Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྟ་མགྲིན་ཡང་ཕྱུངས་ནག་པོ་ལྕགས་ཀྱི་རལ་པ་ཅན་གྱི་གཏད་ཁྲོམ་གྱི་མན་ངག་འདི་ཟིན་བྲིས་ཨུ་པ་དེ་ཤ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྟ་མགྲིན་ཡང་ཕྱུངས་ནག་པོ་ལྕགས་ཀྱི་རལ་པ་ཅན་གྱི་གཏད་ཁྲོམ་གྱི་མན་ངག་འདི་ཟིན་བྲིས་ཨུ་པ་དེ་ཤnext

དཔལ་རྟ་མགྲིན་ཡང་ཕྱུངས་ནག་པོ་ལྕགས་ཀྱི་རལ་པ་ཅན་གྱི་གཏད་ཁྲོམ་གྱི་མན་ངག་འདི་ཟིན་བྲིས་ཨུ་པ་དེ་ཤ


CMR016_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ཡང་ཕྱུངས་ནག་པོ་ལྕགས་ཀྱི་རལ་པ་ཅན་གྱི་གཏད་ཁྲོམ་གྱི་མན་ངག་འདི་ཟིན་བྲིས་ཨུ་པ་དེ་ཤའོ། །གསང་རྒྱུ། བླ་མ་དང་དཔལ་ཁྲོ་བོ་རྟ་མགྲིན་ལ་ཕྱག་འཚལ་ལོ། །རྟ་མགྲིན་ཡང་ཕྱུངས་ནག་པོའི་མན་ངག་ཞལ་ཤེས་ཅུང་ཟད་བཀོད་པ་འདི། སྣོད་ལྡན་སློབ་མ་གཅིག་བརྒྱུད་མ་གཏོགས་པའི་མང་པོར་སྤེལ་ནས་འཆོལ་བར་སྤྱོད་ན། འདི་དང་ཕྱི་མ་གཉིས་ཀ་རང་གཞན་ཕུང་། །དེ་ཕྱིར་མན་ངག་འདི་ནི་གསང་ཞིང་རྒྱ། །དེ་ལ་དང་པོ་གོ་ཆ་ལྟ་བུའི་མན་ངག་ནི། བསྙེན་པ་སྒྲུབ་པ་གཉིས་ཡིན་ཅིང་། དང་པོ་བདག་བསྐྱེད་ཀྱི་བསྙེན་པ་བྱེ་བ་གསུམ་དང་འབུམ་ཕྲག་ཙམ་སྔོན་དུ་སོང་ནས། གཉིས་པ་སྒྲུབ་པ་ནི། བདག་དང་མདུན་བསྐྱེད་རྟེན་དང་འབྲེལ་བའི་སྔགས་རིང་ནི། རྟགས་མ་བྱུང་བར་བསྒྲུབ། དེ་ལྟར་བསྙེན་སྒྲུབ་གཉིས་ཐོན་ནས་རང་ཉིད་རྣལ་འབྱོར་པས་དུས་རྒྱུན་དུ་རྟ་མགྲིན་ཡི་དམ་ལྷ་ཡི་སྐུ་བསྐྱེད་རིམ་གསུང་སྔགས་བཟླས། ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དེ་ལྟར་གསལ་བ་གསུམ་ལྡན་གྱིས་ཡི་དམ་ཆོས་སྐྱོང་ལ་རྒྱུན་གཏོར། དུས་གཏོར། རྟགས་གཏོར་དང་ལས་རིམ་བདུན་མ་ལྟར་བརྩོན་ནོ། །ཕྲིན་ལས་སྒྲུབ་ཅིང་བར་ཆད་སེལ་ལོ། །དེ་ལྟ་


