Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ལས་ཕྱག་རྡོར་ཨོཾ་ཙུག་བྱེད་ཀྱི་དབང་ཆོག
   
   
   
   
   
   
   
   


 
previousགནམ་ཆོས་ལས་ཕྱག་རྡོར་ཨོཾ་ཙུག་བྱེད་ཀྱི་དབང་ཆོགnext

གནམ་ཆོས་ལས་ཕྱག་རྡོར་ཨོཾ་ཙུག་བྱེད་ཀྱི་དབང་ཆོག


CMR016_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་ཕྱག་རྡོར་ཨོཾ་ཙུག་བྱེད་ཀྱི་དབང་ཆོག་བཞུགས་སོ༔


CMR016_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་པཱ་ཎི་ཡེ༔ ཨོཾ་ཙུག་བྱེད་པའི་དབང་ཆོག་ནི༔ སྟ་གོན་དབང་སྒྲུབ་སྤྱི་ལྟར་བྱ༔ གསུངས་ཕྱིར་བུམ་པ་གཏོར་མཆོད་བཤམ༔ རང་དང་མདུན་བསྐྱེད་གཏོར་མ་དང་༔ བུམ་ལྷ་ཕྱག་རྡོར་ཨོཾ་ཙུག་བྱེད༔ དྲང་སྲོང་ཆ་ལུགས་རལ་ཐོད་བཅིངསཿ ཨག་ཚོམ་དབུ་སྐྲ་དུང་ལྟར་དཀར༔ ཞབས་གཉིས་ཨོཾ་ཙུག་མཛད་ནས་ནི༔ གཡས་པས་རྡོ་རྗེ་ནམ་མཁར་གདེངས༔ བར་ཆད་ཐམས་ཅད་ཞི་བར་མཛད༔ གཡོན་པས་དྲིལ་བུ་ཐུགས་ཀར་དཀྲོལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་བྱེད༔ སྐུ་མདོག་སྔོ་སྐྱ་དར་དཀར་གྱི༔ སྨད་གཡོགས་འོག་ནས་སྟག་ཤམ་མངོན༔ པུས་མོ་


CMR016_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་བསླངས་པའི་སྟེང་༔ གཡས་ཀྱི་པུས་མོ་བཀལ་བའོ༔ པདྨ་ཟླ་གདན་གསལ་བར་བསྒོམ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར༔ སྔགས་ཀྱི་གཡས་སུ་བསྐོར་བ་ལས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ ཕྱོགས་བཅུའི་ཞིང་ནས་གསང་བའི་བདག་གྲངས་མེད་སྤྱན་དྲངས་བདག་མདུན་ཐིམ༔ བུམ་པ་བདུད་རྩིས་གང་བར་གྱུརཿ ཨོཾ་བཛྲ་པཱ་ཎི་ན་མ་ཧཱུྃ༔ ཞེས་པ་བརྒྱ་སྟོང་ཅི་འགྲུབ་བཟླ༔ ཨཧཱུྃ་སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་


