Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
དཔལ་རྟ་མགྲིན་ནག་པོ་ནཱ་ག་ཀླུ་འདུལ་ལྷ་ལྔའི་ཞལ་གདམས་ཟིན་བྲིས་གབ་སྦས་སྤངས་པ་སྙིང་གི་ཁུ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྟ་མགྲིན་ནག་པོ་ནཱ་ག་ཀླུ་འདུལ་ལྷ་ལྔའི་ཞལ་གདམས་ཟིན་བྲིས་གབ་སྦས་སྤངས་པ་སྙིང་གི་ཁུ་བ།next

དཔལ་རྟ་མགྲིན་ནག་པོ་ནཱ་ག་ཀླུ་འདུལ་ལྷ་ལྔའི་ཞལ་གདམས་ཟིན་བྲིས་གབ་སྦས་སྤངས་པ་སྙིང་གི་ཁུ་བ།


CMR016_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ནག་པོ་ནཱ་ག་ཀླུ་འདུལ་ལྷ་ལྔའི་ཞལ་གདམས་ཟིན་བྲིས་གབ་སྦས་སྤངས་པ་སྙིང་གི་ཁུ་བ་ཟབ་པ་བཞུགས།


CMR016_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གྱ་གྲི་ཝ་ཡེ༔ བླ་མ་ཡི་དམ་དབྱེར་མེད་ཁྲོ་བོའི་རྒྱལ༔ རྟ་མཆོག་དཔལ་ལ་གུས་པས་ཕྱག་འཚལ་ནསཿ དེ་ཡི་མན་ངག་ཞལ་ཤེས་འདིར་བཀོད་བྱ༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལཿ དེ་ལ་འདིར་རྟ་མགྲིན་ནཱ་ག་ཀླུ་འདུལ་འདི་ནི༔ སྡེ་སྣོད་གསུམ་ལས་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་སྟེ་འདིའི་ནང་དུ་གཞན་གསུམ་འདུསཿ རྒྱུད་སྡེ་དྲུག་ལས་ནང་པའི་རྒྱུད་སྡེ་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས༔ སྤྱིར་རྙིང་མའི་ལུགས་ཀྱི་རྟ་མཆོག་རོལ་པའི་རྒྱུད་སོགས་པདྨ་གསུང་གི་རྒྱུད་ཐམས་ཅད་དང་༔ གསར་མའི་ཧ་ཡ་གྲྭ་ཝའི་གཟུངས་དང་༔ རྟ་མགྲིན་གྱི་རྟོགས་པ་


CMR016_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བརྒྱ་པ་སོགས་རྟ་མགྲིན་རང་གི་རྒྱུད་ཐམས་ཅད་དང་༔ རྒྱུད་གཞན་དང་གཞན་དག་ལས་རྟ་མགྲིན་གྱི་སྒྲུབ་ཐབས་མཐའ་ཡས་པ་ལས་གསུངས་པ་ཐམས་ཅད་འདིའི་ལུང་རྒྱན་དུ་འདྲེས་མོད་ཀྱི༔ རྟ་མཆོག་རོལ་པའི་རྒྱུད་ལ་ལེའུ་བརྒྱད་ཡོད་པའི་ནང་ནས་ཁོལ་དུ་ཕྱུངས་བ་ནག་པོ་ཀླུ་འདུལ་གྱི་རྒྱུད་དང་༔ ཕུར་པ་ཕྲིན་ལས་ཀྱི་རྒྱུད་ཁྲོ་བོ་བཅུའི་རྒྱུད་བཅུའི་ནང་ནསཿ རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་རྒྱུད་ལས༔ ཞེས་བྱ་བ་གཅིག་བྱུང་བ་དང་༔ རྟ་མཆོག་རོལ་པ་དབུགས་བདག་ནག་པོའི་རྒྱུད་ལས༔ བེར་ཅན་ཕྲིན་ལས་ཀྱི་སྒྲུབ་པ་ཞེས་གསུངས་པ་དེ་གསུམ་ནི་འདིའི་དངོས་བསྟན་གྱི་


CMR016_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཡིན་ནོ༔ དེ་ཡང་སྔོན་འདས་པའི་སངས་རྒྱས་ཀྱི་བསྟན་པ་ནུབ་ནས་ཤཱཀྱ་ཐུབ་པ་མ་བྱོན་པའི་དུས་སུ༔ དུག་ལྔ་རང་གཟུགས་རུ་ཏྲ་སྡེ་ལྔ་དང་དེའི་སྡེ་ཚན་རུ་ཊ་ལྔ་བཅུ་རྩ་བརྒྱད་ལ་སྣང་སྲིད་ཀྱི་ལྷ་འདྲེས་ཡོངས་སུ་བསྐོར་ཏེ་སངས་རྒྱས་བྱང་སེམས་སུས་ཀྱང་འདུལ་བར་མ་གྱུར་པ་ལ༔ ཀུན་བཟང་རིགས་ལྔའི་དགོངས་པ་སྣང་བ་མཐའ་ཡས་ལ་གཏད༔ དེ་ཐུགས་རྗེ་ཆེན་པོར་སྤྲུལ༔ དེས་ཀྱང་ཞི་བས་མི་འདུལ་བར་གཟིགས་ཏེ༔ རྟ་མགྲིན་ནག་པོ་ལྷ་ལྔར་སྤྲུལ་ནས༔ དུག་ལྔའི་རང་བཞིན་རུ་ཊའི་སྡེ་ལྔ་བཏུལ་འཁོར་གྱི་སྡེ་བརྒྱད་འབངས་སུ་བྱས་ཚེ་རྟ་མགྲིན་ནག་པོའི་རྒྱུད་རྣམས་གསུང་བར་འདོད་དོ༔ དེ་ལས་འདི་ནི་རྒྱུད་ཁོ་ན་ལ་བརྟེན་པ་ཙམ་ཡང་མ་ཡིན་ཏེ༔ ཨུ་རྒྱན་ཆེན་པོ་དུར་ཁྲོད་བསིལ་བ་ཚལ་དུ་བཞུགས་དུསཿ རྟ་མགྲིན་ལྷ་ལྔ་དངོས་སུ་བྱོན་ནས༔ མཆོག་ཐུན་མོང་གི་དངོས་གྲུབ་དང་དྲེགས་པ་འདུལ་བར་འདོད་ན་འདི་ཉམས་སུ་ལོངས་གསུངས་ནས་རྒྱུད་སྒྲུབ་ཐབས་མན་ངག་རྣམས་དངོས་སུ་གནང་ངོ་༔ དེ་ནས་བསིལ་བ་ཚལ་དུ་ཨུ་རྒྱན་ཉིད་རྟ་མགྲིན་ནག་པོའི་སྐུར་བཞེངས་ནས་ཀླུ་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་གཏད་བསྟིམས་པས་མཚན་ཡང་ནཱ་ག་ཀླུ་


CMR016_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་དུ་གྲགས་སོ༔ དེ་ནས་ཨུ་རྒྱན་ཆེན་པོ་བོད་དུ་ས་གཞི་འདུལ་དུ་བྱོན་དུས་བོད་ཀྱི་ས་བདག་ཀླུ་གཉན་མ་རུངས་པ་རྣམས་དང་༔ ལྷ་སྲིན་དྲེགས་པ་འདུལ་བ་ལ་འདི་ཟབ་པར་དགོངས་ནས་ཏ་ལིའི་ལོ་མ་ལ་བྲིས་ཏེ་བོད་དུ་བསྣམས་ཏེ་བྱོན༔ དེ་ནས་བསམ་ཡས་ཨཱརྱ་པ་ལོར་བསྒྲུབས་ཏེ་ས་གཞི་བྱིན་གྱིས་རླབས༔ རྟ་མགྲིན་དམར་པོའི་སྐུར་བཞེངས་རྟ་སྐད་ཀུན་གྱིས་ཐོས་པར་གྲག༔ རྗེ་འབངས་རྣམས་ལ་དབང་ཆེན་དམར་ནག་སྒྲུབ་སྐོར་མཐའ་ཡས་པ་གནང་ཞིང་༔ ཕལ་ཆེར་གཏེར་ཁ་རེ་ལ་རྟ་མགྲིན་ནག་པོ་ཡང་རེ་རེ་འབྱུང་བར་ཡང་༔ འདི་ནི་ཨུ་རྒྱན་རིན་པོ་ཆེ་ཉིད་རྟ་མགྲིན་དབྱེར་མེད་དུ་བསྒྲུབ་པ་ཡིན་པས་བྱིན་རླབས་ཆེ་སྟེ༔ གཞུང་ལས༔ བདག་ཉིད་པདྨ་འབྱུང་གནས་ནི༔ རྟ་མགྲིན་ངོ་བོ་ཡིན་པའི་ཕྱིར༔ དེ་ཉིད་ནག་པོར་བསྒྲུབ་པ་བསྟན༔ ཞེས་པས་ཤེས་སོ༔ འདི་ནི་རྩ་བ་གསུམ་གཅིག་ཏུ་དྲིལ་བའི་བསྒྲུབ་པ་ཡིན་པས་མཐུ་ཀྱང་ཆེ་སྟེ༔ ཉང་གི་རྟ་ནག་རྒྱ་གཞུང་ཆེ་བ་ལས༔ ཐུགས་རྗེ་མཚུངས་མེད་བླ་མ་ཡིན༔ བྱིན་རླབས་མྱུར་བ་ཡི་དམ་ཡིན༔ བསྟན་པ་སྲུང་བའི་ཆོས་སྐྱོང་ཡིན༔ དགྲ་བགེགས་ཚར་གཅོད་ལས་མཁན་ཡིན༔ ཅེས་གསུངས་སོ༔ དེ་


