལྟར་མེ་ཡི་རང་བཞིན་དམར་ཝང་ངེ་༔ མེ་ལྕེ་བ་སྤུའི་བུ་ག་ཐམས་ཅད་ནས་དམར་ཀྱུ་རུ་རུ་ཕྱིར་འཕྲོ་བར་བསྒོམ༔ གང་ན་བའི་ས་དེར་བུག་པ་ཡོད་ས་ནས་མེ་སི་རི་རི་འབར་བར་བསྒོམས་པས༔ གཟའ་བདུད་རྒྱལ་པོའི་ནད་ཐམས་ཅད་སེལ་ལོ༔ སྔགས་རིང་ཁྲོད་བརྒྱད་གཉིས་པོ་འདོན་དུས༔ རང་ལས་སྤྲུལ་པའི་རྟ་མགྲིན་ནག་པོ༔ གྲངས་མེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས༔ གནོད་བྱེད་ཐམས་ཅད་ཀྱི་སྙིང་ནས་ལྕགས་ཀྱུས་བཟུང་༔ ཞགས་པས་སྐེ་ནས་བཅིངས༔ གཡས་རལ་གྲིས་གཏུབ་ཅིང་༔ ལ་ལས་ཤ་ཟ༔ ལ་ལས་ཁྲག་འཐུང་༔ སྐུ་ལས་འཕྲོས་པའི་མེ་དཔུང་འཚུབ་ཅིང་འབར་བས་བསྲེགས་ཏེ༔ གདོན་ཐམས་ཅད་མྱ་ངན་གྱིས་སྐད་ཙེ་རི་རི་ཅི་བགྱིས་པའི་བཀའ་ཉན་གསུང་སྒྲུབ་སྲོག་སྙིང་ཕུལ་བར་བསྒོམ༔ ཐུན་བར་དུ་སྙིང་རྗེ་


CMR016_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བསྒོམ༔ རྗེས་སུ་སྟོང་ཉིད་ཐུན་ཆེ་བ་རེ་བསྒོམ་པ་གལ་ཆེ༔ ནུས་པ་ཆུང་ན་སྟོང་ཉིད་སྙིང་རྗེ་མ་བསྒོམ་ན་འཁུ་ལྡོག་འབྱུང་༔ ནུས་པ་ཆེ་ན་ཡང་སྡིག་ཆེའོ༔ ནད་མེད་པ་བདེ་བ་དལ་གྱིས་བསྙེན་སྒྲུབ་ལ་སྔགས་རིང་གསུམ་པོ་ཚར་གསུམ་བདུན་ཡན་མང་ན་ཡང་བརྒྱ་བས་མང་མི་དགོས༔ དེ་ནས་སྒྲུབ་པའི་ཚེ་དངོས་ཉམས་རྨི་ལམ་དུ་རྟ་སྐད་ཐོས་པ་ལུས་གོས་རྔ་སོགས་ལ་མེ་འབར་བ༔ མེ་ཏོག་ཐུ་བ༔ ཡིག་དྲུག་བསྐུལ་བ༔ ཁྲི་ལ་འདུག་པ༔ བདེ་བ་ཅན་དུ་ཕྱིན་པཿ མཁར་བརྩེགས་པེ༔ གོ་ཆ་གྱོན་པ༔ ལུས་ལ་རྣག་ཁྲག་གམ་འབུ་སྲིན་ཐོན་པ་སོགསཿ ནད་གདོན་ཞི་རྟགས་དང་དག་སྣང་སྣ་ཚོགས་འཆར་བའོ༔ སྒྲུབ་པ་གཞུང་ལྟར་བུམ་པ་དང་གཏོར་མ་གཉིས་མ་བྲལ་བར་སྤྱི་བོར་བཞག་ལ་རང་གིས་དབང་བླངས་ཏེ༔ བུམ་ཆུ་གཏོང་༔ གཏོར་མ་ལ་དངོས་གྲུབ་བླང་༔ དབང་བླང་བའི་ལྷ་དེ་ནི་སྤྱན་འདྲེན་མཆོད་བསྟོད་བྱེད་ཅིང་དབང་བླང་ལ་བླང་མཐར་རང་ལ་བསྟིམས་པས་གཤེགས་གསོལ་མེད་དོ༔ དེ་ནས་མཚམས་གྲོལ་ལཿ རྗེས་ནས་གདོན་པའི་རྟགས་བྱུང་ངམ༔ གཞན་གྱི་གདོན་འདུལ་ན་སྔགས་རིང་རྣམས་དྲག་ཏུ་བཟླའོ༔ དེ་ཡང་རྟ་མགྲིན་ནག་པོ་གཞུང་ལྟར་ལས༔ ཕྱག་གཡས་སྡིགས་མཛུབ་དང་བཅས་པའི་རལ་གྲི་དཔུང་པ་གཡོན་ངོས་སུ་ཕྱར་བ༔ སྐུ་ལ་བེར་གྱི་ནང་དུ་རྡོ་རྗེའི་གོ་ཁྲབ་གསོལ་བ་གཅིག་བསྒོམས་པའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་ནད་པ་དེའི་ནད་གདོན་ལུས་ཤ་ཁྲག་དང་བཅས་པ་བསྲེགས། ཡང་སྐུ་ལས་ཡེ་ཤེས་ཀྱི་ཆུ་བྱུང་བས་བསྲེགས་པའི་ཐལ་བ་ཡང་བཀྲུས་