CMR016_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་མཛད་པའི༔ ཕྱག་རྡོར་ཨོཾ་ཙུག་བྱེད་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ནས་ཁྲུས་དང་མཎྜལ་བྱས་ལ༔ འོ་ན་ད་ལམ་ཁྱེད་རྣམས་ལ་ཕྱག་ན་རྡོ་རྗེའི་དབང་བསྐུར་བ་ཡིན་ཏེ༔ ལྷ་འདིའི་ངོ་བོ་ནི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཡིན་པསཿ སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ ཞེས་གསུངས༔ དེ་ལའང་སྐུའི་རྣམ་གྲངས་མི་འདྲ་བ་བརྒྱ་རྩ་བརྒྱད་ཡོད་པར་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པའི་རྒྱུད་ཚིག་ལས་གསལ༔ དེ་ལའང་སྐུ་ཞི་བ་དང་ཁྲོ་བོ་དང་ཞི་མ་ཁྲོ་གསུམ་ལས་འདི་ཞི་མ་ཁྲོ་ཡིན༔ དེའང་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཕྱག་རྡོར་རིགས་བཅུ་གསུམ་ཙམ་བྱུང་བའི་ནང་ནས་འདི་ཞབས་ཨོཾ་ཙུག་ཏུ་བཞུགས་པས་ཕྱག་རྡོར་ཨོཾ་ཙུག་ཅེས་བྱ་སྟེ༔ སྔོན་ས་སྟེང་དུ་མ་གྲགས་པ་ཞིག་ཡིན༔ དེའང་ཕྱག་ན་རྡོ་རྗེ་དྲང་སྲོང་རྐོན་པ་སྐྱེས་ཞེས་བྱ་བར་སྤྲུལ་ནས་རི་བར་ཀྱི་ནུབ་ཕྱོགས་སུ་ལོ་འབུམ་ཕྲག་གཅིག་ལ་ཏིང་ངེ་འཛིན་ལ་བཞུགས་སོ༔ དེའི་ཚེ་སངས་རྒྱས་རྣམ་གཟིགས་འཇིག་རྟེན་དུ་བྱོན་ནས་སངས་རྒྱས་པར་ཉེ་བ་ན༔ དེ་ལ་བར་དུ་གཅོད་པའི་ཕྱིར་བདུད་ཀྱི་དམག་ཚོགས་ཆེན་པོ་འདུས་ཏེ་མཚོན་ཆའི་ཆར་ཕབ་བོ༔ དེའི་ཚེ་སངས་རྒྱས་


CMR016_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆོས་གོས་བྱ་ཁྱུང་པོ་ག་པ་ལྟར་མཛད་ནས༔ ཀྱེ་དྲང་སྲོང་ཁྲོས་པའི་ཆ་བྱད་ཅན༔ བདུད་སྲིན་འདུལ་ཕྱིར་གཤེགས་སུ་གསོལ༔ ཞེས་གསུངས་མ་ཐག་ཏུ་རི་རབ་ནུབ་ཕྱོགས་ནས་དྲང་སྲོང་རྐོན་པ་སྐྱེས་དེ་ཕྱག་ན་རྡོ་རྗེ་རྩེ་དགུ་པ་འཛིན་སྐུ་ལ་བསྐལ་པའི་མེ་དཔུང་འབར་ཞིང་ནམ་མཁའ་ལ་བྱོན་ནས་བདུད་དང་སྲིན་པོའི་དམག་དེ་ཐམས་ཅད་བཟློག་པར་གྱུར་ཏེ༔ དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པས་མཐུ་དཔུང་བསྐྱེད་ནས་སྲིད་པ་གསུམ་གྱི་བདག་པོར་བྱིན་གྱིས་བརླབས༔ དབང་རྟགས་སུ་རྡོ་རྗེ་གཏད་ནས་མཚན་ཕྱག་ན་རྡོ་རྗེར་བཏགས་སོ༔ དེའི་ཆེ་ཕྱག་ན་རྡོ་རྗེས་ཞུས་པ༔ ཀྱེ་བཅོམ་ལྡན་འདས༔ བདག་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དཔང་པོར་གྱུར་པ་ལགས་ཏེ༔ སྔ་རབས་འདས་པའི་སངས་རྒྱས་བདུན་དང་༔ ད་ལྟར་བཞུགས་པའི་སངས་རྒྱས་གཅིག་དང་༔ སླད་ནས་འབྱོན་པའི་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་རྩ་གཅིག་དེ་རྣམས་མ་རྫོགས་ཀྱི་བར་དུ་བར་ཆད་ཐམས་ཅད་བསྲུང་བར་བདག་གིས་དམ་བཅའོ༔ བཅོམ་ལྡན་འདས་བདག་ནི་སྔ་རབས་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་