CMR016_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྟ་མགྲིན་ནག་པོ་ལ་རིགས་མང་ཡང་ལྷོ་གཏེར་རིན་ཆེན་འབྲས་བུའི་ཚུལ་འདིར་མཁའ་འགྲོའི་གསང་གཏེར་ལྔའི་ཡ་གྱལ་གཅིག་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་ཡིན་ཅིང་༔ ཆོས་གང་ལ་ཡང་བྱིན་རླབས་བཀའི་བབས་སོ་ཡོད་པ་གཅིག་གལ་ཆེ་བ་ལས་འདི་ནི་ཐུན་མོང་མ་ཡིན་པར་བརྒྱུད་པ་རིན་པོ་ཆེ་འདིའི་བཀའ་བབས་ཀྱི་ཆོས་དང་གདམས་པ་ངེས་ཏེ༔ སྔོན་བོད་ཀྱི་རྗེ་འབངས་ཐམས་ཅད་ཀྱི་ནང་ནས་རྒྱལ་བ་མཆོག་དབྱངས་རྟ་མགྲིན་གསུང་གི་བཀའ་བབས་ཡིན་པས་གནད་ཀྱི་ཆོས་འདིའི་བདག་པོར་ལུང་བསྟན་པ་ལས༔ ཁྱད་པར་ཆོས་འདིར་དར་བར་བྱེད་པ་ལ༔ ས་ལ་གནས་པའི་བྱང་སེམས་འབྱུང་༔ ད་ལྟོའི་བཙུན་པ་མཆོག་དབྱངས་ཁྱོད༔ རང་བཞིན་དབང་ཆེན་ཡབ་ཡུམ་གྱི༔ ངོ་བོ་རྣམ་པར་འཕྲུལ་པ་སྟེ༔ ཕྲིན་ལས་སྤྱན་རས་གཟིགས་དབང་ཉིད༔ ཅེས་སོགས་རྗེ་དོན་ལྡན་ཞབས་ལུང་བསྟན་བསྔགས་པ་རྒྱ་ཆེར་གསུངས་ནས་དེ་འོག་ཕྱི་མའི་དུས་ཀྱི་ཚེ༔ ཁམས་ཀྱི་སར་གཏོགས་ལྷོ་ཡི་ཕྱོགས་ཆུ་བོ་དབང་གི་ཕྱོགས་ནས་བབས༔ རི་བོ་མཁའ་ལྡིང་འདྲ་བའི་ཞོལ༔ རྗོད་ཅེས་བྱ་བའི་ས་ཕྱོགས་སུ༔ པདྨ་ང་ཡི་རྣམ་པར་འཕྲུལ༔ བྱའམ་ཁྱི་ཡི་ལོ་པ་གཅིག༔


CMR016_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་མཚོ་སྐྱེས་རྡོ་རྗེ་ཞེས༔ ས་ལ་གནས་པའི་བྱང་སེམས་བྱོན༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཉིད༔ སྔོན་གྱི་བག་ཆགས་སད་དུ་འོང་༔ གསུང་གི་མཚན་མ་དག་དང་ལྡན༔ སྙིང་ཐིག་འདུས་པ་སྐོར་བཞི་དང་༔ ཁྱད་པར་རྟ་མགྲིན་གསང་འདུས་བདག༔ ཡིན་ཕྱིར་ཚེ་རིལ་དང་བཅས་གཏད༔ མ་འོངས་ཕྱི་མའི་དུས་མཐའི་བར༔ རྒྱ་མཚོ་མཐའ་ལ་ཐུག་གི་བར༔ དེ་ཡིས་རྒྱས་པར་བྱེད་པའི་ཕྱིར༔ གཏེར་འདི་སྦས་པ་དོན་ཡོད་འགྱུར༔ ཞེས་སོགས་དང་༔ གཏེར་འདི་ཐོན་ནས་ལོ་བཅུའི་ནང་༔ སྤྲེའུ་ལོ་པ་ལ་ཆོས་འདི་ལེན༔ ཞེས་ལུང་བསྟན་པ་དང་མཚུངས་པར་གཏེར་སྟོན་སྒར་ཆེན་དུ་སྤྱན་དྲངས་ནས་དབང་ལུང་ཐམས་ཅད་གསན་ཅིང་ཁྱད་པར་རྟ་མགྲིན་ནག་པོའི་ཤོག་སེར་ཕྱག་ཏུ་ཕུལ་བས་ཐུགས་དམ་དུ་མཛད༔ ཐུགས་ཉམས་སུ་བཞེས་པས་ལན་དུ་མར་ཞལ་མངོན་སུམ་དུ་གཟིགས་ཤིང་འདིར་གཉན་ཅིང་བཅས་བཅོས་མ་མཛད་པར་སངས་རྒྱས་གླིང་པའི་རྟ་མགྲིན་ནག་པོ་ལྷ་ལྔ་ལ་བརྩམས་གཞིར་མཛད་ནས་སྒྲུབ་ཡིག་ཆོ་ག་སོགས་ཀྱང་མཛད་པས༔ དེང་སང་གསང་སྔགས་ནང་གཏོར་ཡི་དམ་བསྟོད་པའི་གྲར་ཡང་༔ ཧྲཱིཿ གར་གྱི་དབང་ཕྱུག་སོགས་བསྟོད་པ་དཀྱུས་


CMR016_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཇག་གང་ཡིན་ལ༔ ཁྱད་པར་བཀྲ་ཤིས་ཟུར་མང་སྣའི་སྤྲུལ་སྐུ་རྣམས་དང་གྲྭ་རིགས་ཕལ་ཆེར་གྱི་ཐུགས་དམ་མཛད་པ་ཡང་གོང་གི་བརྒྱུད་པའི་རྟེན་འབྲེལ་གྱི་བཀའ་བབས་ཏུ་སྣང་སྟེ། རྗེ་བཙུན་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་ཞལ་ནས་རྟ་མགྲིན་ནག་པོ་ནཱ་ག་ཀླུ་འདུལ་འདི་ཟུར་མང་ན་ཡང་དརཿ ནུས་པ་ཆེ་བར་འདོད་ན་འདི་བས་ལྷག་པ་མེད་ཅེས་བདག་ལ་བཀའ་བསྩལ་བས་ཡི་དམ་བྱས་པ་ལགས་སོ༔ དེ་ཡང་འདིར་ནུས་པ་ཆེ་བར་སྨོས་ཅི་དགོས༔ བྱང་ཆུབ་སྒྲུབ་པའི་ཐབས་ལ་ཡང་འདི་ཁྱད་པར་དུ་འཕགས་ཏེ༔ རྟ་མགྲིན་རྣམ་པར་བཀོད་པའི་མདོ་ཆེན་པོ་ལས༔ སྣོད་ཀྱི་འཇིག་རྟེན་གྱི་ཆགས་འཇིག་རྒྱ་ཆེར་གསུངས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་རྟ་མགྲིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ༔ རྡོ་རྗེ་དེ་དང་ཆུ་ཆེན་པོ་དེ་དང་རླུང་ཆེན་པོ་དེ་རྣམས་ཀྱི་ནང་ན་སེམས་ཅན་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དེ༔ དེ་དག་གིས་ཁྱོད་ཀྱི་མིང་ཐོས་སམ་བརྗོད་དམ༔ སེམས་ཅན་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་སྟེ༔ ས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཞེས་བྱའོ༔ གནམ་ས་གཉིས་ཀྱི་བར་ན་ཡང་སེམས་ཅན་དཔག་ཏུ་མེད་པ་ཞིག་ཡོད་དེ༔


CMR016_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནམ་མཁའ་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་མིང་ཐོས་སམ༔ རིག་པ་འདི་བརྗོད་ན་མངོན་པར་ཤེས་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ཅིང་༔ ནམ་མཁའ་ལ་འགྲོ་བ་དང་ས་ལ་འཛུལ་བ་སོགས་དང་མཚན་མ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ཅིང་༔ རྣལ་འབྱོར་པ་ཆེན་པོ་ཐེག་གཅིག་གི་ལམ་འགྲུབ་བོ༔ ཞེས་གསུངས་སོ༔ ཁྱད་པར་ནཱ་ག་ཀླུ་འདུལ་འདི་རྟ་མགྲིན་གསང་བ་འདུས་པའི་གསུང་གི་སྒྲུབ་པ་ཡིན་ཏེ༔ གསང་འདུས་ཐེམ་ཡིག་ལས༔ ཡང་གསང་ཁྲོས་པ་རྟ་མགྲིན་ནག་པོ་འདི༔ ནུས་མཐུ་བྱིན་རླབས་གློག་ལྟར་མྱུར་བའི་ཕྱིར༔ ལྕགས་རལ་སྒྲུབ་པ་མེ་ཡི་ཕྲེང་བ་དང་༔ ཞེས་སོགས་གསུངས་ཤིང་༔ འདི་དང་ཕྱི་མ་བར་དོ་རུ༔ ཡི་དམ་ལྷ་དང་བསྐལ་པ་མཉམ༔ ཞལ་མཇལ་ལུང་བསྟན་ཐར་ལམ་ཁྲིད༔ དུས་ལས་མི་འདའ་ཐུགས་རྗེའི་ལྷ༔ ཞིང་ཁམས་དཀྱིལ་འཁོར་གཅིག་ཏུ་འགྲུབ༔ དམ་ཚིག་གཡར་དམ་གཅིག་ཏུ་འགྲུབ༔ ཅེས་སོགས་གསུངས་པ་ལས་གོ་བར་བྱའོ༔ འཕྲལ་དུ་ནུས་པ་བྱུང་ཚུལ་ཡང་༔ རྟ་ནག་གི་རྒྱ་གཞུང་ཆེ་བ་ལས༔ སྔགས་རིང་གི་ཕན་ཡོན་གསུངས་པ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ དཔེར་ན་གནམ་


