Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ནག་པོ་ལས་རིམ་བདུན་མའི་ཞལ་ཤེས་གསང་བའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་ནག་པོ་ལས་རིམ་བདུན་མའི་ཞལ་ཤེས་གསང་བའི་ཟིན་བྲིས།next

རྟ་མགྲིན་ནག་པོ་ལས་རིམ་བདུན་མའི་ཞལ་ཤེས་གསང་བའི་ཟིན་བྲིས།


CMR016_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ནག་པོ་ལས་རིམ་བདུན་མའི་ཞལ་ཤེས་གསང་བའི་ཟིན་བྲིས་ཨྠྀི། རྒྱ་རྒྱ་རྒྱ། བླ་མ་ཀརྨ་ཕྲིན་ལས་ངོར་བསྐྱེད་རྫོགས་ཞལ་ཤེས་ནང་གི་སྤྱི་དོན་དྲུག་པ་བདུན་པ་བརྒྱད་པ་གསུམ་གབ་པ་འདིའོ།།


CMR016_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེ་མཆོག་ཧེ་རུ་ཀ་དབང་ཆེན་ནག་པོའི་སྐུ་ལ་ཕྱག་འཚལ་ལོ། །ཡང་ཕྱུངས་ལས་རིམ་བདུན་པའི་ཞལ་ཤེས་ཚན་གསུམ་པོ་ཁ་འཕང་ཡོད་པ་ལས། དགྲ་བོ་ཁོ་ན་དམིགས་ནས་བྱེད་རྒྱུ་ཡིན་པས། བདེ་རིམ་རྐྱེན་ཟློག་སོགས་ལ་གཞུང་ལྟར་ལས་ཞལ་ཤེས་ཅི་ཡང་མེད། ཐོག་མར་དགྲ་བོ་གང་ཡིན་གྱི་ལིངྒ་ཚད་ལྡན་དུ་བྲིས། མིང་བྱང་ཟག་རྫས་བཅས་པ་བྲུབ་ཁུང་དུ་གཞུག་ལ་གཏོར་ཟློག་གི་མདུན་ནམ་འོག་ཏུ་བཞག །ཐུན་ལམ་ཕུར་པས་བཅད་ལ་ཉིན་མཚན་དུས་དྲུག་ཏུ་མན་ངག་ལྟར་ཁུག་རྟགས་མ་བྱུང་བར་བཀུག་གཞུག་དང་སྔགས་དམིགས་ཀྱིས་གཟིར་ལྷ་དབྱེ་དང་ལུས་


CMR016_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉམས་སུ་བཅུག་པ་མ་གཏོགས་བསད་ལས་རྐྱང་པ་ལ་ཐུན་རེ་རེ་ཙམ་ལས། རྩ་བའི་ལིངྒ་ལ་མི་བྱ། ལག་མགྱོགས་ཁོ་ན་ལ་གཞུང་ལྟར་བསྒྲལ་ལས་ཞལ་བསྟབ་སོགས་ཚང་མ་རེ་བྱེད་དུས་བསྒྲལ་རྒྱུ་ཡིན་ནོ། ༈ །དེ་ནས་ཞལ་ཤེས་དང་པོ་ལ་ཐུན་རྣམས་སོ་སོར་བརྡེགས་ནས་སྔགས་བཟླས་པའི་ཚེ། མདུན་བསྐྱེད་ཀྱི་འཁོར་དུ་གནས་པའི་དྲེགས་པ་རྣམས་ཀྱི་སྲོག་སྔགས་ལ་འགུགས་སྔགས་ཛ་ཛཿ བསད་སྔགས་ཤམ་བུ་རེ་སྦྱར་ཞིང་དགྲ་བོ་གང་ཡིན་གྱི་མིང་སྨོས་ལ། རྗེ་མོའི་སྲོག་ལ་སྲི་ཏྲིག་ནན་ཧུར་ཐུམ་ཆད་རྦད། ཅེས་སྦྱར་ཞིང་དམིགས་པ་ནི། འཁོར་གྱི་དྲེགས་