CMR016_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ༔ སླད་ཀྱིས་འབྱོན་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྗེས་སུ་གསུང་ཞིང་ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་གསུང་བར་བགྱིའོ༔ བཅོམ་ལྡན་འདས་ཀྱིས་ཀྱང་བདག་བྱིན་གྱིས་བརླབ་ཏུ་གསོལ༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ ཕྱག་ན་རྡོ་རྗེ་ཁྱོད་ནི་སྔ་རབས་འདས་པའི་སངས་རྒྱས་ཀྱིས་ཀྱང་ཁྲོ་བོ་དང་སེམས་དཔའ་གཉིས་སུ་བྱིན་གྱིས་བརླབས་ལ༔ སླད་ནས་འབྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཁྲོ་བོ་དང་སེམས་དཔའ་གཉིས་སུ་བྱིན་གྱིས་བརླབས་ཏེ༔ ད་ལྟ་བདག་གིས་ཀྱང་བྱིན་གྱིས་བརླབས་སོ༔ ཁྱོད་ནི་འཇིག་རྟེན་དབང་ཕྱུག་ཆེན་པོ་ལ་སོགས་ལྷ་ཆེན་པོ་ཐམས་ཅད་ཀྱི་བདག་པོ་གྱིས་ཤིག༔ སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་རྒྱ་མཚོ་ལས་སྒྲོལ་ཅིག༔ ཅེས་གསུངས་སོ༔ ཕྱག་རྡོར་འདི་དྲང་སྲོང་གི་ཆ་ལུགས་སུ་འོང་བ་ནི་དེ་ལྟར་རོ༔ འདིའི་སྔགས་ནི་ཤིན་ཏུ་ངོ་མཚར་ཆེ་སྟེ༔ ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ༔ བཛྲ་པཱ་ཎི་ན་མ་ནི་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ ཧཱུྃ་ནི་སྡུག་བསྔལ་ཐམས་ཅད་འཇོམས་པའི་དོན་ཏེ༔ ཕྱག་རྡོར་རིག་པ་མཆོག་གི་རྒྱུད་ལས༔ བཅོམ་ལྡན་འདས་ཀྱིས་འབྱུང་པོའི་བདག་


CMR016_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དབང་ལྡན་ལ་བཀའ་བསྩལ་པ༔ འབྱུང་པོའི་བདག་པོ༔ གང་གིས་དེ་བཞིན་གཤེགས་པ་འབུམ་ཕྲག་གངྒའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས༔ གང་གིས་རིག་པའི་རྒྱལ་པོ་མཆོག་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པས་དེ་ནི་དེ་བས་བསོད་ནམས་མང་དུ་སྐྱེད་དོ༔ ཞེས་གསུངས་པའི་ཕྱིར་སངས་རྒྱས་འབུམ་ཕྲག་གངྒཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་འཚལ་བས་ནི་ཕྱག་ན་རྡོ་རྗེ་ལ་སེམས་དད་པའི་སྒོ་ནས་སྔགས་འདི་ལན་གཅིག་བརྗོད་པས་བསོད་ནམས་ཆེ་བ་ཡིན་ནོ༔ འདི་ཡི་དམ་དུ་བྱས་ཏེ་རྒྱུན་དུ་བསྙེན་ན་ཕྱག་ན་རྡོ་རྗེས་དུས་རྟག་ཏུ་མགོན་སྐྱབས་བྱེད་པའི་ཕྱིར་བར་ཆད་ཐམས་ཅད་ཀྱིས་མི་ཚུགས༔ གདོན་ཐམས་ཅད་ཀྱིས་གནོད་པ་མི་འབྱུང་༔ ནད་ཐམས་ཅད་ཞི༔ བསོད་ནམས་དང་དབང་ཐང་རྒྱས༔ ཡིད་ལ་བསམ་པའི་དོན་ཐམས་ཅད་འགྲུབ་སྟེ༔ དེའི་གཞུང་ལས༔ འདི་བསྒྲུབས་ཕན་ཡོན་བསམ་མི་ཁྱབ༔ བར་ཆད་ཀུན་གྱིས་མི་ཚུགས་ཤིང་༔ ཞི་རྒྱས་དབང་དྲག་ལས་རྣམས་འགྲུབ༔ བགེགས་རྣམས་ཀུན་ཀྱང་མི་འབྱུང་ངོ༔ རྟག་ཏུ་འདི་ཡིས་མགོན་སྐྱབས་བྱེད༔ ཅེས་གསུངས་སོ༔ གདོན་