CMR016_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྤུ་གྲི་འདྲ༔ རྣོ་བའི་ཚད་ནི་མེ་ལྟ་བུ༔ མྱུར་བའི་ཚད་ནི་གློག་ལྟ་བུ༔ རྒོད་པའི་ཚད་ནི་ཐོག་ལྟ་བུ༔ གཏུམ་པའི་ཚད་ནི་ཆབ་ལྟ་བུ༔ དགྲ་དང་བགེགས་དང་བྱད་མ་དང་༔ ནད་ཀྱི་རིགས་དང་གདོན་གྱི་རིགསཿ གཉན་དང་ལྷོག་པ་ཐབས་ཀྱི་རིགས༔ མཛེ་དང་ཤུ་འབྲུམ་སྐྱང་ལ་སོགས༔ གང་དང་གང་ལ་བཏབ་པ་དེ༔ མེ་དང་རྩྭ་སྦྱར་དཔེ་བཞིན་དུ༔ བསྲེག་ཅིང་རབ་ཏུ་སྲེག་པར་བྱེད༔ རླུང་དང་ཐལ་བའི་དཔེ་བཞིན་དུ༔ གཏོར་ཞིང་རབ་ཏུ་གཏོར་བར་བྱེདཿ ཅེས་དང་༔ པདྨ་གླིང་པའི་གཏེར་མ་ལསཿ འདི་ནི་སྟོང་གསུམ་གཡོ་བ་སྟེ༔ ཁམས་གསུམ་སྲོག་དབུགས་འཕྲོག་པ་ཡིན༔ ས་རྡོ་དག་ཀྱང་གས་པར་བྱེད༔ ཆུ་བོ་རི་ཡང་བབ་ཆད་ཅིང་༔ དྲེགས་པ་སྡེ་བརྒྱད་རང་དབང་མེད་པ་རྡུལ་བཞིན་འགྱུར༔ རྟ་མགྲིན་རོལ་པ་དབུགས་བདག་རྒྱུད་ལས༔ བེར་ཅན་ཕྲིན་ལས་སྒྲུབ་པ་དང་འབྲེལ་པ་ཚད་བརྒྱད་ཀྱི་སྔགས་གཞན་དང་ཅུང་ཟད་མི་འདྲ་བར་གསུངས་ནས༔ འདི་ནི་དྲག་སྔགས་སྤུ་གྲི་སཿ གང་ལ་བཏབ་པ་ཕ་ལམ་བཞིན༔ སྟོང་པས་དངོས་པོ་སྒྲོལ་བྱེད་ན༔ གཟུགས་ཅན་རྣམས་ལ་སྨོས་ཅི་དགོས༔ གང་དམིགས་སྙིང་ལ་རབ་གཟིར་ཏེ༔ ཁྲག་སྐྱུགས་སྡུག་


CMR016_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་རབ་ཏུ་ཆེ༔ དྲེགས་པ་ལྷ་ཆེན་ལ་སོགས་པ༔ སྡེ་བརྒྱད་གང་ཡང་རུང་བ་ཡིསཿ ཚོར་ན་མགོ་སྙིང་དུམ་བུར་འགས༔ དགྲ་བགེགས་སྤྱི་དང་བྱད་སྟེམས་སོགསཿ སྦྱར་མས་མེ་ལྕེ་རེག་པ་ལྟར༔ རང་གཤེད་རང་ལ་བབ་ནས་སུ༔ མྱ་ངན་སྡུག་བསྔལ་ཆེན་པོ་འབྱུང་༔ དོན་ལ་བྱམས་དང་སྙིང་རྗེ་དང་༔ དགའ་བ་བཏང་སྙོམས་ལ་སོགས་པ༔ ཚད་མེད་བཞི་ཡི་འགྲོ་དོན་ལ༔ ཐམས་ཅད་མ་ལུས་བསྒྲལ་བ་དང་༔ བསྒྲལ་ནས་གཞན་དུ་མི་འགྱུར་ཕྱིར་སྟོང་ཉིད་ནམ་མཁའི་རྒྱས་གདབ་པས༔ དུག་ལྔའི་དབང་པོ་གཞོམ་པ་དང་༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་གྱིས༔ ཉོན་མོངས་འཁོར་བ་རྒྱུན་བཅད་ནས༔ མཉམ་ཉིད་བདེ་ཆེན་མངོན་སངས་རྒྱས༔ ཞེས་གསུངས་སོ༔ དྲག་སྔགས་ལ་མཐའ་ཡས་ཁྱད་པར་རྟ་མགྲིན་རིགས་མང་བའི་ནང་ནས་འདི་བྱིན་རླབས་མྱུར་ཏེ༔ རྒྱ་གཞུང་ཆེ་བ་ལས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་ནས༔ འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ཞི་བས་མི་ཐུལ་གདུག་པ་ཅན༔ ཚར་གཅོད་རྟ་མགྲིན་ནག་པོར་བསྟན༔ དེ་ཉིད་ཤིན་ཏུ་


CMR016_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པ་ནི༔ གནོད་སྦྱིན་ནག་པོ་ལྕགས་རལ་ཅན༔ དགྲ་དང་བགེགས་དང་བྱད་མ་དང་༔ གཟའ་ཀླུ་རྒྱལ་བསེན་གཉེན་པོར་བསྟན༔ ཅེས་དང་༔ གུ་རུ་ཆོས་དབང་གི་གཏེར་ཁའི་རྟ་མགྲིན་ནག་པོའི་གཞུང་ལས་ཀྱང་༔ རྩ་སྔགས་ཀྱི་ཕན་ཡོན་སྐབས་སུ༔ ཁྲི་ཚོ་གཅིག་གིས་བགེགས་ཐུལ༔ འབུམ་ཚོ་གཅིག་གིས་གསུང་ཐོས༔ བྱེ་བ་གཅིག་གིས་ཞལ་མཇལ༔ ཞེས་དང་༔ པདྨ་གླིང་པའི་རྟ་ནག་གཞུང་ལས༔ ཕྱི་རབས་སྙིགས་མ་ལྔ་བདོའི་མར་འགྲིབ་དུསཿ ས་བདག་ཀླུ་གཉན་སྡེ་བརྒྱད་དྲེགས་པའི་ཚོགས༔ སེམས་ཅན་ཀུན་འཚེ་ཆར་ཆུ་དུས་མི་འབེབས༔ སྔར་མེད་ནད་དང་མཛེ་དང་བརྒྱལ་ནད་དང་༔ གཟའ་ཡི་གནོད་པ་མི་སྡུག་སྣ་ཚོགས་འོང་༔ དེ་དུས་ཐུགས་རྗེ་ཆེན་པོས་བོད་ཡུལ་འདུལ་ཞིང་༔ ཞི་བས་མི་འདུལ་དྲག་པོས་འདུལ་དགོངས་ནས༔ སྙིང་མ་དགོངས་རྒྱུ་ཡིན་པས་སེམས་ཅན་དོན༔ ཞེས་དང་༔ འདི་ནི་གཞན་དང་མི་འདྲ་རྣོ་མྱུར་ལྡན༔ རྟ་མགྲིན་ཀུན་གྱི་ཡང་བཅུད་སྤེལ་བར་འཕང་༔ ཞེས་གསུངས་ཤིང་༔ གཞན་ཡང་སངས་རྒྱས་གླིང་པའི་རྟ་མགྲིན་ནག་པོ་དང་༔ ཞིག་པོ་གླིང་པའི་རྟ་མགྲིན་ནག་པོ་དང་༔ རྗེ་དྲུག་པའི་ཞལ་གཟིགས་ནག་པོ་ལྷ་ལྔ་དང་༔


CMR016_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ་གནང་བའི་རྟ་མགྲིན་ནག་པོ་དང་༔ སྲོང་བཙན་སྒམ་པོའི་རྟ་མགྲིན་ནག་པོ་ནོར་ལྷ་ལྟར་བསྒྲུབ་པ་དང་༔ དགོངས་འདུས་ཀྱི་བཀའ་སྲུང་རྟ་མགྲིན་ནག་པོ་ཆོས་སྐྱོང་ལྟར་བསྒྲུབ་པ་དང་༔ བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ལུགས་རྟ་མགྲིན་གཅེར་བུ་ཀཱ་ལ་མེ་དཔུང་དུ་གྲགས་པ་སོགས་ཐམས་ཅད་ཟབ་མོད་ཀྱི༔ བརྒྱུད་པ་འདི་ལ་རཏཱ་ལུགས་བཀའ་བབས་ལགས༔ དེ་ལྟར་ཡིད་ཆེས་ཀྱི་རྒྱུད་ལུང་གི་ཁུངས་དང་མཐའ་ཆོད་བསྟན་ནས༔ ཆོས་འདིའི་ཆོས་ཚན་ཐེམ་བྱང་ནི༔ སྒྲུབ་གཞུང་ལས་བྱང་དང་འབྲེལ་ཞིང་ལས་ཚོགས་དབང་ཐམས་ཅད་ཚང་ཞིང་ཀུན་ལ་གྲགས་པ་འདི་རྩ་བ་ཡིན༔ དབང་རྒྱས་པ་རྟ་མགྲིན་ནག་པོའི་སྲོག་དབང་བཀའ་རྒྱ་ཅན་དེ་དང་གཉིས༔ ཀུན་གཞིའི་འཁོར་ལོ༔ དགྲ་མནན་ཞོར་སྒྲུབ་ཕུང་གཏད་ཧུར་ཐུམ་ནག་པོ༔ རྟ་ནག་རྒྱན་འཁོར་ཀླུ་ཡི་སྒྲིབ་ཤིང་༔ གཏད་ནག་པོ་བག་ཤོང་༔ དུག་ཏྲི་ནག་པོ་སྲོག་གི་འཁོར་ལོ༔ ཞེས་བརྒྱལ་བསེན་འདུལ་ཐབས་བཀའ་རྒྱ་ཅན་དང་༔ དེ་རྣམས་ཀྱི་འདིའི་དངོས་བསྟན་ཆ་ལག་ཚང་ལ༔ ཤུགས་བསྟན་ནི་རྟ་མགྲིན་གསང་འདུས་ཀྱི་ལས་ཚོགས་ཐམས་ཅད་འདི་ཡི་ལས་ཚོགས་སུ་དོན་གྱིས་འོང་