CMR016_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྡེ་བརྒྱད་སྤྲུལ་པ་དང་བཅས་པས་དགྲ་བོའི་སྟེང་དུ་ནད་མཚོན་དུག་གསུམ་གྱིས་ཆར་ཕབ་ནས་མྱོས་འཐིབས་ཐལ་བ་བུན་གྱིས་སོང་བར་བསམ་ཞིང་ཕུང་པོ་བསྒྲལ་ནས་ཕུལ་བས་དགྲ་བོ་མྱུར་དུ་བསད་རྟགས་ངེས་པར་འོང་། དེ་ནས་བསྟབ་པ་བྱ་སྟེ། ཤ་ཁྲག་བདུད་རྩིར་མི་བསྒྱུར་བར་དགྲ་བོའི་ཤ་ཁྲག་དངོས་སུ་བསམ་ཞིང་ཕུལ་བས་ལས་ལ་མྱུར་བར་འགྱུར་རོ། །སྤྲོ། ཞལ་ཤེས་དང་པོ་གབ་རྒྱུ། དཔལ་ནག་པོ་ཆེན་པོ་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཉིས་པ་རྣལ་འབྱོར་པ་ལ་དགྲར་ལངས་ཤིང་ཀ་ཆ་ནོར་རྫས་རྣམས་ཤོར་རམ། སྐུ་སྲོག་ལྟ་བུ་ལ་བདོ་བའི་དགྲ་བྱུང་ན། ཡང་ཕྱུངས་ཁྲོས་པའི་རྒྱལ་པོ་དྲེགས་པ་ཀུན་གྱི་སྡེ་དཔོན་རྟ་མགྲིན་དགྲ་འདུལ་ནག་པོའི་ལས་སྦྱོར་སྡེ་བརྒྱད་ཕོ་ཉར་འགྱེད་པའི་དྲག་དམིགས་བསྟན་པར་བྱ་སྟེ། སྣོད་ལྡན་གཅིག་བརྒྱུད་དམ། བརྒྱུད་འཛིན་རེ་རེ་ལས་མང་དུ་མི་སྤེལ། སྣོད་མིན་ལ་སྤེལ་བ་དང་བརྙས་ཆོས་དཔེ་རྐུན་ཧབ་ཐོབ་ཀྱིས་བླངས་ན་ཚེ་འདིར་བཀྲ་མི་ཤིས་ཤིང་སྡེ་བརྒྱད་བཀའི་ཆད་པས་མནར་བར་འགྱུར་ལ་ཕྱི་མ་ན་རཀ་དམྱལ་ཁམས་སུ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བས་གཞན་ལ་གསང་བ་དམ་ཚིག་ཡིན།་བདག་མདུན་ཁྲོ་བོ་རྟ་མགྲིན་


CMR016_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཚ་ལ་རྩུབ་པ་མེ་ཡི་རང་བཞིན་ལྕགས་ཀྱུའི་དབྱིབས་ལྟ་བུ་སྟེང་འོག་ཕྱོགས་མཚམས་སུ་འཕྲོས་དྲེགས་པ་སྡེ་བརྒྱད་རང་རང་གི་འཁོར་དཔུང་དང་བཅས་པ་ཐམས་ཅད་ཀྱིས་མཚོན་ཆ་སྣ་ཚོགས་ཐོགས་ཤིང་ཞེ་སྡང་ཁྲོས་པའི་ཁྲོ་རྔམས་གཏུམ་སྒྲ་དང་ལྡན་ཞིང་བདག་མདུན་གྱི་འཁོར་དུ་འཁོད་ཅིང་ལས་ཅི་དགོས་བསྒྲུབ་ཟེར་ཞིང་ཁོ་བོས་བྲོ་བོར་དམ་བཅས་པར་བསམ། དེ་ནས་བདག་བསྐྱེད་ཀྱི་ཐུགས་སྲོག་ལས་འོད་ཟེར་འཕྲོས་ཏེ་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། མདུན་བསྐྱེད་ཀྱི་ལྟེ་བ་ནས་འོད་ཟེར་ཚ་ལ་རྩུབ་པ་ནག་ལ་རྔམས་པ་གློག་ལྟར་མྱུར་བ་མང་པོ་འཕྲོས་ཏེ་འཁོར་གྱི་དྲེགས་པ་སྡེ་བརྒྱད་རྣམས་ལ་ཕོག །དེ་ཐམས་ཅད་ཞེ་སྡང་དྲག་པོ་ཁྲོས་ནས་སྐུ་མདོག་ནག་པོ་ནད་སྤྲིན་རླངས་པ་འཐུལ་བ་བསྒྲུབ་བྱའི་གནས་སུ་རྒྱུག་ཅིང་རྟགས་དང་མི་སྡུག་པའི་ཆོ་འཕྲུལ་མང་པོ་བཏང་བར་བསྒོམ།་ལ་ལས་བྲུབ་ཁུང་གིས་བསྒྲུབ་བྱར། དགྲ་བོའི་ལྷ་སྲུང་སྡོང་ཟླ་རྒྱབ་བརྟེན་དང་བཅས་པ་ཡང་ཡང་དུ་བཀུག་པར་བསམ་ལ། སྡེ་བརྒྱད་སྲོག་སྔགས་ཤམ་དུ་འགུགས་སྔགས་སྦྱར། དེ་ཐུན་གསུམ་མམ་བཞིར་བྱའོ། །ཡང་དམིགས་པ་གོང་ལྟར་ལ་སྲོག་


