Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་རེ་མནྟ་ཡི་གཏོར་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་རེ་མནྟ་ཡི་གཏོར་ཆོགnext

འཕགས་པ་རེ་མནྟ་ཡི་གཏོར་ཆོག


CMR016_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རེ་མནྟ་ཡི་གཏོར་ཆོག་བཞུགས་སོ། །


CMR016_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྲི་ཝ་ཡེ། ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་དཀྱིལ་འཁོར། ཤར་གྱི་མགོན་པོ་དཔལ་རབ་འཆང་བ་ཞེས་བྱ་བ་དང་། མགོན་པོ་ཕྱག་བཞི་པའི་དམག་འགྱེད་ཀླུ་སྒྲུབ་ཀྱིས་མཛད་པ་ནས་འབྱུང་བའི་མགོན་པོ་རྟ་མང་ཞེས་བྱ་བ་དང་། བྱ་རྒྱུད་དུ་གཏོགས་པའི་རྟ་གཟུངས་རྣམས་ནས་བྱུང་པའི་འཕགས་པ་རྟ་བདག་མགོན་པོ་མཆོད་པར་འདོད་པ། བྱ་རྒྱུད་ལྟར་བྱེད་ན་དཀར་གསུམ་དང་། མགོན་པོའི་རྒྱུད་ལྟར་བྱེད་ན་ཤ་ཆང་གཙང་མའི་གཏོར་མ་རིན་པོ་ཆེའི་དབྱིབས་ཅན་བཤམས་ལ་རང་ཡི་དམ་དུ་གསལ་བས། ཨོཾ་སྭ་བྷ་ཝས་སྦྱངས། རང་མདུན་པད་ཉི་ཧཱུྃ་ཡིག་ལེས། །དཔལ་ལྡན་མགོན་པོ་རེ་མནྟ། །དམར་གསལ་བསེ་ཁྲབ་རྨོག་ཞུ་གསོལ། །ཕྱག་གཉིས་རལ་གྲི་


CMR016_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བསྣམས། །རྟ་སྔོན་གསེར་གྱི་ཞུབ་ཅན་ཆིབས། །སྟེང་ན་ཁྱུང་དང་བྱ་ཁྲ་ལྡིང་། །མདུན་རྒྱབ་སྟག་དང་སེང་གེ་འགྲོ། །རང་འདྲའི་འཁོར་ཚོགས་ལྔ་བརྒྱས་བསྐོར། །གཙོ་བོའི་གནས་གསུམ་འབྲུ་གསུམ་དང་། །ས་བོན་འོད་ཀྱིས་སྤྱན་དྲངས་གྱུར། །ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས། །རྟ་བདག་མགོན་པོ་སྤྱན་དྲངས་ནས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །དཔའ་རབ་འཆང་བ་གཤེགས་སུ་གསོལ། །ཉི་མའི་སྲས་པོ་གཤེགས་སུ་གསོལ། །དགྲ་ལྷའི་མཆོག་གྱུར་གཤེགས་སུ་