CMR016_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ལ༔ བཀའ་སྲུང་ནི་ཁྱད་པར་མཁའ་རི་སྨྱོ་ཁ་གཉིས་ཡིན་པས་དེ་གཉིས་སྒྲུབ་སྐོར་ཡང་འདི་ལ་འབྱར་རོ༔ དངོས་གཞི་སྒྲུབ་པའི་སྟ་གོན་གཞུང་གི་ཡིག་ཆུང་ལྟར་ཡིན་ལ༔ ལྷ་བསྐྱེད་ལུགས་དབང་དང་དུས་མཆོད་དུས་རྙིང་མ་སྤྱི་ལྟར༔ ཆོ་ག་ནི་གཅིག་གིས་བདག་མདུན་བུམ་གསུམ་གཏོར་མ་ལྷར་བསྐྱེད་དང་བཞི་དུས་གཅིག་བསྐྱེད་པ་སྤྱན་འདྲེན་མཆོད་བསྟོད་དུས་གཅིག་བྱ༔ དབང་དུས་བུམ་བསྐྱེད་དང་དུས་མཆོད་ལ་མདུན་བསྐྱེད་ལ་གཙོ་བོར་དམིགས་ཏེ་བཟླས་པ་བྱ་ཡི་བསྒྲུབ་པའི་དུས་ནི་འདིའི་བསྒོམ་ལུགས་གཞན་དང་མི་གཅིག་སྟེ༔ དཀྱིལ་འཁོར་བུམ་པ་སོགས་དམིགས་པའི་རྟེན་ཙམ་ཡིན་གྱི་བདག་མདུན་མ་ཡིན་ཏེ༔ བདག་དང་བུམ་པ་དཀྱིལ་འཁོར་གསུམ་དབྱེར་མེད་དུ་རྟ་མགྲིན་ལྷ་ལྔའི་དཀྱིལ་འཁོར་གཅིག་བསྒོམ་པ་ལ་བསྙེན་པ་བྱ༔ དེ་ཅིའི་ཕྱིར་ཞེ་ན༔ རྟ་མགྲིན་གསང་འདུས་གཞུང་ལས༔ བློ་ལྡན་སྐྱེས་བུ་རིགས་ལྡན་གྱིས༔ བདག་བསྐྱེད་མདུན་བསྐྱེད་ཡེ་ཤེས་རྣམས༔ གོང་ལྟར་རོལ་པ་གཅིག་གིས་བསྒྲུབསཿ ཞེས་པའི་དོན་ནོ༔ ཐུན་མཚམས་སུ་སྤྱན་འདྲེན་གཞུང་ལྟར་བྱས་པས་བདེ་ཆེན་ཞིང་ནས་རྟ་མགྲིན་ནག་པོ་ལྷ་ལྔའི་དཀྱིལ་འཁོར་ནམ་མཁར་སྤྱན་དྲངས་ལ་མཆོད་བསྟོད་


CMR016_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལྟར་བྱས་ནས་གཏོར་མགྲོན་རང་ལ་བསྟིམས་པ་ཡིན་ཏེ༔ དེ་ལྟར་ཐུན་དྲུག་གམ་བཞིའམ་གསུམ་མམ་ནངས་ནུབ་གཉིས་བྱའོ༔ ངག་འཁོར་ཡུག་ཏུ་གཅོད་པ་རབ༔ ཐུན་མཚམས་སུ་བཏང་བ་འབྲིང་༔ ཐ་མ་འཐོར་བསྙེན་ཡང་རུང་སྟེ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿམཐིང་ནག་འགྲེང་ཐབས་སུ་མཆོད་རྟེན་ལྟར་གཡོ་འགུལ་མེད་པ་ལ༔ བསྙེན་སྔགས་འབྲུ་བཅུ་དྲུག་པ་ཡི་གེའི་ངོ་ཕྱིར་བསྟན་ནས་མདུན་ནས་བརྩམ་སྟེ་གཡོན་བསྐོར་དུ་བཀོད་ལ་ཡིག་འབྲུ་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས་པས༔ དེ་ལྟར་འོད་ཟེར་དམར་ནག་གཡས་སུ་ཕྲེང་ལུང་ལྟར་གཡས་སུ་འཁོར་བར་བསམས་ལ་བཟླ༔ དེ་ནས་སྔགས་ཕྲེང་གཡས་སུ་དལ་བུས་འཁོར༔ དེ་ནས་ཇེ་མགྱོགས་སུ་འཁོར་བས༔ དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཁྲོ་བོ་ཁྲོ་མོ་ཐམས་ཅད་མཆོད༔ དེ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཤང་ལམ་ནས་ནག་ནུར་གྱིས་བུད་ནས༔ ལུས་ཕྱི་ནང་ཐམས་ཅད་སྐུ་


CMR016_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་དངོས་གྲུབ་ཀྱི་ངོ་བོར་འོད་ཟེར་ཁ་དོག་ལྔའི་མེ་རེ་རེ་གང་ཞིང་འཁྱིལ་བས༔ གསལ་སྟོང་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམས༔ ཡང་འོད་ཟེར་ལྔ་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་ནས་རྟ་མགྲིན་རིགས་ལྔའི་གོ་འཕང་ལ་བཀོད༔ དམྱལ་བ་ནི་རྡོ་རྗེ་རྟ་མགྲིན༔ ཡི་དྭགས་ནི་པདྨ་རྟ་མགྲིན༔ དུད་འགྲོ་ནི་བུདྡྷ་རྟ་མགྲིན༔ ལྷ་མ་ཡིན་ནི་ཀརྨ་རྟ་མགྲིན༔ ལྷ་དང་མི་ནི་རཏྣ་རྟ་མགྲིན༔ ཤ་སྟག་ཏུ་གྱུར་ཏེ་སྔགས་བཟླ་རོགས་འུར་དི་རི་རི་བྱེདཿ སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་བདེ་ཆེན་དབང་དྲག་རོལ་པའི་གཞལ་ཡས་ཁང་དུ་བསམ་མོ༔ དེ་ལྟར་དུས་གྲངས་ཀྱི་བསྙེན་པ་གཞུང་ལྟར་རྫོགས་པར་བྱ་ཞིང་༔ རྒྱུན་དུ་ཐུགས་དམ་བྱེད་ན་ནངས་སྔ་མངོན་རྟོགས་བཏོན་ནས་བསྙེན་པ་ཅི་ནུས་བྱ༔ དེ་ནས་གཞལ་ཡས་ཁང་འཁོར་བཞི་རང་ལ་བསྡུ་གཙོ་རྐྱང་གི་ང་རྒྱལ་གྱིས་བསྙེན་པ་བྱ་ཞིང་སྤྱོད་ལམ་བྱ༔ དགོང་མོ་གཞུང་ལྟར་སྤྱན་འདྲེན་མཆོད་བསྟོད་གཏོར་བསྔོས་སོགས་བྱས་ལ་གཏོར་མགྲོན་རང་ལ་བསྟིམ༔ ཉལ་བའི་ཚེ་སྣོད་བཅུད་གཞལ་ཡས་ཁང་ལ་བསྡུ༔ གཞལ་ཡས་ཁང་འཁོར་བཞི་ལ་བསྡུ༔ རང་