CMR016_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེ་བའི་གཅོང་ནད་ཅན་གྱིས་འདིའི་བསྙེན་པ་བྱས་ན་ཕན་པའང་མྱོང་བས་འགྲུབ༔ དེས་ན་སློབ་དཔོན་དབང་རྫས་རྣམས་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པ་གྱིས་ལཿ དེ་ནས་གསོལ་བ་འདེབས་པ་ནི་འདིའི་རྗེས་ཟློས་མཛོད༔ བླ་མ་དཀོན་མཆོག་གསུམ་པོ་དང་༔ ཡི་དམ་ལྷ་ཚོགས་མ་ལུས་དང་༔ ཁྱད་པར་ཨོཾ་ཙུག་བྱེད་པ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ལན་གསུམ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེརཿ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ གསུམ། དེ་ནས་སློབ་མ་ལྷར་བསྐྱེད་པའི་དོན་དུ༔ སློབ་མ་ཕྱག་རྡོར་ཨོཾ་ཙུག་བྱེདཿ དྲང་


CMR016_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་ཆ་ལུགས་རལ་ཐོད་བཅིངས༔ ཨག་ཚོམ་དབུ་སྐྲ་དུང་ལྟར་དཀར༔ ཞབས་གཉིས་ཨོཾ་ཙུག་མཛད་ནས་ནི༔ གཡས་པས་རྡོ་རྗེ་ནམ་མཁར་གདེངས༔ བར་ཆད་ཐམས་ཅད་ཞི་བར་མཛད༔ གཡོན་པས་དྲིལ་བུ་ཐུགས་ཀར་དཀྲོལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་བྱེད༔ སྐུ་མདོག་སྔོ་སྐྱ་དར་དཀར་གྱི༔ སྨད་གཡོགས་འོག་ནས་སྟག་ཤམ་མངོན༔ པུས་མོ་གཡོན་པ་བསླངས་པའི་སྟེང་༔ གཡས་ཀྱི་པུས་མོ་བཀལ་བའོ༔ པདྨ་ཟླ་སྟེང་གསལ་བར་བསྒོམ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར༔ སྔགས་ཀྱི་གཡས་སུ་བསྐོར་བ་ལས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ ཕྱོགས་བཅུའི་ཞིང་ནས་གསང་བའི་བདག༔ གྲོངས་མེད་སྤྱན་དྲངས་སློབ་མར་ཐིམ༔ ཧཱུྃ༔ ཕྱག་རྡོར་ཨོཾ་ཙུག་བྱེད་ཀྱི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་བཛྲ་པཱ་ཎི་ན་མ་ཧཱུྃ༔ ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བརྗོད་ཅིང་སྤོས་དང་རོལ་མོ་བྱ༔ དེ་ནས་རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛྲ༔ དེས་དབང་གི་གཞི་བཀོད་པ་


