Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས་ཀྱི་མན་ངག་ཟིན་བྲིས་ཡིག་ཆུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས་ཀྱི་མན་ངག་ཟིན་བྲིས་ཡིག་ཆུང་།next

རྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས་ཀྱི་མན་ངག་ཟིན་བྲིས་ཡིག་ཆུང་།


CMR016_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས་ཀྱི་མན་ངག་ཟིན་བྲིས་ཡིག་ཆུང་བཞུགས་སོ།།


CMR016_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྲི་ཝཱ་ཡ། འོད་དཔག་མེད་མགོན་རྟ་མགྲིན་རྒྱལ་པོ་འདུད། །རྟ་གཟུངས་ཉི་ཤུ་རྩ་ལྔ་ལ་སོགས་ཀྱི། །དོན་བསྡུས་ཅང་ཤེས་ཆར་འབེབས་ཆོ་ག་འདིའི། །ལག་ལེན་མན་ངག་ཟིན་བྲིས་ཡིག་ཆུང་ནི། །གོང་དུ་རྟ་མགྲིན་དཔལ་གཏོར་སྟོད་ཟུར་གསུམ། རྟ་མགོ་ཉི་ཟླ་ནོར་བུ་མེ་རིས་བརྒྱན། །བདུད་རྩི་སྨན་རཀ་མཆོད་པ་སྣ་བདུན་བཤམ། །གཞི་དཀར་སྟེང་དུ་ནས་ཀྱི་འདབ་བརྒྱད་བྲི། །དེ་དབུས་ཟངས་གཞོང་ལ་སོགས་རིན་ཆེན་སྣོད། །འབྲུ་ཡིས་བཀང་སྟེང་དཔལ་གཏོར་སྟོད་ཟུར་གསུམ། །ལོགས་གསུམ་ནོར་བུ་ཟུར་གསུམ་མེ་རི་འབར།


CMR016_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལ་རལ་གྲི་འཁོར་ལོ་མེ་དཔུང་འབར། །མ་འབྱོར་ཉི་ཟླ་སྐར་གསུམ་ནོར་བུས་མཚན། །མར་ཐུད་རིལ་བུ་མེ་ཏོག་ཆར་འབེབས་ཚུལ། །མར་རྒྱང་དགུའམ་བདུན་བཙུགས་དེ་ཡི་མཐར། །འདབ་བརྒྱད་ཕྱོགས་མཚམས་རང་འདྲ་ཆུང་ངུ་བཅུ། །བྱང་ཤར་ཟན་ནི་ཟླ་གམ་ལེབ་མོའི་དཀྱིལ་གྲུ་གསུམ་བྲུས་པར་ཁྲག་གམ་འབྲི་མོག་བླུགས། །དེ་སྟེང་གོང་འདྲའི་གཏོར་མའི་མདུན་གཡས་གཡོན། །ཟན་ཀོང་མར་མེ་གཉིས་བཞག་ཀུ་བེ་རའི། །གདན་དང་མར་མེ་མ་འབྱོར་ན་ཡང་རུང་། ༈ །སྐོང་གཏོར་རི་རབ་བང་རིམ་བཞི་ཡི་སྟེང་། །རིན་ཆེན་འབར་བར་སྐོང་འབྲས་


CMR016_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་མ་བཙུགས། །མཐའ་སྐོར་གླིང་བཞི་གླིང་ཕྲན་དབྱིབས་ཀྱིས་བསྐོར། །༈ །གསོལ་ཀ་རིན་ཆེན་སྣོད་དང་སྡེར་གཙང་དུ། །གོང་གི་གཙོ་བོའི་གཏོར་མ་ལྟ་བུ་ལ། །དམར་ལྗང་དར་ཚོན་རིལ་བུ་བཙུགས་པར་བྱ། །གཡས་སུ་སྐོང་གཏོར་གཡོན་དུ་གསོལ་ཀ་བཤམས། །གཏོར་འབུལ་དཀར་གཏོར་ཆུང་ངུ་ལྷ་བཤོས་བཅས། །ཕྱེ་མར་འབྲུ་སྣ་ཇ་ཆང་འོ་ཞོའི་ཕུད། །མར་ཐུད་བརྡ་རྒུ་ཟས་སྣ་ལ་སོགས་པ། །མཆོད་རྫས་ཅི་འཛོམ་གཙང་ཞིང་བཟང་བར་བཤམ། །དོ་དམ་གལ་ཆེན་རྟེན་འཛུགས་ལྟ་བུ་ལ། །རྟ་ལྷ་གཙོ་བོའི་བྲིས་སྐུ་བཤམས་པའི་མདུན། །རྫ་བུམ་སོ་བཏང་དྲི་མ་མེད་པ་རུ། །ཕྱི་རུ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །འབྲུ་སྣ་དར་ཚོན་རིན་ཆེན་སྨན་སྣས་བཀང་། །རྟ་གསེབ་སྔོན་པོ་ཞྭ་བཞི་ནག་པོ་ཡི། །སྙིང་ནི་སྐམ་པོའི་རྩ་སྦུབ་སྟོང་པ་རུ། །མཐིང་ཤོག་གསེར་བྲིས་སྲོག་སྔགས་གཟུངས་རིང་རྣམས། །ཤོག་དྲིལ་དང་ནི་པདྨ་རཱ་ག་བཅུག །གསེར་གཡུ་རིན་ཆེན་སྣ་ལྔ་རྟ་སྔོན་མིག །ས་སྣ་ཆུ་སྣ་ལྔ་ཕྲག་ལྔ་བསྲེས་པའི། །འདག་གིས་རིན་ཆེན་འབར་བ་བཟོས་པ་བཅས། །བུམ་པའི་ནང་གཞུག་ཁ་ནས་དར་ཚོན་དྲིལ། །མདའ་མོ་བྱ་རྒོད་མ་ལ་དར་ཚོན་ལྔ། །


CMR016_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲབ་བྱང་སྟག་རས་གཟིག་རས་ཤོ་ཡིས་བརྒྱན། །དར་ནག་གམ་ནི་རས་ལ་གསེར་མཚལ་གྱིས། །ཀུ་བེ་ར་ཡི་གཟུངས་དང་གཉེར་གཏད་སྔགས། །བྲིས་དང་རལ་གྲི་མེ་འབར་མདའ་སྐེར་བཏགས། །མདའ་དར་བུམ་པ་དཀྱིལ་འཁོར་དབུས་སུ་བཞུགས། །དེ་དྲུང་གཏོར་མ་མཆོད་པ་གོང་ལྟར་བཤམ། །གཞན་ཡང་སྤྱན་གཟིགས་གོ་ཁྲབ་མཆོད་ཆའི་རིགས་།མདའ་དར་གང་མང་རུ་མཚོན་ཕྱིར་དར་མདུང་། །རྟ་མགུལ་སྲབ་མཐུར་ལྕག་ཚན་སྒ་སྲབ་སྒྲོག །རྟ་ཡི་ཆས་འཁོར་གང་ཡོད་བཅས་པ་བཤམ། །རྟ་གླུད་དོ་གལ་ཆེ་ན་གནམ་ཆོས་ལྟར། །རྟ་སྲི་རྟ་གདོན་རྟ་བདུད་རྟ་གཤེད་རྣམས། །འཇིམ་གཟུགས་བཅའ་ཞིང་དེ་མདུན་སྣོད་གཞན་དུ། །རྟ་དྲེལ་ལ་དྲུད་ཟན་གྱི་རྟ་ཡི་གཟུགས། །སྒ་སྲབ་ཆས་ཅན་སྐྱེ་མཆེད་ཚང་བར་བཤམ། །ཏིང་ལོ་མར་མེ་ཆངས་སྐད་ཡས་རྫས་བསྐོར། །རྟ་གླུད་སྡང་གླུད་ཡོས་བཀྲ་བླུག་ཅིང་བཤམ། །བསྡུ་ན་གནམ་ཆོས་རྟ་གླུད་སབ་མི་དགོས། །ཆོ་ག་རིང་ཀླུབ་གཞུང་ལྟར་དུ་བཏང་བས་འཐུས། །རྟ་གོད་རྟིལ་སྲི་ཤི་སྒྲུབ་གཅོད་དགོས་ན། །ཁྲག་གམ་སྣག་ཚྭ་གཙང་མས་དུག་ཤོག་ལ། །གོད་འདྲེ་མི་ལུས་རྟ་ཡི་མགོ་བོ་ཅན། །ཡན་ལག་ལྕགས་


CMR016_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བྲུབ་ཛཿཧཱུྃ་བཾ་ཧོས་གཟིར། །སྙིང་ཁར་ཛགཉིས་ཁ་སྦྱོར་བར་དུ་ཏྲི། །དེ་མཐར་ལྟོ་བར་གོད་འདྲེ་གོད་སྲི་དང་། །རྟ་འདྲེ་རྟིལ་སྲི་སྒབ་འདྲེ་འཕྱིས་སྲི་དང་། །དམ་སྲི་བསེ་རགས་དབུལ་སྲི་ལྟོགས་འགོང་དང་། །རྒྱལ་བསེན་གསོན་འདྲེ་མི་ཁ་བྲ་མཆུ་དང་། །ཁ་འགོང་གདོན་རིགས་རྟ་ནད་འཚེར་བཅུ་ཀུན། །ཁུག་ཅིག་ཛཧཱུྃ་བཾ་ཧོཙཱ་བྷ་ཡ་ནན། །ཡིག་མགོ་ཕྱིར་བསྟན་ནང་དུ་གཅུད་ལ་བྲི། །ཕྱི་རོལ་མགོ་ནས་ཡིག་མགོ་ནང་བསྟན་དུ། །བསྒྲལ་ལས་ནང་གི་ཐུན་སྔགས་ཅི་མང་དང་། །ལོ་ཀཱི་པཱ་ལའི་སྔགས་དང་ཛ་ཁྲོ་བསྐོར། །ལིང་ཁྲུས་མེ་རླུང་བྲབ་ཅིང་མགོ་ནས་བལྟེབ། །སྔོ་དམར་ཚོན་སྐུད་ཁྱི་སྤུ་ར་བལ་གྱིས། །ཕྱི་བསྒྲིམ་སྐུད་པས་དྲིལ་ལ་ལྕགས་ཁང་ངམ། །ས་ཡི་ཧོམ་ཁུང་གྲུ་གསུམ་ནང་དུ་བཅུག །ཐུན་ལམ་ཕུར་པ་རྟ་ཞལ་ཅན་གྱིས་གཅོད། །ཡུངས་ཀར་ཡུངས་ནག་ལྕགས་སམ་རྡོའི་ཕྱེ་མ། །དུག་ཁྲག་བྲབ་ཅིང་རྟ་མགྲིན་སྙིང་པོ་དང་། །ཁྲོ་བོ་རེ་མན་ཡི་ཐུན་སྔགས་བཏབ། །དེ་ཙམ་དོ་གལ་ཆུང་ན་ཟན་ལིང་ལ། །སྔགས་དམིགས་བསྒྲལ་མནན་བྱས་ཀྱང་འཐུས་པ་ཡིན། ༈ །དངོས་གཞི་འདོན་འགྲིགས་ཕྲིན་ལས་གོ་རིམ་ནི། །བདུན་གཅིག་བདུན་གཉིས་བདུན་


CMR016_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སོགས་པ། །རྟགས་ཐོན་སྒྲུབ་ཅིང་དོ་གལ་ཆེ་ན་ནི། །སྔ་དྲོ་རྟ་མགྲིན་བདག་བསྐྱེད་བསྙེན་པ་དེ། །ཁྲིའམ་སྟོང་བཟླས་སྲུང་འཁོར་རྟ་མགྲིན་གཟུངས། །བརྒྱའམ་ཉེར་གཅིག་བཟླས་པས་ཐུན་གཅིག་དང་། །རྟ་གླུད་ནང་རེ་རེ་རེ་འབྱོར་ན་ལེགས། །མིན་ཀྱང་དང་པོ་ཉིན་པར་དེ་ཡིས་ཆོག །རྟ་དྲེལ་རྣམས་ལ་ཐུན་བྲབས་གུ་གུལ་བདུག །རྣམ་འཇོམས་སྨེ་བརྩེགས་ཨ་མྲའི་གཟུངས་ཆུ་གཏོར། །སྤོས་དང་ཤིང་སྣའི་བསང་དུད་ཁ་ནས་ཕྱུང་། །མདུན་བསྐྱེད་འདོན་ཚེ་བསང་དུད་སྤྲོས་རོལ་བཅས། །སྤྱན་འདྲེན་མཆོད་བསྟོད་རྫོགས་ནས་བཟླས་པ་ནི། །བདག་མདུན་སྦྲགས་སྒྲུབ་བསྙེན་པ་ཁྲིའམ་སྟོང་། །གཟུངས་རྣམས་སོ་སོར་བརྒྱའམ་ཉེར་གཅིག་རེ། །རྟ་ནད་སྲུང་དང་རྟ་གདོན་གཅོད་པའི་སྐབས། །ཁྲོ་བོ་རེ་མན་དང་མགོན་པོའི་གཟུངས། །སྔགས་དམིགས་ནན་ཏན་བྱེད་པ་མན་ངག་ཡིན། །བདེ་རིམ་ལ་ནི་ཐམས་ཅད་འདྲ་བར་བྱ། །སྐོང་བའི་གོང་དེར་གནམ་ཆོས་ཀུ་བེ་རའི། །གཏོར་ཆོག་སབ་ཅིང་ལས་ཚོགས་སྔགས་དམིགས་རྣམས། །གར་དགོས་ནན་ཏན་བྱེད་པ་ཤིན་ཏུ་ལེགས། །གནམ་ཆོས་རྟ་གཟུངས་ཡོད་ན་འདི་རུ་བཟླས། །སྐོང་བཤགས་གསོལ་ཀ་


CMR016_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་གཏོར་འབུལ་བྱ། །བདག་གིས་བྱས་པའི་རྟིལ་བསང་ཡོད་ན་ནི། །མངའ་གསོལ་མགོ་དེར་སྦྱར་ན་ལེགས་པ་ཡིན། །དེ་ལྟར་རྟ་མགྲིན་ཐུན་གཅིག་རེ་མནྟའི། །བདག་མདུན་སྦྲགས་སྒྲུབ་གཟུངས་རྣམས་ཐུན་གཅིག་དང་། །ཀུ་བེ་ར་ལ་ཐུན་གཅིག་བཅས་པས་འགྲུབ། །དགོང་ཐུན་སྐོང་བཤགས་ལ་སོགས་བྱེད་པའམ། །ཡང་ན་སྔར་ལྟར་མགོ་ནས་ཝིག་བྱས་ལ། །ཐུན་རེར་ཐམས་ཅད་ཚང་བར་བྱས་ན་ལེགས། །ཐུན་བཞི་ཐུན་གསུམ་ལ་སོགས་གང་ཐོན་བྱ། །ཆོ་ག་བརྒྱ་རྩ་གཟུངས་རྣམས་ཁྲི་འམ་སྟོང་། །དེ་ནི་རྟ་དྲེལ་རིམ་གྲོ་ཀུན་གྱི་མཆོག །དེ་ལྟར་བསྙེན་སྒྲུབ་ལྟ་བུར་མ་འཕྲོད་ཀྱང་། །ཞག་གསུམ་ལྔ་སོགས་ཆོ་ག་བཟླས་པ་དང་། །རྟ་གླུད་སྲི་མནན་ལ་སོགས་བྱས་ན་ཆོག ༈ །ཚོང་དཔོན་སྐྱེས་པ་ཆས་བཟང་འདུ་བ་དང་། །ཕྱག་འཚལ་སྲབ་མཐུར་འུར་རྡོ་རྩྭ་སོགས་ཕུལ། །རྟ་ཁྱུ་བདག་བྱེད་ཚུར་ལ་གཤར་བ་དང་། །རྟ་སྔོན་ཕུལ་དང་རྟ་ནག་རྟིའུ་འཁྲུངས། །ལོ་ལེགས་ལ་སོགས་དངོས་གྲུབ་རྟགས་མཚན་དང་། །བན་དེ་མི་དམར་ཁྱི་དམར་ཤ་བ་དང་། །བུད་མེད་ཁྱིམ་བྱ་བརྡུང་བཏགས་བསད་པ་དང་། །ཁས་ལེན་དམ་བཅས་རྟ་སྲི་ཐུབ་རྟགས་སོ། །གོད་གཅོད་དོ་


CMR016_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ་ན་འགུགས་གཞུག་སོགས། །བརྒྱ་རྩ་བརྒྱད་ལས་མི་ཉུང་རྟགས་ཐོན་བྱ། །དུས་འདིར་རྟ་མགྲིན་ང་རྒྱལ་དྲག་པོ་ཡིས། །ཐུན་སྔགས་བཟླས་ཤིང་ཐུན་བྲབས་དམིགས་པ་གཟིར། །སྒྲུབ་པ་ཐེམས་ནས་གྲོལ་ཁའི་དགོང་མོ་ལ། །སྒོ་ཐེམ་འོག་གམ་སྐས་ཞབས་ལ་སོགས་པ། །གཞི་བདག་ནག་ཕྱོགས་བཙན་རིགས་མི་གནས་པའི། །བྲག་དཀར་བྲག་སྔོན་ཆེ་ཆུང་གང་རུང་དྲུང་། །རི་བྲག་གད་དམར་ས་སྒྲོན་མི་མཐོང་ཞིང་། །ལན་དུ་ཆུ་དང་ཤུག་པ་རྒྱས་པར་གཏད། །དོང་བྲུས་ལིངྒ་བཞག་ལ་འགུགས་ལ་བསྒྲལ། །མནན་པ་རྟ་བྲོ་ལ་སོགས་གཞུང་ལྟར་བྱ། །རོ་གཡམ་རྒྱ་གྲམ་གླིང་བཞི་བྲིས་པ་དང་། །མེ་ཆུས་མནན་ཅིང་སྐྱེར་ཕུར་རེ་དར་འཛུགས། །དོ་གལ་ཆུང་ངམ་ཤོག་ལིང་མ་ཐོན་ན། །ཟན་ལིང་ཆུང་ངུ་ཉིན་རེ་བཞིན་བསྒྲལ་ནས། །ཐུན་ཁང་དུ་བླུགས་ཕུར་པས་ཐུན་ལམ་བཅད། །གྲོལ་ཁ་གོང་ལྟར་མནན་ཡང་ཆོག་པ་ཡིན། །ཕྱིར་ཉིན་འགྲུབ་སྦྱོར་གཡང་སྐར་བཟང་པོར་སྤྱད། །སྔ་དྲོ་སྔར་ལྟར་ཆོ་ག་རྒྱས་པར་བྱ། །བསང་མཆོད་སྐོང་བའི་དུས་སུ་རྟ་སྔོན་སོགས། །སྤྱི་རྟགས་བཟང་བའི་རྟ་དྲེལ་རྩེན་ན་ལེགས། །མངའ་གསོལ་ཚར་ནས་མདུན་བསྐྱེད་རྟ་