CMR016_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བརྩོན་པའི་རྣལ་འབྱོར་པ་དེས། ད་དགོས་པ་གསུམ་པ་ཕྱི་མ་མཚོན་ཆ་ལྟ་བུའི་མན་ངག །དྲག་པོའི་ལས་སྦྱོར་ནི། རྣལ་འབྱོར་པ་ལ་དགྲ་ཡི་གནོད་འཚེ་བྱུང་ན་གོང་དུ་བླ་མ་དང་ཡི་དམ་རྟ་མགྲིན་ཆོས་སྐྱོང་གཏོར་མ་ཆ་ཚང་བར་བཤམས། མདུན་དུ་ཕུང་ཤུལ་གྱི་ས་ལ་མཎྜལ་གྲུ་བཞི་པའི་དབུས་སུ་དམག་འཁྲུག་པ། མི་བསད་པ།་མེས་ཚིག་པ་ལ་སོགས་པའི་ས་སྣ་བསྡུས་ལ། ཐུན་ཁང་གྲུ་གསུམ་པ་མཐོ་གང་བ་བང་རིམ་དགུ་པ་བྱ། ཕྱི་ཁྲག་དང་དུག་ཆུ་དུར་སོལ་གྱིས་ནག་པོ་བྱ།་ནང་དུག་ཁྲག་དང་མཚལ་གྱིས་དམར་པོ་བྱ། ཁ་ཁྱེར་ལ་ཕྱི་ནང་གསང་བའི་སྡེ་བརྒྱད་ཀྱི་ངོ་བོ་རྩང་དམར་ནག་གིས་བསྐོར། གྲུ་གསུམ་ཁར་ཐུན་ལམ་བྱས་ལ་ཚེར་ནག་གིས་ཕུར་པ་ལ་དྲག་སྔགས་བྲིས། རྟ་མགྲིན་དུ་བསྒོམ་ཐུན་ལམ་བཅད། །དེའི་སྟེང་དུ་ཁྲིའུ་ཁར་ལྕགས་སྣོད་དུ་གཏོར་མ་ཟུར་གསུམ་པ་ལ་སྡེ་བརྒྱད་གཏོར་མ་ཆ་ཚང་བ་བཤམས། རྩེ་ལ་དར་ནག་སྐུ། ཉ་བོ། ཤ་དུམ། མཚེ་ཡུངས་ཀར་ནག །རྩང་གིས་བརྒྱན་། གཏོར་མ་དམར་པོ་བྱ། མདུན་དུ་སྨན་རཀ་རྒྱུན་གཏོར། ལག་མགྱོགས་ལིང་ག །ཐུན་གཏོར། མཆོད་པ་སྣ་བདུན་ཚོགས་མཆོད་རྣམས་བཤམས། གྲུ་གསུམ་ནང་


CMR016_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དུག་ཤོག་ལ་དུག་ཁྲག་དང་། ཡུགས་སའི་སླ་ངའི་དྲེག་པ་སྣག་ཚ་ཕོ་རོག་སྒྲོའམ། མི་བསད་མདའ་འམ་སྐྱེར་ཐུར་གྱིས། རང་གི་དྲི་མ་མ་སོང་བར་ལིངྒའི་དཔྲལ་ས། སྤྱི་བོར་སུམ་ནན། རྣ་བར་འོན། མིག་ལ་ལོང་། སྣ་ལ་འཚུབ། ཁ་ལ་ལྐུགས། མགྲིན་པར་དུང་དུང་། སྙིང་གར་ནི་ཛཁ་སྤྲོད། བླ་འགུགས་སྔགས་ཞལ་ར་སྙིང་གར་བསྐོར་ལ་སྔགས་མགོ་ཕྱི། སྔགས་མཇུག་ནང་དུ་བྱ། ལྟེ་བར་རཾ། གསང་གནས་ལ་ཕཊ། རྐང་ཞབས་སུ་ཡཾ།་དཔུང་པ་གཉིས་ལ་ཆིངས། བརླ་ལ་དགྲ་བོའི་བརླ་ཁུག །ཚིགས་བཞིར་ཛཧཱུྃ་བཾ་ཧོ༔ རྐང་ལག་ལྕགས་སྒྲོག་ཏུ་བཅུག་པ། དེའི་སྤྱི་བོ་ནས་སྔགས་ལ། གང་དགོས་པའི་མིང་ཐེམ་ཞལ་ཤེས་ལྟར་སྔགས་མགོ་ནང་དུ་བསྟན། །ལས་སྔགས་གཉིས་ནི་ཐམས་ཅད་དགོས། ཕྱི་རོལ་ཛ་ཁྲམ་གྱིས་བསྐོར། དེ་ལྟར་ལིངྒ་ཆ་གསུམ་བྲིས་ལ། དང་པོ་ཟས་ཕྱིས་དང་། སྐྱེར་ཐུར་ལ་མགོ་ཞབས་བཟློག་ལ། ལིང་ཁྲུས་བྱ། ཡང་ན་འབྱུང་བའི་སྦྱོང་བ་རྣམས། ནམ་མཁར་ཕྱར་གཡུག །ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ལན་གསུམ་རླུང་ལ་ཕྱར། ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། གསུམ་སྤྲ་མེ་ལ་ཕྱར། རཾ་ཧོ་ཤུདྡྷེ་