CMR016_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཐུགས་ཀའི་ཧྲཱིཿལ་བསྡུ༔ ཡང་ན་མེ་འབར་བས་སྣོད་བཅུད་ཐམས་ཅད་བསྲེགས་ལ་རང་ལ་རིམ་གྱིས་བསྡུ༔ ཧྲཱིཿཐིག་ལེ་མཐིང་ཀ་དམར་བའི་མདངས་ཆགས་པ་གཅིག་ལ་སེམས་བཟུང་༔ རང་གི་སྤྱི་བོར་རྟ་དབུ་རྩེར་རིགས་བདག་སྣང་བ་མཐའ་ཡས་དང་པོར་སྔར་ནས་བསྒོམས་ཡོད་པ་དེ་མི་བསྡུ་བར་བཞག་ལ༔ རང་སེམས་ཐིག་ལེ་སྣང་མཐའི་ཐུགས་ཀར་བསྟིམ༔ སྣང་མཐའ་ཡང་འཇའ་ཡལ་བ་ལྟར་ཉམས་ལེན་ཕྱག་རྫོགས་དབྱེར་མེད་ཀྱི་ངང་གཉིད་པས་འོད་གསལ་ཟིན་པར་གསུངས་པའོ༔ འཆི་དུས་ཡང་འཆི་བ་ཆོས་སྐུའི་ལམ་ཁྱེར་ཡང་འདི་ཡིན༔ འདིའི་རྫོགས་རིམ་སྟོང་པ་ཉིད་བསྒོམ་ཐབས་ཀྱང་འདི་ཡིན་ནོ༔ བསྐྱེད་རིམ་གྱི་དེ་ཉིད་སྤྱི་དང་མཚུངས་པས་སྦྱང་བྱར་ཕུང་པོ་ལྔ་དང་དུག་ལྔ་འབྱུང་བ་ལྔ་དང་༔ འགྲོ་བ་ལམ་རྒྱུད་ལྔ་ལྔ་རྣམས་སྦྱང་གཞི༔ སྦྱོང་བྱེད་ནི་རྟ་མགྲིན་རིགས་ལྔ་སྟེ༔ དེ་ཡང་སྐུ་ལྔ་དང་ཡེ་ཤེས་ལྔ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོར་ཡིན་པར་ཤེས་པས༔ བསྐྱེད་རིམ་གོ་ཆོད་པར་འགྲོའོ༔ དེ་ཡང་རྣམ་པ་གསལ་བ་ལ་རང་བཞིན་སྟོང་པ་འཇའ་ཚོན་ལྟ་བུ༔ སྣང་བཞིན་དུ་མ་གྲུབ་པ་ཆུ་ནང་གི་ཟླ་བ་ལྟ་བུ༔ གསལ་ཞིང་སྤྱི་


CMR016_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རིས་དོད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བསྒོམ༔ སྤྱན་གསུམ་གསལ་བས་མངོན་ཤེས་འཆར་བ་དང་མིག་གསལ་བའི་རྟེན་འབྲེལ༔ ཞལ་དང་མཆེ་བ་གསལ་བས་མི་དང་མི་མིན་བཀའ་ཉན༔ མེ་རི་གསལ་བས་བར་ཆད་ཀྱིས་མི་ཚུགས༔ རྒྱན་གསལ་བས་ལོངས་སྤྱོད་འདུ༔ ཞབས་བསྒྲད་དང་གདན་གསལ་བས་ས་ནོན་པ་སོགས་རྟེན་འབྲེལ་དང་༔ རྟ་དབུའི་རྩེར་རིགས་བདག་བསྒོམ་པ་བླ་མ་དང་དབྱེར་མེད་དེ༔ དེ་ཡང་རྩ་བརྒྱུད་བླ་མ་ཐམས་ཅད་འདུས་པའི་སྐུར་བསྒོམ་མོ༔ དེས་སྟོང་པ་འཆར་བ་སོགས་རྟེན་འབྲེལ་ལོ༔ དང་པོ་རྩ་སྔགས་ལ་བྱེ་ཆུང་གཅིག་ཐེམ་པ་གལ་ཆེ༔ དེ་ནས་རང་ལ་ཀླུ་ནད་ཀྱི་རིགས་ཡོད་ན་འཇམ་དཔལ་ནཱ་ག་རཀཱ་ཤམ་བུ་སྔགས་ཐུང་དེ་སྦྱར་ལ་འབུམ་ཕྲག་གཅིག་བསྙེན་པ་ནཱ་ག་ཀླུ་འདུལ་གྱི་ཁྱད་ཆོས་ཡིན༔ དེ་ནས་སྔགས་རིང་ནི་གདོན་འདུལ་དུས་བརྟག་ལ་བལྟ་ཞིང་བྱའི༔ བདེ་དུས་མི་བཟླས་པར་དཀྲིས༔ དེ་ཡང་ནཱ་ག་རཀཱའི་སྔགས་ཐུང་ནི་རང་གི་ལུས་གདོན་འདུལ་བ་གཙོ་བོ་ཡིན་པས༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་ཐམས་ཅད་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཏེ༔ རོ་མ་རྣམས་བ་སྤུའི་བུ་ག་དང་དབང་པོའི་


CMR016_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་ཉི་ལི་ལི་ཕྱིར་ཐོན༔ ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་རིའི་རང་བཞིན་དམར་ལྷང་ངེ་ལྕགས་སྲེག་ལྟ་བུ་སྟེ༔ མེ་ལྕེ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས་ལུས་དང་གནས་ཁང་དང་བཅས་མེ་རིའི་རང་བཞིན་དུ་འབར་བས་གནོད་བྱེད་ཐམས་ཅད་བསྲེག་པར་བསྒོམ༔ རྐང་ལག་མདུན་རྒྱབ་སོགས་ཟུག་གཟེར་ཡོད་ས་བུག་པ་ཧ་རེ་ཡོད་པར་བསམ་པའི་ནང་ནས་མེ་ལྕེ་དམར་ཀྱུ་རུ་རུ་བྱེད་པར་བསམ༔ གང་ན་བ་དེར་ཕན་ནོ༔ རྫས་སྦྱོར་ནི་གཞུང་ལྟར་རབ་ཆ་སྙོམས་པ་ལ་འབྲིང་སྣེ་ཚང་ཐ་མ་གང་འཛོམ་ཙམ་ལ༔ བོང་ངའི་རྩ་བ་དང་ལོ་མ་རྟ་ཁྲག་སོགས་རྙེད་གང་སླ་ལ་བུངས་བླངས༔ མཛེ་ཕོ་ནལ་པ་ལྐུགས་པ་མ་གཏོགས་པའི་ཤ་ཁྲག་གང་རྙེད་བཏབ་ལ༔ རྭའམ་པར་བུ་རིལ་བུ་ཕྱེ་མ་གང་འདོད་བྱས༔ ཆང་རྒོད་དམ་ཁྱེའུ་ལོ་བརྒྱད་པའམ༔ རྙེད་ན་ནུས་ལྡན་སྤྲུལ་སྐུ་ཞིག་གི་གསང་ཆབ་རྙེད་ན་མཆོག་ཡིན་པས་སྦྲུས་ལ༔ སྔགས་ཁྲི་སོགས་ཀྱིས་སྔགས་ལ་གང་དགོས་གཞུང་ལྟར་སྤྱོད༔ དེ་ནས་སྨྱོན་པ་འདུལ་ལམ་གདོན་གང་འདུལ་ཡང་རྦད་ཀྱིས་གནོད་བྱེད་ཟེར་བ་གཟའ་ཀླུ་ས་བདག༔ རྒྱལ་པོ་བསེན་མོ་གཟའ་སོགས་གང་ཡིན་བཅུག་པས་ཟབ༔ ངོས་མ་ཟིན་ན་གནོད་


CMR016_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱིས་འཐུས་ཏེ༔ སྔགས་ནི་ཁམས་སུ་དབད་ཟེར་ཀྱང་མི་དག་པ་འདྲ་བས་དབུས་སུ་ནི་དྲོད་ཟེར་བས་དག་པར་སེམས་སོ༔ སྔགས་རིང་གསུམ་ཁའི་དམིགས་པ་འདི་མེད་དེ༔ རང་ཉིད་རྟ་མགྲིན་གྱི་ལྷ་ཚོགས་སྔར་བས་ཀྱང་སྐུ་ཚེ་ལ་ཡན་ལག་རགས་པ་ནམ་མཁའ་ཁེངས་པ་ཙམ་གྱི་ཐུགས་ཀ་ནས་རང་འདྲ་བའི་རྟ་མགྲིན་ནག་པོ་ལྕགས་ཀྱུ་ཞགས་པ་ཅན་གྲངས་མེད་སྤྲོས་ཏེ་སྟོང་གསུམ་ཙམ་གྱི་འཇིག་རྟེན་ནམ་མཁའ་ས་གཞི་ཐམས་ཅད་གང་བས་ངག་ནས་དྲག་སྔགས་འབྲུག་ལྟར་བརྗོད་ཅིང་༔ གནོད་བྱེད་གང་ཡིན་དེའི་སྙིང་ནས་ལྕགས་ཀྱུས་བཟུང་༔ མགུལ་ནས་ཞགས་པས་བཅིངས༔ རལ་གྲིའི་དམྱལ་དམྱལ་གཏུབས༔ ཤ་ཁྲག་ཁྲོ་བོ་རྣམས་ཀྱིས་ཧབ་ཐོབ་ཏུ་ཟོས༔ ལྷག་མ་ཡེ་ཤེས་ཀྱིས་མེས་བསྲེགས་པར་བསྒོམ་ལ་སྔགས་བརྒྱ་རེ་ཙམ་བཟླའོ༔ ཡང་གནོད་བྱེད་དེ་དག་ལ་སྙིང་རྗེ་ཚད་མེད་པར་བསྒོམས་ལ༔ རྣམ་པར་ཤེས་པ་ཐིག་ལེའི་རྣམ་པར་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ༔ གདོན་ལྷ་དང་གནོད་བྱ་དང་གནོད་བྱེད་ཐམས་ཅད་སེམས་ལས་གཞན་དུ་མ་གྲུབ་པ་ཤེས་པར་བྱས་ལ༔ སྟོང་ཉིད་ངང་དུ་ཡུན་རིང་ཙམ་བཞག༔ ཡང་སྔར་ལྟར་སྔགས་དམིགས་བྱ་ཞིང་རྫོ་ས་ལ་ཕུ་


