Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་དཔལ་རྒྱུད་ཀྱི་བདག་པོ་རིགས་བཞིའི་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་དཔལ་རྒྱུད་ཀྱི་བདག་པོ་རིགས་བཞིའི་སྒྲུབ་པའི་ཟིན་བྲིས།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་དཔལ་རