Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་གདོན་ཚར་གཅོད་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་གདོན་ཚར་གཅོད་ཟིན་བྲིས།next

རྟ་མགྲིན་གདོན་ཚར་གཅོད་ཟིན་བྲིས།


CMR016_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གཱི་ཝ་ཡེ། རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་བསྙེན་ཚད་སྔོན་དུ་སོང་བའི་སྔགས་པས་གདོན་གང་ཡང་རུང་བ་ཚར་གཅོད་པའམ་གཅུན་པ་ནི། རང་ཉིད་རྟ་མགྲིན་ལྷ་ལྔའི་བསྐྱེད་རིམ་བརྟན་པོར་བྱས་ལ། རང་གི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་རང་འདྲ་བ་གྲངས་མེད་པ་སྤྲོས་ཏེ། རང་ངམ་གཞན་བསྲུང་བྱ་གང་ཡིན་ལ། གནོད་པའི་གདོན་དེ་རྣམས་ཁྲོ་བོ་དེ་དག་གིས་ལྕགས་ཀྱུས་སྙིང་ནས་བཟུང་སྟེ། ཞགས་པས་ཡན་ལག་བཅིངས། རྟ་སྐད་དྲག་ཏུ་འཚེར་ཞིང་རལ་གྲིས་མགོ་ལུས་ཐམས་ཅད་དུམ་བུ་བརྒྱ་སྟོང་གཏུབ་ཅིང་། ཤ་ཁྲག་ཐམས་ཅད་མདུན་བསྐྱེད་གཙོ་བོའི་ཞལ་དུ་བསྟབས་པས་ཆེམ་ཆེམ་གསོལ། ལྷག་རོལ་ཐམས་ཅད་ཁྲོ་བོ་རྣམས་ཀྱི་སྐུ་ལས་མེ་འབར་ཞིང་མཆེད་པའི་མེ་དཔུང་གིས་བསྲེགས་ནས། རྣམ་པར་ཤེས་པ་མདུན་བསྐྱེད་རྟ་མགྲིན་གྱི་ཐུགས་ཆོས་ཉིད་ཀྱི་ངང་དུ་བསྟིམ་པའམ། ཡང་ན། རྣམ་ཤེས་ཨ་ཡིག་དམར་པོར་གྱུར་པ་རང་གི་ཤངས་ནས་རླུང་འཕྲོས་པས་བསྐྱོད་དེ་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་བདེ་བ་ཅན་གྱི་ཞིང་དུ་པདྨའི་སྦུབས་སུ་ཐིམ་པར་བསྒོམ། སྣང་སྲིད་ཐམས་ཅད་སྤྲུལ་པའི་ཁྲོ་བོ་དང་མེ་རི་འབར


CMR016_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བས་གང་སྟེ་དྲག་སྔགས་འབྲུག་སྟོང་དུས་གཅིག་ལ་གྲག་པ་ལྟར་འུར་དི་རི་རི་བསྒྲོགས་པས། རི་རབ་ལྡེག་ལྡེག་རྒྱ་མཚོ་ཁྱོམ་ཁྱོམ་གནོད་བྱེད་ཐམས་ཅད་སྙིང་འདར་ཡེད་ཡེད་མིག་ཧྲཱིཿག་ཧྲཱིཿག་དཔའ་བོ་ཆེན་པོས་ཅི་གསུངས་བཀའ་ཉན་ནོ། །ཞེས་སྲོག་སྙིང་ཕུལ། ཕྱིན་ཆད་གནོད་སྟེ་ན་ར་ཀན། ཞེས་བརྗོད། ཆོས་སྐྱོང་ཐམས་ཅད་ཀྱི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་ཅིང་། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ནམ་མཁའ་ལ་སྤྲིན་ལྟར་འཐིབ་ཅིང་། ཐམས་ཅད་རྟ་མགྲིན་གྱི་སྐུར་གྱུར་ན་ས་ཆར་ལྟར་བབ་སྟེ་བདག་ལ་ཐིམ་པས་ནུས་པ་དང་བྱིན་རླབས་མེ་ལ་ཤིང་བསྣན་པ་ལྟར་ཇེ་ཆེར་སོང་བར་བསྒོམ་ཞིང་། ༀ་ཧིབཛྲ་ཀྲོ་ཏ་ཧྱ་གཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནཱ་ག་རཀཱ་ནག་པོ་ཏི་པ་ར་ཙ་ཡ་ས་མ་ཡ་ཧཱུྃ། ཡཀཱ་ཀ་ལ་་ཆེན་པོས་གནོད་བྱེད་བསེན་མོའི་སྲོག་རྩ་ལ་རྦད་རྦད། སྙིང་ལ་རྦད་རྦད། ཤ་ལ་རྦད་རྦད། ཁྲག་ལ་རྦད་རྦད། རུས་ལ་རྦད་རྦད། ལྤགས་པ་ལ་རྦད་རྦད། ཀླད་པ་ལ་རྦད་རྦད། །ཡིད་ལ་རྦད་རྦད། གནོད་བྱེད་བསེན་མོའི་ཙིཏྟ་ཟུང་ཟུང་། ཙིཏྟ་རྨུགས་རྨུགས། ཙིཏྟ་ཕྱུང་ཕྱུང་། ཙིཏྟ་གཏུབ་གཏུབ། ཙིཏྟ་ཧཱུྃ་ཧཱུྃ། ཧྲིལ་ཧྲིལ། རྦད་