CMR016_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷེ་སྭཱ་ཧཱ།། ལོ་རྒྱ་གྲམ་ས་ཡིས་བྲབས། ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། འདྲེ་ཆུ་ཆུ་མིག་ལྐུགས་པའི་ཆུ་ཡིས་བཀྲུས། མེ་ལོང་ངོས་ལ་ཕྱར། ཁཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ལན་གསུམ། དེ་ནས་རྫས་བྱུག་པ་ནི། གཞུང་ལས་མི་འགོར་རྫས་གཅིག་གོང་དུ་བཏང་གསུངས་པ། ལུས་གོས་དྲེག་པ། མཆིལ་སྣབ་ཟག་རྫས། དྲི་མ་རྗེས་ས་དེ་རྣམས་གང་རྙེད། སྙིང་ཁའི་རྩྭ་དང་། མགོ་ལུས་ཁྱབ་པར་བྱུག །བསད་ན་གྲི་ཁྲག །ལྐུགས་ན་ཕུག་རོན་ཁྲག །ཞ་རེངས་ཁུག་རྟའི་ཁྲག །སྨྱོ་འདོད་སྨྱོ་ཀླད་ཆུ། བྱེ་འདོད་ལུག་པའི་ཁྲག་སྣ་རྣམས་བྱུག ། རྦད་རྦད་ལ་དུག་ཁྲག་བྱུགས་ལིངྒ་ཞལ་ཤེས་ལྟར་མགོ་ཞབས་ལྡོག་ལ་དྲིལ། ཁྱི་ར་ཕག་སྤུ། ཡུགས་སའི་སྐྲ་ཤད་དཀྲིས། དགྲ་བོའི་ལུས་གོས་ཀྱིས་དྲིལ། ཚོན་སྐུད་སྣ་ལྔས་དཀྲིས་ལ་སོ་སོར་ཐུན་ཁང་དུ་བཅུག །ལིངྒ་ཉི་ཤུ་རྩ་གཅིག་ཀྱང་བཞག །ཐོད་པ་མཚན་ངན་དུ། ཡུངས་ཀར་ནག །རམ་སྒོག །སྐེ་ཚེ། ཤངས་ཚེ། ཐང་ཕྲོམ། ཟངས་ཕྱེ། ལྕགས་ཕྱེ། རྡོ་ཕྱེ། རྣམས་ལ་དུག་ཁྲག་གིས་སྦག་ལ་བཞག །དེ་ནས་བཅའ་གཞི་གྲུབ་ནས། སྒྲུབ་པ་དངོས་ལ། ཕྱོགས་སྐྱོང་དང་གཞི་བདག་གནས་བདག་ལ་གཏོར་མ་