CMR016_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་དངོས་གཞིའི་དོན་དུ་འདིའི་རྗེས་ཟློས་མཛོད༔ བླ་མ་དཀོན་མཆོག་གསུམ་པོ་དང་༔ ཡི་དམ་ལྷ་ཚོགས་མ་ལུས་དང་༔ ཁྱད་པར་ཨོཾ་ཙུག་བྱེད་པ་ལ༔ གསོལ་བ་འདེབས་སོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་དབང་བསྐུར་སྩོལ༔ བུམ་པའི་དབང་ནི་བུམ་པ་ཐོགས་ལ༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་པ༔ མགྲིན་པ་རིང་བ༔ མཆུ་འཕྱང་བ༔ ལྷ་རྫས་ཀྱི་དར་སྔོན་པོས་མགུལ་པ་དཀྲིས་པ༔ ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་ཕྱག་ན་རྡོ་རྗེ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབ༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས༔ ལུས་ཀྱི་གནས་བཞི་གང་༔ སྒྲིབ་པ་བཞི་དག༔ སྐུ་བཞི་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ འདི་ནང་ཨོཾ་ཙུག་བྱེད་པ་བཞུགས༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ ཨོཾ་ཙུག་བྱེད་པའི་དབང་རྫོགས་ཤོག༔ ཨོཾ་བཛྲ་པཱ་ཎི་ན་མ་ཧཱུྃ༔ ཧཱུྃ་བྷ་ཨ་བྷི་ཥིཉྩ་མཱི༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ་ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི༔ ཕྱག་


CMR016_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་ཨོཾ་ཙུག་སྐུ་ཡི་བཀྲ་ཤིས་ཤོག༔ དེས་སྐུའི་དབང་ཐོབ༔ ལུས་ཀྱི་ནད་གདོན་ཞི༔ འདིའི་སྐུ་བསྒོམ་པར་དབང་༔ མཚན་དཔེ་ལྡན་པའི་སྐུ་ཐོབ་པའི་སྐལ་བ་དང་ལྡན་ནོ༔ དེ་ནས་དུང་དཀར་ཐོགས་ལཿ མདུན་བསྐྱེད་ཀྱི་མགྲིན་པ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ སངས་རྒྱས་ཐམས་ཅད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་ངོ་བོ་ཡིན་པ་ལཿ རྣམ་པ་དུང་དཀར་པོ་གཡས་སུ་འཁྱིལ་པ༔ ནང་གི་རྩ་རྗེས་ལ་བཀྲ་ཤིས་པའི་རྟགས་བརྒྱད་དོད་ཅིང་ཆོས་ཀྱི་སྒྲ་རང་གྲག་ཏུ་སྒྲོག་པ་མང་པོ་བྱོན་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ དུང་དཀར་འདི་ནི་ཨོཾ་ཙུག་བྱེད༔ གསུང་གི་རྟགས་རྣམས་ཡོངས་སུ་རྫོགས༔ ཁྱོད་ཀྱི་ན་པར་བཞག་པ་ཡིས༔ གསུང་གི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་པཱ་ཎི་ན་མ་ཧཱུྃ༔ ཤཾ་ཁ་ཨ་བྷི་ཥིཉྩ་མཱི༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ་ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི༔ ཕྱག་རྡོར་ཨོཾ་ཙུག་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་སྒྲིབ་དག༔


CMR016_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དབང་ཐོབ༔ འདིའི་སྔགས་བཟླ་བར་དབང་༔ གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ནོ༔ དེ་ནས་རྡོ་རྗེ་ཐོགས་ལཿ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བཻཌཱུརྱའི་རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ རྡོ་རྗེ་འདི་ནི་ཨོཾ་ཙུག་བྱེད༔ ཐུགས་ཀྱི་རྟགས་རྣམས་རྫོགས་པ་ཡིན༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིསཿ ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་པཱ་ཎི་ན་མ་ཧཱུྃ༔ བཛྲ་ཨ་བྷི་ཥིཉྩ་མཱི༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི༔ ཕྱག་རྡོར་ཨོཾ་ཚུག་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་ཐུགས་ཀྱི་དབང་ཐོབ༔ སེམས་ཀྱི་སྒྲིབ་པ་དག༔ ཏིང་ངེ་འཛིན་སྒོམ་པར་དབང་༔ ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་རྒྱུད་ལ་སྐྱེ་བའི་སྐལ་བ་དང་ལྡན་ནོ༔ དེ་ནས་སྐུ་གཟུགས་ཐོགས་ལ༔ སྐུ་གཟུགས་འདི་ཕྱག་རྡོར་དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྟེང་ཕྱོགས་འོག་