CMR016_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཆད། ཡ་ཡཱ། བྷྱོ་བྷྱོ། བསེན་མོའི་སྲོག་རྩ་ཆོད་ཆོད། སྙིང་རྩ་ཕྱུང་ཕྱུང་། གཏུབ་གཏུབ། ཁཾ་ཁཾ། ལཾ་ལཾ། རྦད་རྦད། དུམ་བུར་རྡུད་རྡུད། ནཱ་ཡི་ག་ར་ཛ་མཱ་ར་ཡ་རྦད་སོད། མྱོགས་བམ་རིལ་མཱ་ར་ཡ་ཆད་ཡ། ཞེས་བརྒྱ་སྟོང་ཅི་འགྲུབ། ཉུང་ན་བདུན་ནམ་གཅིག་ཙམ་རེ་རྒྱུན་བསྙེན་བྱས་ཀྱང་རུང་། རྨི་ལྟས་བུད་མེད་བསད་པའམ། ཕྱག་འཚལ་ཆས་ཀ་ཚུར་ལ་གཏད་པ། ཁས་ལེན་དམ་བཅའ་བྱེད་པ། བུད་མེད་བརྡུང་བ་སོགས་རྟགས་བྱུང་ན་སྔགས་འདོན་མི་རུང་ངོ་། །མཐར། སྤྲུལ་པའི་ཁྲོ་བོ་ཐམས་ཅད་རང་ཉིད་ལ་བསྡུས། དེ་ཡང་མི་དམིགས་པ་རྫོགས་པ་ཆེན་པོའི་ངང་ལ་ཡུན་རིང་དུ་བཞག་པ་དང་། ཐུན་མཚམས་སུ་གདོན་དེ་ལ་སྙིང་རྗེ་དྲག་པོ་བསྒོམ་པ་གལ་ཆེ། སྙིང་རྗེ་མ་སྒོམ་ཞིང་གདོན་ཧ་ཅང་སྟོབས་ཆེན་ཡིན་ན་སླར་ཡང་ལྡོག་དོགས་ཡོད། ནུས་པ་ཆེན་པོས་དེ་ལྟར་བྱས་ན། གདོན་ཕྲན་ཡིན་ན་སྲོག་དང་བྲལ་བས་སྡིག་ཆེ་བར་གསུངས་སོ། །དེས་ན་ཚོད་ཟིན་པར་བྱས་ཏེ། སྔགས་རིང་དེ་ཁྲི་ཚོ་བས་མང་བ་བཟླ་དགོས་མི་སྲིད་དོ། །མཐར་བསྔོ་བ་སྨོན་ལམ་རྒྱས་གདབ་བོ། །དེ་ལྟར་རྒྱལ་པོ་གཟའ་


CMR016_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གདོན་རིགས་ཐམས་ཅད་ལ་མིང་བརྗེ་བོ་མ་གཏོགས་ཁྱད་མེད་དོ། །ལྷོག་པ་ཐབ་གཉན་སོགས་ལ་ཡང་སྔགས་རིང་འདི་བས་ཟབ་པ་མེད་དོ། །སྔགས་མཇུག །ནཱ་ག་ར་ཙ་ཟེར་བའི་མཚམས་སུ། བསེན་མོ་ལ་མ་ཏྲི། རྒྱལ་པོ་ལ་རཱ་ཙ། གཟའ་ལ་རཱ་ཧུ་ལ། སོགས་བཙུད་ཀྱང་རུང་སྟེ། ཀླུ་ལ་ནཱ་ག་རཀཱ། རྣོ་སོར་སྦྱར་བ་ཡིན་པས་འདྲ། ཞེས་སྟག་དབང་གིས་བསྐུལ་ནས་ཨ་རཱ་གས་སོ། །མངྒ་ལཾ།། །།


previousརྟ་མགྲིན་གདོན་ཚར་གཅོད་ཟིན་བྲིས།next