CMR016_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་བསྒྲུབ་པའི་སྡོང་གྲོགས་མཛོད་ཅེས་བཀའ་བསྒོ། དེ་ནས་སྐྱབས་སེམས་དང་། རྟ་མགྲིན་བདག་བསྐྱེད་བསྙེན་པ་དང་། །མདུན་བསྐྱེད་མགོན་པོ་འཁོར་བཅས། མཆོད་པ། བསྟོད་པ། བསྐང་བ་བཤགས་པ། མངའ་གསོལ་དང་བཅས་པ་བྱེད། བསྒྲུབ་སྔགས་ཅུང་ཟད་བཟླས་པ་བྱེད། དེ་ནས་གསེར་སྐྱེམས་གཟུ་དཔང་། ཐུན་ཁང་བསྐྱེད་པ། དགུག་གཞུག །བླ་འགུགས་སྔགས་དམིགས་དང་བཅས་པ་བརྒྱ་རེ་བཟླ།་ལྷ་དབྱེ་ནི། རྫས་ཡུགས་སའི་ཞབས་མ། །ནལ་བུའི་ཤ། ར་ཐུག་ལུག་ཐུག་ཆུ་ཁའི་སྤུ་བྲེ། དམེ་ཁྲག །ཚིལ་ཆེན། ར་རུའི་གཞོབ། གུ་གུལ་ནག་པོ།་རྟ་བོན། ཁྱི་ལུད། མཛེ་ཁྲག །ཕག་ཚིལ་བྲུན། སྤྲུ་ནག་རྩ་བ་རྣམས་ཕྱེ་མ་བྱས་ལ་དང་པོ་ཕྱེ་མ་ནས་ཐུམ་པོ་གཉིས་བྱས། བྱ་རོག་འུག་པའི་སྒྲོ་གཉིས་ལ་རེ་རེ་བཏགས། ལྷ་དབྱེ་དུས་སྒྲུབ་ཁང་ཕྱི་ལ་དུད་པས་ལིངྒ་ལ་བདུག །དེ་ཚེ་ལྷ་དབྱེ་བའི་སྔགས་མང་དུ་བརྗོད། སླར་ལིངྒ་བྲུབ་ཁུང་དུ་བཅུག །ཐུན་ལམ་ཕུར་པས་བཅད་ལ་རང་ཁྲོ་བོའི་ང་རྒྱལ་དང་ལྡན་པས་ལས་སྔགས་བརྒྱ་རེ་བཟླས། ཐུན་མཇུག་ཏུ་སྔགས་དང་


CMR016_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་ལིངྒ་བསྒྲལ། ཐུན་གཏོར་འབུལ། རྟ་མགྲིན་དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པའི་བསྐུལ་པ་དང་། ཐུན་གཏོར་མདུན་གྱི་གཏོར་ཆེན་དུ་འབུལ། དེ་ཡང་སྡེ་བརྒྱད་རེ་རེ་འབོད་དུས་འགུགས་སྔགས་ཟད་དུས་རྦད་སྔགས། བསད་དུས་བསད་སྔགས་སོ་སོར་བྱ་བར་ཞལ་ལས་ཤེས། དེ་ལྟར་སྔགས་ཐུན་ལྟ་བུར་གྲུབ་ནས། ཞག་བདུན་གསུམ་ལྟ་བུར་བསྒྲུབ་ན། བདུན་གཅིག་འབོད་པ། བདུན་གཅིག་རྦད་པ། བདུན་གཅིག་བསད་པ། རབ་ཉིན་ཐུན་གསུམ། མཚན་ཐུན་གསུམ་དང་ཐུན་དྲུག་གོ །འབྲིང་ཉིན་ཐུན་གསུམ། མཚན་ཐུན་གཅིག །ཐ་མ་ཡང་ཉིན་ཐུན་གཉིས། མཚན་ཐུན་གཅིག་དང་གསུམ། དེ་ལྟར་ཐུན་མང་ཉུང་གང་བྱེད་ཀྱང་། སྔ་ཐུན་ལ་བདག་མདུན་མཆོད་པ་བསྐང་ཟབཤགས་མངའ་གསོལ་བྱ། དགོང་ཐུན་ལ་སྡེ་བརྒྱད་བསྐུལ། དགྲ་ཆོས་བཟློག་པ་བྱ། ཐུན་ཐམས་ཅད་ཀྱི་མཇུག་ཏུ་ཐུན་གཏོར་ལ་སྡེ་བརྒྱད་བསྐུལ་བྱས་ལ་ཕུལ། ཉིན་མཚན་ཐུན་ལ། དགུག་གཞུག་བླ་འགུགས་སྔགས་ལྷ་དབྱེ་ལས་སྔགས་བཟླས་པ་བྱ། འདི་ལྟ་བུའི་སྒྲུབ་པ་ལ་འཇུག་པའི་རྣལ་འབྱོར་པས་ལུས་ངག་ཡིད་གསུམ་གྱི་མཚམས་བསྡམས། སྐད་ཅིག་