CMR016_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ལྕང་ལོ་ཅན་དང་རི་རབ་བྱང་ཕྱོགས་ལྕང་ལོ་ཅན་བྱེ་བ་ཕྲག་བརྒྱ་ནས་ཕྱག་ན་རྡོ་རྗེའི་སྐུ་ཆེ་བ་རི་རབ་ཙམ༔ ཆུང་བ་ཡུངས་དཀར་གྱི་འབྲུ་ཙམ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་ཨོཾ་ཙུག་བྱེད་པ་སྟེ༔ ཡོན་ཏན་རྟགས་རྣམས་རྫོགས་པ་ཡིན༔ འདི་ཉིད་ཁྱོད་ཀྱི་མགོར་བཞག་པས༔ ཡོན་ཏན་དབང་རྣམས་ཐོབ་པར་ཤོག༔ ཨོཾ་བཛྲ་པཱ་ཎི་ན་མ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་མཾ༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི༔ ཕྱག་རྡོར་ཨོཾ་ཙུག་ཡོན་ཏན་བཀྲ་ཤིས་ཤོག༔ དེས་ཡོན་ཏན་གྱི་དབང་ཐོབ༔ བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ བསོད་ནམས་དང་ཡེ་ཤེས་རྒྱས༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་སྐལ་བ་དང་ལྡན་ནོ༔ དེ་ནས་གཏོར་མ་ཐོགས་ལ༔ ད་གཏོར་མ་འདི་ཉིད་ཕྱག་རྡོར་དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་གི་ཚོགས་འཕྲོས༔ ཁྱེད་རང་ལ་ཐིམ་པས་ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་སྒོམས་ཤིག༔ ཧཱུྃ་གཏོར་མ་འདི་ནི་ཨ་


CMR016_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཙུག་བྱེད༔ ཁྱོད་ཀྱི་ལག་ཏུ་གཏད་པ་ཡིསཿ ཕྲིན་ལས་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་པཱ་ཎི་ན་མ་ཧཱུྃ༔ ཤིནྟ་པུདྡྷཾཝ་ཤཾ་མཱ་ར་ཡ་བ་ལི་ཏ་ཨ་བྷི་ཥིཉྩ་མཱི༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི༔ ཕྱག་རྡོར་ཨོཾ་ཙུག་ཕྲིན་ལས་བཀྲ་ཤིས་ཤོག༔ ད་གཏོར་མ་འདི་ཉིད་བཅོམ་ལྡན་འདས་གསང་བདག་ཕྱག་ན་རྡོ་རྗེ་སྐུ་དྲང་སྲོང་གི་ཆ་ལུགས་ཅན་དེ་ཁྱེད་རང་གི་སྤྱི་བོར་བྱོན་པ་ཙམ་གྱིས་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ་སྟེང་ཕྱོགས་འོག་མིན་ལྕང་ལོ་ཅན་དང་རི་རབ་བྱང་ཕྱོགས་ལྕང་ལོ་ཅན་བྱེ་བ་ཕྲག་བརྒྱ་ནས་གསང་བདག་ཕྱག་ན་རྡོ་རྗེའི་སྐུ་ཆེ་ཕྲ་སྣ་ཚོགས༔ གསུང་སྔགས་ཀྱི་ཕྲེང་བ༔ ཐུགས་རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་བྱོན་ནས་ཐུགས་ཀར་ཐིམ༔ དེ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་སྒོམས་ཤིག༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ གུ་རུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ཤུད་པུ་དཔལ་གྱི་སེང་གེ༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་