CMR016_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །འཕགས་པ་གཟི་ལྡན་གཤེགས་སུ་གསོལ། །ལམ་ལྷའི་རྒྱལ་པོ་གཤེགས་སུ་གསོལ། །བྱ་ཁྲ་ལྡིང་བ་གཤེགས་སུ་གསོལ། །སྟག་གཟིག་འབྲང་བ་གཤེགས་སུ་གསོལ། །འཁོར་ཚོགས་ལྔ་བརྒྱ་གཤེགས་སུ་གསོལ། །ཨོཾ་ཨཱརྱ་རེ་མནྟ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཛཿ ཛཧཱུྃ་བཾ་ཧོ༔ ཧཱུྃ། སྔོན་ཚེ་ཤཱཀྱ་སེང་གེ་དང་། །རྟ་མཆོག་དབང་གི་རྒྱལ་པོ་དང་། །གསང་བའི་བདག་པོའི་སྤྱན་སྔ་རུ། །ཁས་བླངས་དམ་ཚིག་དྲན་མཛོད་ལ། །རིན་ཆེན་གཞལ་ཡས་དམ་པ་འདིར། །ཅང་ཤེས་པདྨ་ཉི་ཟླའི་སྟེང་། །འཁོར་བཅས་དགྱེས་པར་བཞུགས་ནས་ཀྱང་། །བདག་གིས་ལས་རྣམས་འགྲུབ་པར་མཛོད། །ཨོཾ་ཨཱརྱ་རེ་མན་ས་པཱ་རི་ཝཱ་ར་ཏིཥྛ་ལྷན། ས་མ་ཡ་ཧཱུྃ། ས་མ་ཡ་ཧོ༔ ཧཱུྃ། འཕགས་པ་རྟ་བདག་འཁོར་བཅས་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །རབ་མཛེས་དབྱིབས་ལེགས་མེ་ཏོག་དང་། །སྦྱར་དང་ཡོངས་སུ་གྱུར་པའི་སྤོས། །རིན་ཆེན་ཉི་ཟླའི་སྒྲོན་མེའི་འོད། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་ཆབ། །རོ་བརྒྱ་ལྡན་པའི་བཤོས་གཙང་དང་། །རྔ་དྲིལ་ཆ་ལང་དུང་ཆེན་སྒྲ། །འདོད་ཡོན་ལྔ་དང་རིན་ཆེན་


CMR016_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། །བཀྲ་ཤིས་འགྲུབ་པའི་རྫས་རྟགས་བརྒྱད། །དར་ཟབ་འབྲུ་སྨན་རིན་ཆེན་སོགས། །གུས་པས་འབུལ་གྱི་བཞེས་སུ་གསོལ། །ཨོཾ་ཨཱརྱ་རེ་མན་ས་པཱ་རི་ཝཱ་ར་ཨགྷཾ་སོགས་བརྗོད། ཨ་མྲི་ཏ་སོགས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རིན་པོ་ཆེ་ཡི་སྣོད་ཀྱི་ནང་དུ། ༀ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ལན་གསུམ། ཨོཾ་ཨཱརྱ་རེ་མནྟ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་གཱི་ཧ་ནན་ཏུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪམ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། ལན་གསུམ། དཔལ་ལྡན་མགོན་པོ་འཕགས་པ་རེ་མནྟ་འཁོར་དང་བཅས་པ་ལ་མཆོད་སྦྱིན་གྱི་གཏོར་མ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་བདག་གི་རྟ་རྣམས་སྲུང་ཞིང་བསྐྱབ་པ་དང་། སྡོམ་ལྷོད་གྲང་བ་འཐེང་གྲུམ་ལ་སོགས་པའི་རྟ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། ལམ་གྱི་དགྲ་དང་གློ་བུར་གྱི་དགྲ་རྐུན་ཐམས་ཅད་བཟློག་པ་དང་། གནོད་པར་བྱེད་པའི་རྟ་འདྲེ་རྟིལ་སྲི་