CMR016_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཡེངས་པར་རིག་པ་ཏིང་ངེ་འཛིན་དང་དྲག་སྔགས་ལ་འབད་པ་ཡིན། ཐུན་རེ་དམིགས་པ་དངོས་ནི། འགུག་གཞུག་དང་བླ་འགུགས་སྔགས་བཟླ་བའི་ཚེ། བདག་མདུན་གཉིས་ཀྱི་ཐུགས་ཀ་ལས་སྤྲུལ་པ་གཙོ་འཁོར་རང་འདྲ་བ་ཁྲོ་བོ་དཔག་ཏུ་མེད་པ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བར་སྣང་ས་གཞི་གང་ནས། དགྲ་བོ་རང་དབང་མེད་པར་བཀུག་ནས་ལིང་ལ་བསྟིམ་པར་བསམ་ཞིང་། བླ་འགུགས་སྔགས་མན་ངག་ལྟར་བཟླས། ལས་སྔགས་དུས། བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་ཡི་གེ་ཛདམར་ནག་གཉིས་འཕྲོས། དགྲ་བོའི་སྣ་བུག་དང་བཤང་ལམ་གཉིས་ནས་ཞུགས། སྙིང་གར་ཕྱིན་པ་ལྕགས་སྲེག་གི་འཁོར་ལོ་རྩིབས་བཅུ་པ་གཡས་སུ་འཁོར། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པ་གཡོན་དུ་འཁོར་བས། སྙིང་ཁྲག་གཏོར་རྣམ་ཤེས་ནག་ཀམ་ཀམ་བསད་པར་བསམ་ལ་སྔགས་བཟླའོ། །ཡང་ཁོ་ཡི་ཞེ་སྡང་ལས་གྲུབ་པའི་དུག་སྦྲུལ་དམར་པོ་གཅིག་སྤྱི་བོ་ནས་མར་ཞུགས། ཀླད་ཁྲག་དང་སྙིང་ཁྲག་སྙིང་གི་མགོ་ནས་ཟ་བར་བསྒོམ། དུག་སྦྲུལ་ནག་པོ་གཅིག་བཤང་ལམ་ནས་ཡར་ཞུགས། མཆིན་དྲི་མན་ཆད་ཟོས།


CMR016_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་མཇུག་ནས་ཟོས་སྙིང་ཁྲག་ཐམས་ཅད་འཇིབ་པར་བསམ་ལ་སྔགས་བཟླའོ། །ཐུན་གཏོར་འབུལ་དུས། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་པ་མདུན་བསྐྱེད་ཐུགས་ཀར་ཕོག་ཤིན་ཏུ་ཁྲོས་པའི་ང་རོ་བསྒྲགས་ཤིང་རྟ་སྐད་འཚེར། ཐུགས་ཀ་ནས་ཚ་ཞིང་རྩུབ་པ་འཁོར་གྱི་དྲེགས་པ་སྡེ་བརྒྱད་ལ་ཕོག་པས། རབ་ཏུ་ཁྲོས་ནས་གོ་ཆ་མཚོན་སྣ་ཚོགས་ཐོགས་ནས། དགྲ་བོ་ཐམས་ཅད་འབོད་རྦད་བསད་གསུམ་གྱི་ལས་ལ་གང་དགོས་པ་བསྒྲུབ་ཅིང་ཕྲིན་ལས་མ་ལུས་པ་བསྒྲུབ་པར་བསམ། འདིའི་སྔགས་དང་དམིགས་པ་བླ་མའི་ཞལ་ནས་གསེར་གྱིས་བསླུ་བར་བྱའོ། །བདག་དང་དགྲ་བོའི་བར་དུ་འོད་ཟེར་སྣ་ལྔའི་ལམ་པར་བསམ། དེ་ལྟར་བསྒྲུབས་པས་ཞག་གྲངས་ཐེམ་པ་དང་། རྟགས་མཚན་ཁྱད་པར་ཅན་བྱུང་ནས་བྲུབ་ཁུང་ན་ལིངྒ་གཅིག་དེ་བླངས་ལ་མདུན་དུ་ལྕགས་སྣོད་དུ་གཞུག །དགུག་གཞུག་དང་བསྒྲལ་ལས་རྒྱས་པར་བྱས་ལ། ཐུན་བརྡེག་ཞལ་དུ་བསྟབ། ལིངྒ་གཅིག་དེ་ཟན་ལིང་དང་མཉམ་དུ་བཤམས་ལ་དགྲ་བོ་དངོས་སུ་བསམ་ཞིང་ཤ་དུམ་དང་ཁྲག་ཐིགས་དང་མཉམ་དུ་མེ་མཆོད་བྱ། མེ་མཆོད་ཐལ་བ་ཆ་གསུམ་དུ་བགོས་ལ། ཆ་གཅིག་རི་གཉེན་རྩེར་བསྐུལ་པ་