CMR016_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས། །རྟེན་རྫས་ལ་བསྟིམ་བརྟན་བཞུགས་བཀྲ་ཤིས་བརྗོད།་མཛོད་དང་བོང་བ་ཀོང་ཚེར་བཞུགས་ནས་ཀྱང་། །ལོ་དུས་ཁ་གསོ་བྱེད་དུས་བཤམས་པའམ། །བུམ་པ་རྟ་བྲིས་ནང་ངམ་རྟ་ཁང་ཕུག །སྦས་ནས་བཀྲ་ཤིས་སྨོན་ལམ་བྱེད་ཀྱང་ཆོག །གཏོར་མ་མཆོད་རྫ་ས་ཕྱི་མིར་མི་སྦྱིན་པར། །དངོས་གྲུབ་རོལ་ཅིང་རྟ་དྲེལ་རྣམས་ལ་སྦྱིན། །གཏོར་རྒྱན་སྲུང་སྐུད་རབ་གནས་མེ་ཏོག་འཐོར། །དར་དམར་རམ་ནི་སྲུང་སྐུད་དམར་པོ་ལ། །སྒྲུབ་ཚེ་སྔགས་ནས་བཏགས་པ་སྲུང་བའི་མཆོག །རྟ་མགྲིན་དབང་དང་རེ་མན་ཏ་ཡི་དབང་། །ཀུ་བེ་ཚོར་ཡི་བཀའ་གཏད་ཐོབ་པ་དང་། །གཟུངས་དང་ཆོ་གའི་ལུང་ཐོབ་གལ་ཆེའོ། །འདི་ནི་གཞན་དོན་མང་དུ་བཅས་པ་ན།། །རང་གི་རྟ་དྲེལ་གོད་ཁས་གནོད་སྲིད་པས། །བདག་བསྐྱེད་སྲུང་འཁོར་སྐབས་སུ་རྟ་མགྲིན་གྱི། །ཐུགས་ཀའི་ཧཱིཡིག་ཧ་ཁོག་རང་ཉིད་ཀྱི། །རྟ་དྲེལ་ཚུད་དམིགས་སྲུང་འཁོར་དམ་ན་ཕན། །མན་ངག་འདི་ཡང་མང་དུ་མ་འཆེལ་བ། །བཀའ་རྒྱ་བྱས་ན་གཡང་ཁ་མི་ཉམས་གནད། །དེ་སྐད་རྟ་གཟུངས་ཆོ་གའི་ཟིན་བྲིས་འདི། །རི་ཕ་བླ་མ་ཀརྨ་བག་ཡོད་པས། །རིང་ནས་ཡང་ཡང་བསྐུལ་ཀྱང་གཡེང་བས་ལུས། །དྲུང་ཆེན་ཚེར་


CMR016_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མཆོག་གི་སྤྲུལ་སྐུ་ནས། །གསུང་འཕྲིན་དོ་དམ་ནན་ཏན་བསྐུལ་བྱུང་ནས། །ང་ལ་ངོ་ཆེ་བཅོལ་བ་ཡིན་པའི་ཕྱིར། །འཕྲལ་དུ་འཕྲོད་པ་གྱིས་གསུངས་བཀའ་ཕེབས་བཞིན། །གཞུང་དང་མན་ངག་ཟབ་གནད་ཉམས་མྱོང་བསྟུན། །རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར། །དགེ་བཤེས་པདྨ་ཐབས་མཁས་ཞེས་བྱས་བྲིས། །ཉེས་འགལ་མཆིས་ན་རྟ་ལྷའི་ཚོགས་ལ་བཤགས། །དགེ་བས་རྐང་བཞིའི་རྔོག་ཆགས་ཐམས་ཅད་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་གྱུར་པ་དང་། །འགྲོ་བ་རྐང་འཁྱམས་ངལ་བ་སེལ་བྱེད་ཅིང་། །མཐར་ཐུག་བརྩོན་འགྲུས་རྟ་མཆོག་ཞོན་ནས་ཀྱང་། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཕྱིར་བསྔོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས་ཀྱི་མན་ངག་ཟིན་བྲིས་ཡིག་ཆུང་།next