CMR016_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྟོང་པར་གྱུར་པར་བསྒོམ་ལ་དྲག་སྔགས་རྣམས་བཟླསཿ བྱིན་རླབས་སམ་ཕུ་སུའམ༔ སྔགས་ཆུ་སོགས་བྱས་པས་གདོན་ནད་ཐམས་ཅད་ལ་ཕན་ཏེ༔ མཛེ་ནད་གག་ལྷོག་གཟེར་གསུམ་ཐབ་གཉེན་ཆུ་བྱིའི་གྲིབ་གཟའ་སོགས་གང་ལའང་ཕན་ནོ༔ ཡང་མཚམས་མི་ཐོན་པར་རྒྱུན་བསྙེན་བྱེད་ན༔ སྔ་དྲོ་མངོན་རྟོགས་འདོན་པས་རྒྱུན་བསྙེན་བྱ༔ ཕྱི་དྲོ༔ ཧཱུྃ༔ བདེ་ཆེན་རོལ་པའི་སོགས་སྤྱན་འདྲེན་མཆོད་བསྟོད་བྱས་ནས་རང་ལ་བསྟིམ༔ དེ་ལྟར་རྒྱུན་བསྙེན་བསག་གོ༔ རྟ་མགྲིན་འདི་ལ་གཏོར་བསྔོས་ལོགས་སུ་མི་དགོས་མཆོད་བསྟོད་གཞུང་གི་དེས་འཐུས་སོ༔ ཡང་སྲུང་འཁོར་བསྒོམ་པ་ནི༔ དབུ་ས་ལྕགས་ཀྱི་རལ་པ་སྤྲུགས་པའི་སྐུ་གསེབ་ནས་ཞེས་སོགས་ཀྱི་དོན༔ རང་གི་རལ་པ་སྤྲུགས་པས་རང་འདྲ་བའི་ཁྲོ་བོ་གྲངས་མེད་འཕྲོས༔ གནོད་བྱེད་ཐམས་ཅད་རྒྱ་མཚོའི་ཕ་རོལ་དུ་དེད༔ དེ་རྣམས་ཚུར་འདུས་གཞལ་ཡས་ཁང་གི་ཕྱི་རོལ་ནས་རྟ་མགྲིན་དཀར་པོའི་ཚོགས་ཞལ་ནང་དུ་རྒྱུ་ནས་སྲུང་བའི་ལས་མཛད་པའི་གུར༔ དེ་རྒྱབ་རྟ་མགྲིན་ནག་པོ་ཞལ་ཕྱིར་གྱུ་ནས་བཟློག་པའི་ལས་མཛད་པའི་གུར༔ དེ་རྒྱབ་འཁོར་ལོའི་གུར༔ དེ་རྒྱབ་རྡོ་རྗེའི་གུར༔ རིན་པོ་ཆེའི་གུར༔ པདྨའི་གུར༔ རྒྱ་གྲམ་གྱི་གུར༔ ཕུར་པའི་གུར༔ རལ་གྲིའི་གུར༔ མེ་ཡི་གུར་དུ་གྱུར་པར་བསྒོམ་མོ༔ བསྲུང་བྱ་གལ་ཆེ་བ་རྣམས་ཐུགས་ཀྱི་ཧྲཱིཿ ཡིག་ཧ་ཁོག་ནང་དུ་ཚུད་པར་དམིགས༔ བསྲུང་བྱ་གལ་ཆུང་བ་རྣམས་སྲུང་འཁོར་ནང་དུ་ཚུད་པར་བསྒོམ་མོ༔ རྟ་མགྲིན་རྣམ་བཀོད་ཀྱི་མདོ་ལས༔ རྟ་


CMR016_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གྱི་མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པར་གསུངས་པས་ཕན་ཡོན་ཆེའོ༔ རྫས་རྒོད་ནི་ལྡུམ་བུ་བོང་ངའི་ལོ་མ་ལ༔ རྟ་ཁྲག་མི་ཁྲག་གཙང་མ་རོ་ཐལ་རྣམས་ལ་གཞི་བྱས༔ འབྲོང་རའི་ཕྱེ་མ་ཅི་མང་དུ་བཏབ་ལ་རྫས་གཞན་རྣམས་སྣ་ཚང་བྱ། ཞིབ་པར་བཏུལ་ལ་ཆང་རྒོད་ཀྱིས་སྦྲུས་ལ་སྔགས་རིང་ཁྲིའམ་སྟོང་ཙམ་སྔགས་སྤྱིར་བཏུལ་ལ་རིལ་བུ་ཕྱེ་མ་གང་འགྲུབ་བྱའོ༔ རིལ་བུ་ཁོང་དུ་བཏང་ན་བོང་ངའི་ཁ་ནོན་ལ་ཨ་རུ་ར་མང་ཞིག་བསྲེ༔ དགེ་སློང་འགའ་ཞིག་གིས་བསྐུལ་ནས་ཨ་རཱ་གས་བྲིས་པ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡང་གསང་ཁྲོས་པ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་པའི་ཟིན་བྲིས།next