CMR016_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ༔ ཐུན་རྫ་ས་ཞོར་ལ་སྔགས་ན་ཡང་སྨོན་པ་སེར་བ་སོགས་ལ་ཕན་ཚེ༔ དེ་ལྟར་གཞུང་ལྟར་ཐུལ་རྟགས་མ་བྱུང་བར་དུ་བཟླསཿ ཐུལ་རྟོགས་ལན་གསུམ་བྱུང་ནས་བཟླ་མི་རུང་དམིགས་པ་སྲོད་ལ་བྱམས་སྙིང་རྗེའི་བསྔོ་བར་བྱའོ༔ གལ་ཏེ་ད་རུང་བཟླས་ན་རང་ནུས་པ་དང་ལྟ་བའི་གདེང་མེད་ན་རང་ལ་ལྡོག༔ གདེང་ཆེ་ན་གདོན་སྲོག་དང་བྲལ་བས་སྡིག་ཆེ་གསུངས༔ སྔགས་མི་དག་ལ་མི་འཁུ་པར་གསུངས་པས་ལྟུང་བར་འགྱུར་རོ༔ དེ་ནས་ཚོད་ཟིན་པར་གཅེས་སོ༔ བསྙེན་རྟགས་ནི་རབ་ཞལ་མཇལ༔ འབྲིང་གསུང་ཐོས་དབང་པོའི་ཁྱད་ཀྱིས་དངོས་ཉམས་རྨི་ལམ་དུ་འོང་༔ ཐ་མ་རྨི་ལམ་དུ་མེ་ཏོག་དམར་པོའི་གླིང་དུ་ཕྱིན་པ་བསྡུས་པ༔ གོས་སར་དམར་པོ་གྱོན་པ༔ རང་ལུས་ལ་མེ་འབར་བ༔ བུད་མེད་ཚོགས་ཀྱིས་ཟས་ནོར་སྟེར་བ་དང་ལུང་སྟོན་པ་དང་ཉི་ཟླ་ཤར་བ༔ མཁར་བརྩེགས་གོ་གྱོན་མཚོན་ཐོགས་ལ་ཁྲི་ལ་འདུག་ཆོས་འཆད་ལྷ་ཆ་བཀྲོལ་བ༔ དར་ཕྱར་བ་དུང་བུས་པ་ཡིག་དྲུག་བསྐུལ་བ༔ རྒྱན་གྱིས་བརྒྱན་པ་ནམ་མཁའ་ལ་འཕུར་བ༔ བདེ་བ་ཅན་དུ་ཕྱིན་པ༔ དམག་དཔོན་བྱས་པ༔ གཡུལ་ལས་རྒྱལ་བ་སོགས་ལྷ་རྟགས༔ དྲག་སྔགས་རིང་མོ་འུར་


CMR016_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་དུས་སྦལ་ལྕོང་ཆུ་གནས་བསད་པ༔ མཚོ་སྐེམ་རྫིང་གཏོར་ཤིང་བཅད་གཟའ་ཀླུ་ཐུལ་རྟགས༔ བནེ་བུད་མེད་ཁྱི་བྱི་ལ་སོགས་བརྡུང་བ་དང་བསད་པ་སོགས་རྒྱལ་བསེན་ཐུལ་རྟགས་སོགས་གཞུང་དུ་ཡང་གསལ་ལྟར་ཏེ་རྒྱས་པར་རིག་པས་བརྟག་སྟེ་ཤེས་པར་བྱའོ༔ དེ་ཡན་ཆད་སྔགས་པ་གསར་བུ་ལས་དང་པོ་པའི་ཉམས་ལེན་ཏེ༔ བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཉམས་སུ་ལེན་ལུགས་སོ༔ གཉིས་པ་ལུང་ཨ་ནུ་ཡོ་ག་ལྟར་ཉམས་སུ་ལེན་མཿ ཕྱི་སྣོད་ཀྱི་འཇིག་རྟེན་ནི་གདོད་ནས་གྲུབ་པའི་གཞལ་ཡས་ཁང་༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ཁ་དོག་ལྔ་ཡི་དབྱེ་བས་གདོད་ནས་རྟ་མགྲིན་རིགས་ལྔའི་རང་བཞིན༔ རང་ལུས་ཕུང་པོ་ལྔ་དང་ཁམས་ལྔ་པོ་ཡང་གདོད་ནས་རྟ་མགྲིན་རིགས་ལྔའི༔ ལུས་གདོད་ནས་རྟ་མགྲིན་དམ་ཚིག༔ སེམས་གདོད་ནས་རྟ་མགྲིན་ཡེ་ཤེས་པ་ཡིན་པས༔ དེ་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱ༔ ངོ་ཤེས་པས་མི་ཆོག་བརྟན་པ་ཐོབ་དགོས་པས༔ སྐད་ཅིག་དྲན་རྫོགས་ལ་སྣོད་བཅུད་ཐམས་ཅད་རྟ་མགྲིན་ལྷ་ལྔའི་དཀྱིལ་འཁོར་དུ་གསལ་བཏབ༔ རང་ལུས་རྟ་མགྲིན་དམ་ཡེ་དབྱེར་མེད་གཅིག་ལ་གསལ་བཏབ༔ སེམས་ཅན་ཐམས་ཅད་འཁོར་རྟ་མགྲིན་རིགས་བཞིར་


CMR016_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྐད་ཅིག་ལ་བཏབ་ལ་སྔགས་ཕྲེང་སོགས་དམིགས་པའི་འཕྲོ་འདུ་སོགས་མི་བྱེད་པར༔ སྒྲ་ཐམས་ཅད་སྔགས་སྒྲ་གཟུགས་ཐམས་ཅད་རྟ་མགྲིན༔ ཟས་ནི་ཤ་ལྔ་བདུད་རྩི་ལྔ༔ གོས་ནི་བེར་ནག་དང་ཞིང་གླང་ལྤགས་པ༔ རྒྱན་དུར་ཁྲོད་ཀྱི་ཆས་གདན་ཉི་ཟླ་པདྨ་ཀླུ་བརྒྱད་སོགས་སུ་དམིགས་པས༔ སེམས་ཅན་ཐམས་ཅད་ལྷར་གསལ་ན་གདོན་ཞེས་བཙལ་བས་མི་རྙེད་པས་དྲག་སྔགས་བཟླ་རྒྱུ་མེད༔ བཟའ་བཏུང་མཆོད་པ་ཡིན་པས་མཆོད་པ་བྱ་རྒྱུ་མེད༔ དེ་ལྟར་སྒོམ་མཁན་སེམས༔ སེམས་ཡེ་ནས་སྟོང་པ་ཉིད་ཀྱི་ཕྱིར་གསལ་བློ་སྟོང་ཟུང་འཇུག༔ སྟོང་པའི་རང་རྩལ་སྟོང་ཉིད་ཀྱི་རྩི་དང་མ་བྲལ་བའི་ངང་ནས་སྣོད་བཅུད་རྟ་མགྲིན་གྱི་དཀྱིལ་འཁོར་དུ་གསལ་བས་བསྐྱེད་རྫོགས་ཟུང་འཇུག༔ དེའི་ངང་ལས་སྔགས་ཤུགས་འབྱུང་དུ་བརྗོད་ཅིང་གྲངས་དང་ཚད་དུ་བཟུང་རྒྱུ་མེད་པས༔ དེ་སེམས་ཅན་ཐམས་ཅད་ཀྱི་བཟླས་པ་དང་སྒྲ་ཐམས་ཅད་སྔགས་སུ་གསལ་བས་སོ༔ དེ་ལྟར་ཡང་རྟ་མགྲིན་གསང་འདུས་ཀྱི་རྒྱུད་ཆེན་པོ་ཉིད་ལས༔ སྐད་ཅིག་དྲན་རྫོགས་ལྷར་བསྐྱེད་ལ༔ འགྲོ་ཉལ་འདུག་གསུམ་ཐམས་ཅད་དུ༔ ལྷ་ཡི་ངང་ལས་འབྲལ་མི་བྱ༔ གཟུགས་སུ་སྣང་བ་རྟ་མགྲིན་སྐུ༔


CMR016_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་རུ་གྲག་པ་རྟ་མགྲིན་གསུང་༔ སེམས་སུ་དྲན་རྟོག་རྟ་མགྲིན་ཐུགས༔ ཞེས་སོགས་དང་པདྨ་དབང་གི་རང་བཞིན་ལ༔ མ་དག་སྣང་བ་ཡོད་མ་ཡིན༔ ཐམས་ཅད་དབང་གི་དཀྱིལ་འཁོར་ཆེ༔ ཞེས་སོགས་ཨ་ནུ་ཡོ་ག་ལྟར་བསྒྲུབས་པའི་ལེའུ་ལས་གསལ་བར་གསུངས་པའོ༔ དེ་ལས་ཀྱང་རྟོགས་པ་མཆོག་ཏུ་གྱུར་པའི་གང་ཟག་གིས་ནི༔ ཡི་དམ་རྟ་མགྲིན་ལྷ་ལྔ་ཞེས་པ་ཡང་རང་སེམས་ལས་གཞན་དུ་མ་གྲུབ་སྟེ༔ དུག་ལྔ་རང་རྒྱུད་དུ་ཤོར་བ་ལས་རུ་ཊ་དང་གདོན་རིགས་ལྔ་ཀླུ་རིགས་ལྔར་སྣང་བས༔ མེ་ལོང་ལ་གཟུགས་བརྙན་ལྟར་ཕྱི་རོལ་དུ་སྣང་གིསཿ རང་སེམས་དུག་ལྔ་མ་སྤངས་རང་ངོ་རང་གིས་ཤེས་པས་རྟ་མགྲིན་རིགས་ལྔར་འཆར༔ ཡེ་ཤེས་ལྔ་ཡང་དེ་ཡིན༔ མདོར་ན་སྣང་སྲིད་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་ལས་གཞན་དུ་གྲུབ་པ་མེད་པས༔ གང་ཤར་སྤང་བླང་དགག་སྒྲུབ་མེད་པར་མཉམ་པར་བཞག་པ་རྟ་མགྲིན་གྱི་ལས་བསྒྲུབ་པ་རང་འགྲུབ་ཏུ་འགྱུར་བ་ཉིད་དུ་དེ་དཔལ་རྟ་མགྲིན་གསང་འདུས་ཀྱི་རྒྱུད་ལས༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དེ༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་ཉིད་རྟ་མགྲིན་སྐུར་སྣང་བས༔ རང་ཉིད་རང་ལ་རང་ཉིད་ལྷ༔ ལྷ་དང་རང་གཉིས་གཉིས་སུ་