CMR016_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་རླུང་ལ་ཕྱར། ཆ་གཅིག་དེ་ཀླུ་བདུད་གདུག་པ་ཅན་གནས་སར། ས་དགྲ་ངན་པའི་མཚོ་ལ་དགྲ་བོ་མི་ནོར་བསམ་ལ་བཏབ། བསྐུལ་དྲག་པོ་བྱ། ཆ་གཅིག་དེ་ཕུང་རེའི་ནང་དུ་བླུག་ལ། ལིངྒ་གཅིག་དེ་སོ་སོའི་མགོ་རུས་ནང་དུ་བཅུག་ལ། ཁ་ན་ཐུན་རྫས་བླུག །ལ་ཆས་ཁ་བསྡམ་ཆུ་མི་འགྲོ་བར་བྱ། དེ་ཕུང་རེས་ཁ་བསྡམ། ཚོན་སྐུད་ཀྱིས་བཅིངས། སྦྱིན་སྲེག་ཐལ་བ་དང་མཉམ་དུ། དམིགས་བསལ་གང་ཡིན་གནས་སུ་མནན་ལ་ལྷ་འདྲེ་དྲེགས་པ་ཅན་ཧྥེ་ཁྱོད་ལ་གཏད་དོ་མ་ཤོར་ཅིག །ཤ་ཟོ་ཁྲག་འཐུང་རུས་པ་མུར། རིགས་རྒྱུད་རྩད་ནས་ཆོད། ཐལ་བ་རྡུལ་དུ་རློགས་ཤིག །ཅེས་བརྗོད་ཅིང་། དེ་ནས་མནན་པ་ནི། རང་རང་དམིགས་བསལ་གང་ཡིན་དེར། དོང་གྲུ་གསུམ་བྲུས་ལ་མནན་པའི་ཚད་ནི། གྲུ་གང་ཡན་ས་རོ་ཡིན་པས་ཕན་གནོད་མེད། དེ་ནས་སོར་དགུ་སྲིན་པོ་ཕོ་མོའི་གནས་ཡིན་པས་འགོང་ཆོག་མནན། དེ་ནས་སོར་བཅུ་བརྟན་མའི་གནས་སྤྲུལ༔ ཡིན་དེར་དགྲ་བགེགས་གང་ཡང་མནན། དེ་ནས་སོར་བཅུ་གཅིག་ཀླུ་ཡི་གནས་ཡིན། དེར་དགྲ་བོ་མནན་ན་ཕུང་ངེས་སོ། །དེར་ཟུར་གསུམ་ཐོད་པ་ཤོང་བར་བྲུས། དེ་བས་རིང་ན་