CMR016_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྐད་ཅིག་ཉིད་ལ་རྡུལ་དུ་བརླག་པ་དང་། བདག་གི་རྟ་དྲེལ་ཐམས་ཅད་འཕེལ་ཞིང་རྒྱས་ལ་ཚེ་སྲོག་བརྟན་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། ཤར་ཕྱོགས་སྐྱོང་བའི་མགོན་པོ་དཔལ་རབ་འཆང་། །ནོར་ལྷའི་རྒྱལ་པོ་འཕགས་པ་རེ་མནྟ། །གཟི་ལྡན་ཉི་མའི་སྲས་པོ་དགྲ་ལྷའི་མཆོག །སྐུ་མདོག་དམར་ནག་ཁྲོ་གཏུམ་རྔམ་པའི་སྐུ། །དབུ་ལ་ཤེལ་རྨོག་སྐུ་ལ་བསེ་ཁྲབ་གསོལ། །ཕྱག་གཡས་རྩེ་ལྔ་མདའ་དར་རལ་གྲི་ཕྱར། །ཕྱག་གཡོན་གསེར་གྱི་འཁོར་ལོ་དར་མདུང་བསྣམས། །རྫུ་འཕྲུལ་ལྡན་པའི་རྟ་སྔོན་གསེར་ཞུབ་ཅན། །ཆིབས་ནས་འཛམ་གླིང་བསྐོར་ཞིང་གཡང་སྡུད་པའི། །ལྷ་མཆོག་མགོན་པོ་ཁྱོད་ལ་བདག་བསྟོད་དོ། །ཆ་ལུགས་རང་འདྲའི་འཁོར་ཚོགས་ལྔ་བརྒྱ་ནི། །གསེར་ཁྲབ་གསོལ་ཞིང་སྔོན་པོ་ཆུ་རིས་ཆིབས། །འཛམ་གླིང་ཁྱབ་པར་རྒྱུག་ཅིང་རྟ་གཡང་སྡུད། །ཁྱུང་ཆེན་ལྡིང་ཞིང་ལྕགས་ཀྱི་བྱ་ཁྲ་འཇུམ། །སྟག་མོ་འགྲོལ་ཞིང་རྒྱུག་པས་རྟ་དྲེལ་སྲུང་། །དུང་སེང་འགྱིང་ཞིང་གཡུ་ཡི་རལ་པ་སྤྲུག །སྤྲུལ་པ་འཁོར་དང་བཅས་ལ་བདག་བསྟོད་དོ། །གཏེར་བདག་འཁོར་བཅས་རྟ་གཡང་ཀུན་བསྡུས་ལ། །བསེ་སྒྲོམ་སྨུག་


CMR016_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ནང་དུ་གཡང་ཁུག་ལ། །རལ་གྲི་འཁོར་ལོ་འབར་བས་རྒྱས་ཐོབ་ཅིག །བསྡུ་ན། ཧཱུྃ། ཤར་ཕྱོགས་མགོན་པོ་དཔའ་རབ་འཆང་། །ལམ་ལྷའི་རྒྱལ་པོ་དགྲ་ལྷའི་མཆོག །ཉི་མའི་སྲས་པོ་གཟི་ལྡན་ཅན། །རེ་མནྟ་ལ་བདག་བསྟོད་དོ། །ཞེས་བསྟོད་ནས། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོའི་མཐར། སྔགས་ཀྱི་བསྐོར་བར་དམིགས་ནས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རེ་མན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་སྙིང་པོ་དང་། ཨོཾ་ཨཱརྱ་རེ་མནྟ་སྭཱ་ཧཱ། ཞེས་ཉེ་སྙིང་ཅི་ནུས་བཟླས། དེ་ནས་རྗེས་ཆོག་སྤྱི་དང་མཐུན་པར་བྱའོ། །ཡེ་ཤེས་པ་གཤེགས་སམ་རྟེན་ལ་བསྟིམས། དམ་ཚིག་པ་རང་ལ་བསྡུ་བའམ་མི་དམིགས་པར་བསམ། ཞེས་པ་འདི་༧ རཱ་ག་ཨ་སྱས་རང་ལོ་སོ་བདུན་ཤིང་མོ་བྱའི་ལོ་ས་ག་ཟླ་བའི་ཉེར་གསུམ་གནོད་སྦྱིན་རྒྱུ་བའི་དུས་ཚེས་ལ་ལེགས་པར་བྲིས་པའོ། །འདི་ལ་འགལ་འཁྲུལ་གང་མཆིས་འཕགས་པ་ཉིད་ལ་བཤགས། །དགེ་བས་འགྲོ་བའི་རྟ་ནད་རབ་ཞི་ནས། །ཞོན་པས་མི་འཕོང་འགྲོ་བ་བདེ་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཕགས་པ་རེ་མནྟ་ཡི་གཏོར་ཆོགnext