CMR016_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཤམ་བུར་ཆད་སྔགས་སྦྱར་བས་སྔ་ཐུན་གཅིག་ལ་བྱའོ། །ཡང་དགོང་ཐུན་སྐབས་ལ་མདུན་བསྐྱེད་ཀྱི་ཐུགས་སྲོག་ལས་འོད་ཟེར་མཐིང་ནག་ཀྱི་ལི་ལི་འཁོར་བ་མང་པོ་འཕྲོས་ཏེ་སྡེ་བརྒྱད་ཀྱི་ཞལ་དུ་ཞུགས་པས། སྡེ་བརྒྱད་རྣམས་ལ་དཔེར་ན་མི་ཆང་འདྲེ་ཅན་ཆང་གིས་བཟི་བ་ལྟ་བུས་རྣོ་མྱུར་དྲག་རྩལ་དང་ལྡན་པས། བསྒྲུབ་བྱའི་སྲོག་རྩ་ཐག་ལེན་དུ་བཏང་ཞིང་། །ཤ་ཁྲག་རུས་གསུམ་ཁྲུམ་ཁྲུམ་དུ་རོལ་ཞིང་ལ་ལས་ནི་དགྲ་ལ་འོ་དོད་འབོད། ལ་ལས་ནི་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཉུལ་ཞིང་རྣལ་འབྱོར་པའི་དགྲ་བྱད་མ་རྒེ་གང་ཡོད་ཐམས་ཅད་སྐད་ཅིག་ལ་སྲོག་དང་ཕྲལ་ཞིང་ཤ་ཁྲག་རུས་གསུམ་ལྷག་མེད་དུ་ཟོས་པར་བསྒོམ་ལ། སྲོག་སྔགས་ཤམ་བུར་བསད་སྔགས་སྦྱར་ཞིང་བཟླ། དེས་ནི་དགྲ་བོ་སྐད་ཅིག་ཉིད་དུ་ཐལ་བར་བརླག་པ་ཐེ་ཚོམ་མེད། ལར་བསད་དམིགས་འདི་དགྲ་ཁུག་རྟགས་བྱུང་ན་ནན་ཏན་བྱ་རྒྱུ་ཡིན། ༈ གསུམ་པ་ཐལ་རྡེབ་ཞལ་ཤེས་ལ་གབ་པའོ། །དམིགས་པ་དེ་རྣམས་གུ་རུ་ཆོས་དབང་ནས་ཀརྨ་ཡང་དག་གི་བར་དུ་ཞལ་ཤེས་སྙན་བརྒྱུད་ཡིན་ནའང་སྔ་འོས་གསལ་བཀོད་ཀྱི་། ཉེས་ཚོགས་རྣམས་རྟ་མགྲིན་ནག་པོ་འཁོར་དྲེགས་པ་སྡེ་བརྒྱད་ཚོགས་ལ་བཟོད་པར་


