Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་དྲིས་ལེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་དྲིས་ལེན།next

རྟ་མགྲིན་དྲིས་ལེན།


CMR016_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གྱི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་ལ་ནང་དུར་ཁྲོད་སོགས་འགུར་དྲག་ལྟར་ལགས་སམ་འདོད་སྣམ་ལ་མཆོད་ལྷ་བཅུ་དྲུག་དཀྱིལ་འཁོར་ཐམས་ཅད་ལ་དགོས་སམ་རྟ་མགྲིན་རིགས་བཞིའི་ཐུགས་ཀར་ས་བོན་དང་སྔགས་ཕྲེང་མེད་དམ་ཞུས་པས། གཞལ་ཡས་ཁང་གུར་དྲག་དང་མཚུངས། གསར་མའི་ལུགས་ལ་རྒྱུད་ལ་དུར་ཁྲོད་མེད་པར་བཤད་ཀྱང་། རྙིང་མ་ལ་ཡོད་པས་དུར་ཁྲོད་དགོས། འདོད་སྣམ་ལ་མཆོད་ལྷ་དཀྱིལ་འཁོར་ཐམས་ཅད་ལ་དགོས། རྟ་མགྲིན་རིགས་བཞིའི་ཐུགས་ཀར་ཧྲཱིཿཿདང་སྔགས་ཕྲེང་ཡོད་བསམས་པས་ཆོག །ཞིབ་པར་བྱེད་ན་ཧིབཛྲ་ཞེས་པའི་བཛྲ་གྱི་མལ་དུ་བུདྡྷཱ་རཏྣ་པདྨ་ཀརྨ་ཡོད་པར་བསྒོམ། །ད་ལམ་རྟ་མགྲིན་གྱི་ཚེ་བསྐྱེད་རིམ་གསལ་བའི་ངང་ནས་སེམས་ངོའི་གཤིས་མ་ཤོར་བར་ཨེ་འོང་། སྒྲུབ་པ་མ་ཚར་བར་བསྐྱེད་རིམ་མ་བསྡུས་ན་རྟགས་གསལ་འོང་གསུང་།་འདིའི་ལས་སྔགས་རྣམས་སྦྱར་དུས་ཀྱི་དམིགས་པ་ཟིན་བྲིས་སུ་མི་གསལ་བས་གང་ལྟར་ལགས་ཞུས་པས། ལས་སྔགས་ནཱ་ག་རཀཱ་སྦྱར་དུས་ཐུགས་ཀའི་སྔགས་ཕྲེང་ལས་མེ་འབར་བས་ནད་གདོན་ཐམས་ཅད་བསྲེགས། ཐལ་བ་བ་སྤུའི་བུ་ག་ནས་


CMR016_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐོན་པས་རང་རྟ་མགྲིན་གྱི་ནང་ཐམས་ཅད་མེ་ཡི་རང་བཞིན་ལྕགས་སྲེག་ལྟ་བུར་དམར་ལྷང་ངེ་བསྒོམ། ལས་སྔགས་འོག་མ་གསུམ་གྱི་ཚེ་རང་ལས་སྤྲུལ་པའི་རྟ་མགྲིན་རང་དང་འདྲ་བས་འཇིག་རྟེན་ཐམས་ཅད་གང་སྟེ་རང་ལ་གནོད་པའི་གདོན་ཐམས་ཅད། གཡོན་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་སྐེ་ནས་བཅིང་། གཡས་རལ་གྲིས་གཏུབས་ནས། ལྷག་མ་མེ་དཔུང་གིས་བསྲེགས་ཏེ་རང་ལ་རྗེས་མེད་པར་བསྒོམ་ཞིང་། མཐར་ཁྲོ་ཆུང་དེ་དག་རང་ལ་བསྟིམ། རྗེས་གཞུང་ལྟར་བདག་མཇུག་བླངས། གཤེགས་གསོལ་ནི་མི་རུང་། བདག་བསྐྱེད་སྟོང་པར་བསྡུས་ལ་བསྔོ་སྨོན་དང་ཤིས་པ་བརྗོད། རྒྱུན་དུ་དྲན་རྫོགས་བསྒོམས་ནས་སྔགས་ཕྲེང་བསྐོར་ཙམ་བཟླས་ན་ཆོག་གམ་ཞུས་པས། དྲན་རྫོགས་བསྒོམས་ནས་ཆོག་སྟེ་ད་རེས་སྒྲུབ་པ་ལེགས་པར་གྲུབ་པས་ལས་བྱང་ཚར་རེ་བཏོན་ན་ལེགས་གསུངས། རིན་པོ་ཆེ་ཨ་རཱ་ག་དང་དགེ་སློང་ཐབས་མཁས་རྒྱ་མཚོ་གཉིས་ཀྱིས་དྲིས་ལན་བྲིས།།


previousརྟ་མགྲིན་དྲིས་ལེན།next