CMR016_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ལྡོག །དེ་བས་ཐུང་ཞིང་འགྱང་ན་དགྲ་བོ་མི་འཆི། དེ་ལྟར་བཅའ་ཀ་དངོས་སུ་ལིངྒ་མནན་སྣོད་ཐལ་བ་དང་བཅུག་ལ་དུག་ཁྲག་གིས་བྲན། གནས་པོ་ལ་གསེར་སྐྱེམས། གཏོར་མ། དཔང་གཟུ། དགུག་གཞུག་ལན་མང་། བླ་འགུགས་སྔགས་བཟླས། བསྟོད་བསྐུལ། ཁྱད་པར་སྡེ་བརྒྱད་ལ་གཏོར་མ་ཕུལ། བསྐུལ་པ་བཏང་། རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་དང་སྟེང་དུ་རི་རབ་བང་རིམ་བཞི་པ་བྲིས་ལ་ཁ་བཅད་ལ་ས་ཁོད་ཅིག་བླུག །གནས་པོ་བཅོལ་གཏམ་བྱ། དོང་སའི་བཙང་བཙག་པར་བྱས་རྗེས་མི་མངོན་པར་བྱ། དེ་སྟེང་མེ་ཁྲོལ། དེའི་སྟེང་ལྕགས། དེའི་སྟེང་ཤིང་། དེའི་སྟེང་མེ་ཁྲོལ། དེའི་སྟེང་ཆུ་བླུག་གོ །ཁཾ་ལས་ཆུ་ཡི་དཀྱིལ་འཁོར། ཡཾ་ལས་རླུང་གི་དཀྱིལ་འཁོར། ཨེ་ལས་ནམ་མཁའི་དཀྱིལ་འཁོར། དེ་ནས་འབྱུང་བ་ཕྱིར་བཟློག་པའོ། །རྟ་བྲོ་བརྡུང་ངོ་། །འདི་བསྒྲུབ་དུས་རང་གིས་སྡེ་བརྒྱད་སྲོག་འཁོར་བཏགས། དེ་ནས་རང་གི་ཁྱིམ་དུ་ཡོངས་ལ། སླར་ཡང་གོང་གཏོར་དང་། མདུན་གྱི་གཏོར་ཆེན་རྣམས་གསོ་བྲན་བྱའོ། །ལས་རིམ་བདུན་མ་འདོན། གཏོར་འབུལ་བརྩོན་པར་བྱ། ཞག་ལྔ་བདུན་ལ་གནས་མལ་བསྲུང་ངོ་། །དགྲ་ལ་


CMR016_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་མ་བྱུང་བར། གཏོར་འབུལ་དང་དགྲ་ཆོས་ལ་འབད་པར་བྱའོ། །།འདི་ནི་བདག་ལ་དགོས་པ་བྱུང་བ་མིན། བསྟན་པའི་དགྲ་བོ་དང་། རྣལ་འབྱོར་པའི་སྒོས་དགྲ་བསྒྲལ་བ་ལ་སེམས་ནས་བྲིས་པ་ཡིན། ད་ཕྱིན་མན་ངག་འདི་ནི་སློབ་མ་སྣོད་ལྡན་ལ་གཅིག་བརྒྱུད་ལས་སྤེལ་རྒྱུ་ལས། གདམས་ངག་མཚམས་ཤེས་ན་མན་ངག་གདམས་པ་རྣོ་བ་ཡིན། འདིའི་ལག་ལེན་ཞལ་ཤེས་ཐམས་ཅད། བླ་མའི་ཞལ་ནས་གསེར་གྱིས་བསླུ་བར་བྱའོ། །འདིའི་བཀའ་གཏད་དང་མན་ངག་འདི་ཞུ་དུས་བླ་མ་ལ་མཚོན་ཆའི་རིགས་ཕུལ་ན་གདམས་ངག་རྣོ་བར་བཤད་དོ། །འདི་ལ་ཆེར་གོམས་པའི་སྔགས་འཆང་རཱ་ག་ཨ་སྱས་བྲིས་སོ། །མངྒ་ལཾ།། །།


CMR016_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ཡང་ཕྱུངས་ནག་པོ་ལྕགས་ཀྱི་རལ་པ་ཅན་གྱི་གཏད་ཁྲོམ་གྱི་མན་ངག་འདི་ཟིན་བྲིས་ཨུ་པ་དེ་ཤnext