CMR016_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ། །ཐོག་མར་འདི་ཞུ་བའི་བླ་མ་ལ་གསེར་གྱི་མཎྜལ་རེ་ཕྱག་ཏུ་ཕུལ་དགོས་པ་གསང་བའི་དམ་ཚིག་ཡིན་ནོ། །བླ་མ་ལ་གསེར་གྱིས་བསླུ་བར་བྱ་ཞེས་པའི་དོན་ནོ། །འདི་བསྟན་འཛིན་གཅིག་བརྒྱུད་མ་གཏོགས་གཞན་དམ་མེད་ཧབ་ཐོབ་སྣོམ་ཧྲག་ཅན་ལ་སྤེལ་ན་བཀའ་བརྐུས་ན་མྱུར་མགྱོགས་དྲེགས་པ་སྡེ་བརྒྱད་ཀྱིས་ཆད་པ་དྲག་པོ་ཆོད་ཅིག །ས་མ་ཡ། རྒྱ་རྒྱ་རྒྱུ། ཨ་ཡ་མ་དུ་རུ་ཙ་ཤ་ན་དྲེགས་པའི་རྒྱུ། ཨ་ཁ་ཐཾ། དགྲ་བོའི་ནོན་དུ་བསྐུལ་འདི་རྣམས་འདོན་ལ། བདེ་རིམ་རྒྱུན་ཁྱེར་ལ་རྩང་ཕྱིན་འབུལ་ཉིན་མ་གཏོགས་མི་དགོས་སོ། ༈ །དེ་ནས་རྗེས་ཀྱི་སྐབས་སུ་དྲག་པོའི་ཤིང་ཚེར་མ་ཅན་གང་རུང་ལ་མེ་སྦྱར་ལ་མདུན་བསྐྱེད་གསལ་གདབ་སྤྱན་འདྲེན་བཞུགས་གསོལ་ཕྱི་མཆོད་འབུལ་ནས་ལིངྒ་སྦྱིན་སྲེག་བྱའོ། །ཐལ་བ་ཀླུ་བདུད་དྲག་རྩལ་ཅན་ནམ། ལམ་རྒྱ་གྲམ་མམ་ཐེམ་འོག་ཏུ་རྟ་བྲོའི་ཞོར་ལ་མནན་པ་བྱའོ། །གཞན་སྤྱིའི་བྱ་བ་ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར་དུ་བྱ་ཞིང་ལས་རྗེས་མི་མངོན་པར་བྱའོ། །ཞེས་པ་གཞུང་གི་ཞལ་ཤེས་གསང་བའི་ཟིན་བྲིས་གཉིས་པོ་འདི་ནི། །བླ་མ་པདྨ་ཞི་གནས་ཀྱིས་གསེར་ཞོ་དྲུག་མཎྜལ་དུ་བྱས་ཏེ་ཕུལ། སྔགས་ནག་རཱ་ག་ཨ་


CMR016_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྱས་གནང་བའོ། །བཀའ་རྒྱ། དམ་རྒྱུ། ལུང་རྒྱ། གསང་རྒྱུ། དྲེགས་པའི་རྒྱ། ས་མ་ཡ། རྒྱ་རྒྱ་རྒྱ། དྲེགས་པ་སྡེ་བརྒྱད་ཀྱི་བཀའ་འདི་ཐུབ་པར་སྲུངས་ཤིག་རཀྟ། །དམ་མེད་དཔེ་ཀུན་ཁ་གསག་བཏང་མཁན་ལ་ཆད་པ་ཆོད་ལ་མ་ཤོར་ཨ་མུ་ཀ་མཱ་ར་ཡ་ནན་སོད། སྡེ་བརྒྱུད་ཀྱི་དམ་ཚིག་གི་རྒྱ་ཡིན་ཨི་ཁོ། འདི་ཡི་བརྒྱུད་པ་ཞལ་ཤེས་ཡི་གེར་བཀོད་ཚུན། མཚུངས་མེད་རཱ་ག་ཨ་སྱས། བླ་མ་པདྨ་ཞི་གནས་ལོ། དེས་བདག་ལ་བཀའ་དྲིན་དུ་བསྩལ་བའོ། །སརྦ་དཱ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་མགྲིན་ནག་པོ་ལས་རིམ་བདུན་མའི་ཞལ་ཤེས་གསང་བའི་ཟིན་བྲིས།next