CMR016_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མེད༔ སེམས་ཉིད་རྟོགས་ན་སངས་རྒྱས་ཏེ༔ སངས་རྒྱས་གཞན་ནས་མ་ཚོལ་ཞིག༔ ཅེས་དང་༔ སེམས་ལ་རྒྱུ་དང་རྐྱེན་མེད་པས༔ མ་གྲུབ་རང་བྱུང་ཡེ་ཤེས་གནས༔ མ་བཙལ་བཞག་པས་རང་ས་ཟིན༔ ཅེས་དང་༔ བལྟ་བའི་ལེའུ་ལས༔ འཁོར་འདས་ཁྱད་པར་དབྱིངས་སུ་མཉམ༔ ལས་དང་ཡེ་ཤེས་གཉིས་སུ་མེད༔ མ་འགག་པ་ནི་ཆོས་ཀྱི་སྐུ༔ མི་དམིགས་པ་ནི་ཆོས་ཀྱི་དབྱིངས༔ དེར་རྟོགས་དེ་ལ་གནས་པ་ཡིན༔ སངས་རྒྱས་ཀུན་གྱི་དགོངས་པ་ཡིན༔ ཅེས་དང་༔ སྒོམ་པའི་ལེའུ་ལས༔ གཉིས་མེད་སྟོང་པ་ཆོས་དབྱིངས་ལས༔ མ་འགག་དུག་ལྔ་རྣམ་རྟོག་ཤར༔ དབྱིངས་ནས་ཤར་ཞིང་དབྱིངས་སུ་ཐིམ་རང་ཤར་རང་གྲོལ་སྒོམ་པའི་མཆོག༔ ཅེས་དང་༔ སྤྱོད་པའི་ལེའུ་ལས༔ སྣང་སྲིད་རྟ་མགྲིན་གྱི་དཀྱིལ་འཁོར་དུ་གསལ་ཞིང་ངེས་པར་གྱུར་ན༔ ཐ་མལ་གྱི་སྤྱོད་པ་རང་འགགས་སུ་འགྲོ་ཚུལ་རྒྱ་ཆེར་གསུངས་ཤིང་༔ འབྲས་བུའི་ལེའུ་ནས༔ སྐུ་གསུམ་རང་ལ་ཡེ་ནས་རྫོགས༔ མ་བཙལ་རང་བཞིན་ལྷུན་གྱིས་གྲུབ༔ མ་གྲུབ་རང་ལ་བྱུང་ཞིང་གནས༔ ཞེས་སོགས་སྐུ་གསུམ་སེམས་ལ་ངོ་སྤྱོད་རྒྱ་ཆེར་གསུངས་སོ༔ འོ་ན་ཕྱག་རྫོགས་སྤྱི་དང་


CMR016_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་མེད་དམ་ཞེ་ན༔ འདི་སྟོང་ཉིད་ཁོ་ནར་བསྒོམ་པ་ནི་མ་ཡིན་ཏེ༔ སྟོང་ཉིད་ཀྱི་ལྟ་བའི་གནས་ལུགས་རྟོགས་ནས༔ བསྒོམས་པས་ཉམས་སུ་ལེན་ཚེ༔ ཐུགས་ཀའི་ཧིལ་སེམས་རྩེ་གཅིག་ཏུ་བཟུང་བ་ཞི་གནས་གནས་པའི་ངོ་བོ་ལ་བལྟས་པའི་སྟོང་པ་མཐོང་བ་ལྷག་མཐོང་༔ སྟོང་ཉིད་འདི་བལྟ་བའི་གཤིས་མ་ཤོར་བའི་ངང་ནས་ནམ་མཁའ་ལ་འཇའ་ཤར་བ་ལྟར་རྟ་མགྲིན་གྱི་དཀྱིལ་འཁོར་གསལ་བཏབ་པ་ཡོང་གྲུབ་ཀྱི་བསྐྱེད་རིམ༔ དེ་ཉིད་རྣམ་པར་གསལ་བའི་གཤིས་མ་ཤོར་བའི་བློ་བྱས་བྱས་པའི་སྟོང་ཉམས་ནམ་མཁའ་ལྟ་བུ་ཡང་མ་ཡིན་པརཿ སྒོམ་མཁན་སེམས་ཀྱི་ངོ་བོར་སྟོང་པར་མཐོང་བ་གསལ་སྟོང་ཟུང་འཇུག༔ སྒྲ་ཐམས་ཅད་གྲག་སྟོང་ཡང་མ་ཡིན་པར་སྔགས་སུ་བསྒོམ་བཞིན་སྒྲ་སྟོང་ཉིད་དུ་རྟོགས་པ་གྲག་སྟོང་དབྱེར་མེད་སོགས་སུ་བསྒོམ་ཞིང་༔ རང་ཉིད་ལྷ་ལ་ལྷ་ཉིད་རང་༔ ཞེས་སོགས་ཀྱི་དོན་ནོ༔ དེ་ལྟ་བུའི་འབྲས་བུའི་ཡང་རྩེར་འགྱུར་ཞེ་ན༔ རྟ་མགྲིན་གསང་འདུས་སྒྲུབ་གཞུང་ནས་འབྱུང་བ་འདི་གྲངས་རུང་སྟེ་འདི་ཡང་དེའི་གསུང་གི་སྒྲུབ་པ་ཡིན་པས་དོན་གཅིག་པའི་ཕྱིར་ཏེ༔ དབང་རྫོགས་སྐྱེས་བུ་སུ་དང་སུས༔ མཐའ་ཡས་སྲིད་པ་བར་དོ་ནས༔ བདེ་ཆེན་འབར་བའི་གཞལ་ཡས་


CMR016_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སུ༔ ཡི་དམ་ལྷ་ཡིས་ཁྲིད་པར་འགྱུར༔ གོང་མ་རྩ་བའི་བསྙེན་པ་ལ༔ བྱེ་བ་བདུན་ནམ་ས་ཡ་གཅིག༔ གལ་ཏེ་ཐེམ་པར་གྱུར་པ་ན༔ ཆོས་ཉིད་དང་པོའི་བར་དོ་ནས༔ མི་དེ་མངོན་པར་སངས་རྒྱས་ནས༔ སྐུ་དང་གདུང་དང་རིང་བསྲེལ་དང་༔ སྒྲ་དང་འོད་དང་འཇའ་ལ་སོགསཿ ངོ་མཚར་རྟགས་དང་བཅས་ནས་ནི༔ གྲོལ་བར་འགྱུར་བ་གདོན་མི་ཟ༔ ཞེས་ཨུ་རྒྱན་རིན་པོ་ཆེས་བཀའ་སྩལ་ཏོ༔ དེ་ཡང་རྟ་མགྲིན་ནག་པོ་དབུགས་བདག་རོལ་པའི་རྒྱུད་ལས་ཀྱང་༔ ཉོན་མོངས་འཁོར་བའི་རྒྱུན་བཅད་ནས༔ མཉམ་ཉིད་ཆེན་པོར་མངོན་སངས་རྒྱས༔ ཞེས་གསུངས་སོ༔ དེ་ལྟར་དུས་རྟགས་གྲངས་གསུམ་གྱི་བསྙེན་པ་རྫོགས་ཤིང་བསྐྱེད་རྫོགས་ལ་དྲོད་ཅུང་ཟད་ཐོབ་པའི་གང་ཟག་གིས་ལས་ཚོགས་དགོངས་འདུས་ཀྱི་ལས་ཚོགས་ཕན་བྱའི་སྐོར་ཐམས་ཅད་འདི་ལ་སྦྱར་རུང་བར་གསུངས་པས་གང་འདོད་སྦྱར་ཆོག་ལ༔ ཉང་གི་རྟ་ནག་པདྨ་གླིང་པའི་རྟ་ནག་སོགས་ཀྱི་ལས་ཚོགས་འདི་ལ་སྦྱར་རུང་༔ ཡང་ནད་པ་ལ་བྱིན་རླབས་བྱེད་དམ་རྒྱང་རིང་ནས་ཐུགས་དམ་སྐྱབས་འཇུག་གམ་དམིགས་པ་ཞུ་བར་བྱུང་ན༔ རང་ཉིད་རྟ་མགྲིན་ནག་པོ་སྐུ་རི་རབ་ཙམ་དུ་བསྒོམས་ནས་རང་གི་