CMR016_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བརྒྱུད་པའི་བླ་མ་རྣམས་དང་༔ དེ་བཞིན་གཤེགས་པ་གངྒའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་མཐུ་སྟོབས་ཀྱི་བདག་པོར་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དྲང་སྲོང་གི་ཆ་ལུགས་སུ་བཞུགས་པ་ཨོཾ་ཙུག་བྱེད་འཁོར་བདེན་ཚིག་གྲུབ་པའི་དྲང་སྲོང་བྱེ་བ་འབུམ་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྟེང་གདོན་གཟ༢༔ འོག་གདོན་བར་གདོན་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ གཟའ་ཀླུ་ས་བདག་གི་ནད་ཐམས་ཅད་ཞི་བར་མཛོད་ཅིག༔ བསོད་ནམས་དང་ཉམས་རྟོགས་འཕེལ་ཞིང་རྒྱས་པར་མཛོད་ཅིག༔ འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་བསྐྱབ་པར་མཛད་དུ་གསོལ༔ ཨོཾ་བཛྲ་པཱ་ཎི་ན་མ་ཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་དྷིཥྛན་ས་མ་ཡེ་ཛཿཧཱུྃ་བཾ་ཧོ༔ དེས་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཡི་དམ་དུ་བཟུང་བར་མཛོད༔ དེ་ནས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་མེ་སྤྲེའུ་ཁྲུམས་ཟླ་བའི་ཉེར་གསུམ་ནུབ་ཨུ་རྒྱན་རིན་པོ་


CMR016_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་སྤྲུལ་སྐུའི་ཆ་ལུགས་ཅན་ཞིག་གིས་འདིའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དངོས་སུ་གསུངས༔ དེའི་ཕྱིར་ནུབ་ཕྱག་རྡོར་ཁྲོ་བོའི་ཆ་ལུགས་ཅན་ཞིག་གིས་འདིའི་དབང་ཆོག་དངོས་སུ་གསུངས་པ་ཡིན་ནོ༔ དེ་ལྟར་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པའི་དབང་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ༔ ས་གཞི་སྤོས་ཆུས་སོགས། འདི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དབང་རྣམས་སོ་སོར་ཡོད་པ་གསར་བུ་རྣམས་ལ་ཕན་པའི་ཕྱིར་ལོ་རྒྱུས་སོགས་ཀྱིས་བརྒྱན་ཏེ་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་༔ ཆོས་ལྡན་གྱི་སྐྱེ་འགྲོ་དཔག་ཏུ་མེད་པའི་བར་ཆད་སེལ་བར་གྱུར་ཅིག༔ འདི་ཁྲོམ་དབང་དུ་བྱེད་ན་དབང་རྫས་དུང་ཆོས་བུམ་པའི་ཁར་བཞག༔ རྡོ་རྗེ་ནི་གཟུངས་ཐག་རྡོ་རྗེས་ཆོག་སྟེ༔ དེ་གསུམ་ལན་གཅིག་འགྲིམ༔ སྐུ་གཟུགས་གཏོར་མ་ལ་བཙུགས་ཏེ་ལན་གཉིས་འགྲིམས་པས་འཐུས༔ དབང་འགྲིམ་ཚེ་སྔགས་དེ་ཁྲོམ་ལ་འུར་འདོན་བཅུག་ན་རང་གཞན་ཀུན་གྱིས་སྲུང་བའི་མཆོག༔ ཅེས་པ་ཡི་གེ་པ་ནི་གླིང་གི་དགེ་སློང་སྦྱིན་པ་པདྨ་དད་པས་བྲིས༔ དམིགས་པ་བསྒོམ་ཞིང་སྔགས་བཟླ་བར་རང་གིས་ཆོག་ལ༔ ཡི་དམ་བྱེད་ན་དབང་སྒྲུབ་ཀྱི་ཚིགས་བཅད་དེ་ཚིག་ཅུང་ཟད་བསྒྱུར་ཤེས་པར་བྱའོ༔ ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོའི་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ལས་ཕྱག་རྡོར་ཨོཾ་ཙུག་བྱེད་ཀྱི་དབང་ཆོགnext