CMR016_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དྲུང་དེར་ནད་པ་ཡོད་པར་བསམས་ལ༔ རང་གི་སྐུ་ལས་མེའི་ཕུང་པོ་མཆེད༔ ནད་པ་ལ་ཕོག་པས་ནད་གདོན་ཐམས་ཅད་གཞོབ་ཐུལ་གྱིས་ཚིག༔ ཐུགས་ཀ་ནས་བདུད་རྩིའི་རང་བཞིན་ཆུའི་རྒྱུན་ཆེན་པོར་འཕྲོས་པས་ནད་གདོན་ཐམས་ཅད་བཤལ་ཞིང་བཀྲུས་པར་བསྒོམ་ལ་བསྙེན་པ་བྱ༔ གལ་ཆེ་ན་སྔགས་རིང་ཅུང་ཟད་བཟླའོ༔ གདོན་ཆེན་དང་ནད་པ་གལ་ཆེན་ལ་སྔགས་རིང་གི་སྔགས་ཆུ་བཏུང་བཅུག་ན༔ གཞན་ཡང་གཉན་དང་ཐབ་དང་སྐྲང་པ་ལྷོག་པ་སོགས་ལ་སྔགས་རིང་འདི་བཏབ་ན་གཞན་གང་བས་ཀྱང་རྣོའོ༔ སྔགས་གྲངས་མང་དུ་སོང་བའི་སྔགས་མར་ས་སྔགས་བྱས་ཀྱང་ཕན་ཆེའོ༔ དར་མདུད་སྲུང་སྐུད་སོགས་ལ་བཏབ་ཀྱང་སྲུང་བའི་མཆོག་གོ༔ འདིའི་བསྐང་བ་དང་གཏོར་ཟློག་འདོན་ན་བདག་བསྐྱེད་འདི་བྱས་ལ་མདུན་བསྐྱེད་ཉང་ལུགས་སོར་བཞག་ལྟར་བྱས་པས་ལེགས་སོ༔ འགའ་ཞིག་གིས་ཉང་ལུགས་དང་འདི་གཉིས་བསྲེས་ཏེ་བྲིས་པ་དང་༔ ཉང་གི་བཟློག་པ་ཟུར་དུ་བྲིས་པ་དེ་ལ་ལས་འགྲིགས་ནས་འདིའི་ཡིན་ཟེར་བ་བྱས་འདུག་པ་ནི་བསྲེ་སླད་རང་བཟོ་དེ་སྤངས་བར་བྱའོ༔ འདིའི་སྲུང་ཟློག་བསྒོམ་པ་རང་གི་ཐུགས་ཀར་ཧཱིཡིག་གི་ར་ཏའི་ནང་དུ་སྡེ་བརྒྱད་ཀྱི་ས་བོན་ཀྲྀ་ཏྲི་


CMR016_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མགོ་ཐུར་དུ་བལྟ་བ་ལྷ་འདྲེ་མི་གསུམ་གྱི་སྲོག་བཙོན་དུ་བཟུང་བའི་ཚུལ༔ ཧ་ཁོག་ནང་སྟོང་པ་སྦྲུ་གུ་འདྲ་བའི་དབུས་སུ་རང་གི་ཚེ་སྲོག་གི་དྭངས་མ་རྡིལྗང་གུ་བཀྲག་མདངས་དང་ལྡན་པའི་གཡས་སུ་ཕོ་རིགས་གཡོན་དུ་མོ་རིགས་མདུན་དུ་ནོར་རྫས་རྒྱབ་ཏུ་ཞིང་ཁང་རྣམས་མིང་ཡིག་དང་པོ་ཙམ་བསྒོམས་ནས་དེ་ལ་བསྟིམ་པ་ཡང་བྱེད་དོ༔ ལྷ་ཡི་གཟུགས་སུ་སྒོམ་པ་ཡང་བྱེད་དོ༔ དངོས་སུ་ཐ་མལ་ལྟར་བསྒོམས་པས་ཕན་ཆེའོ༔ གི་གུའི་ནང་དུ་བླ་མ་རྣམས་བསྒོམ་པར་བྱའོ༔ དེ་ནས་རང་ཉིད་ལྕགས་ཀྱི་རལ་པ་ལན་དུ་མ་རིམ་པར་དཀྲུགས་པ་ལས་འཕྲོས་པའི་མེ་རི་དང་མཚོན་ཆ་སྣ་ཚོགས་དང་༔ ཕུར་པ་རྒྱ་གྲམ་དབྱུག་ཐོ་པདྨས་མཚན་པ་རིན་པོ་ཆེའི་གུར་སྲུབ་མེད་པར་རིམ་པ་དྲུག༔ དེ་ནང་འཁོར་ལོ་ཆུང་ངུ་སོ་འཐབ་པའི་འཁོར་ལོ་གུར་ཐབས་རྩིབས་བྱེ་བ་དུ་མ་ཅན་གང་འདོད༔ དེའི་ནང་དུ་རྡོ་རྗེའི་རྭ་བ་གུར་ས་གཞི་སྲུབ་མེད་པ༔ དེ་ནང་རྟ་མགྲིན་ཁྲོ་ཆུང་ཞལ་ཕྱིར་གྱུ་བ་བཟློག་པའི་ལས་བྱེད་པ་དང་༔ དཀར་པོ་ནང་དུ་རྒྱུ་ནས་སྲུང་བའི་ལས་བྱེད་པའི་གུར་དུ་བསྒོམ་སྟེ༔ གཞུང་ལས་རལ་པ་དཀྲུགས་པའི་སྐྲ་གསེབ་ནས་ཞེས་པ་ནས༔ མཚོན་ཆ་སྣ་ཚོགས་ཀྱི་འཁོར་ལོ་བསྐོར་


CMR016_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་གསུངས་པའི་དོན་ཡིན་པས༔ རྡོ་ར་ཁྲོ་བོ་མེ་རི་དཀར་ནག་མ་གཏོགས་པ་ཐམས་ཅད་གཡས་གཡོན་འཁོར་བའི་རྩེ་མོར་གནོད་བྱེད་རྣམས་དམྱལ་དམྱལ་གཏུབས་པར་བསྒོམ་པའོ༔ འདི་མ་ཧཱ་ཡོ་གའི་སྲུང་འཁོར་བསྒོམ་ལུགས་ཡིན་ཅིང་༔ རྩ་སྔགས་མཇུག་ཏུ་ཡང་བསྲུང་བྱ་རྒེ་མོ་ལ་སྲུངས་ཤིག་རཀྵ་རཀྵ་ཞེས་ཅུང་ཟད་སྦྱར་རོ༔ ཨ་ནུ་དང་ཨ་ཏི་གཙོ་བོར་བྱེད་ན༔ བསྲུང་བྱའི་ལུས་ངག་ཡིད་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསྲེས་ལ༔ བསྐྱེད་རྫོགས་ཀྱི་ཉམས་ལེན་རྩེ་གཅིག་ཏུ་དྲིལ་ནས་བསྒོམས་པ་ལགས་སོ༔ བློས་བྱས་ཀྱི་སྲུང་འཁོར་བསྒོམ་དུ་མེད་དེ་སྣང་སྲིད་ལྷར་གསལ་བས་འདྲེ་གདོན་ག་ལ་ཡོད་པའི་ཕྱིར་རོ༔ དེ་རྣམས་ཀྱི་དོན་ཡང་རྟ་མགྲིན་གསང་འདུས་ཀྱི་རྒྱུད་ཆེན་པོ་ཉིད་ལས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ སྔགས་པ་ནང་འགྲས་ཆོད་གཏོང་བྱེད༔ དེ་ཚེ་ཟབ་པའི་ཁྱད་འདོན་ན༔ ནད་དང་གདོན་དང་བསྲུང་བ་དང་༔ ཕྲིན་ལས་དམིགས་པ་གང་བྱེད་ཀྱང་༔ རང་ཉིད་རྟ་མགྲིན་སྐུར་གསལ་བས༔ སུས་ཀྱང་ཚུགས་པར་མི་འགྱུར་ཏེ༔ སྟོང་པའི་གོ་ཆ་བླ་ན་མེད༔ འདི་ནི་བསྲུང་བའི་རྒྱལ་པོ་ཡིན༔ ཅེས་གསུངས་པའི་དོན་ནོ༔ སྙིགས་དུས་ཚེ་སྒྲུབ་


CMR016_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ་བས༔ ཚེ་རྟ་ཁ་སྤྲོད་དུ་བསྒྲུབས་ན་རང་ཉིད་རྟ་མགྲིན་གཞུང་ལྟར་བསྒོམ་པའི་སྤྱི་བོར་ཚེ་དཔག་མེད་བྷེ་པ་སོགས་ཚེ་སྒྲུབ་གསང་འདུས་ཕྱི་སྒྲུབ་ཟབ་པའི་མཐར་ཐུག་ལྟར་ཉམས་སུ་བླངས་ན་འབྲེལ་ཆེ་ཞིང་མཆོག་དམ་པའོ༔ ཞེས་པ་འདི་ནི་བླ་མ་རྡོ་རྗེ་འཛིན་པ་ཀརྨ་བརྩོན་འགྲུས་ཀྱིས་མཎྜལ་དང་བཅས་པ་ཐག་རིང་པོ་ནས་བསྐུལ་བའི་ཕྱིར་ཕུལ་ཏེ༔ རྟ་མགྲིན་བསྒྲུབ་པའི་རྣལ་འབྱོར་པ་ཨ་རཱ་གས་བསྒྲིགས་པའོ༔ འདི་ལ་འགལ་འཁྲུལ་གང་མཆིས་མཁས་མཆོག་རྣམས་ལ་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་རྟ་མགྲིན་གྱིས་རྗེས་སུ་བཟུང་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ནག་པོ་ནཱ་ག་ཀླུ་འདུལ་ལྷ་ལྔའི་ཞལ་གདམས་ཟིན་བྲིས་གབ་སྦས་སྤངས་པ་སྙིང་གི་ཁུ་བ།next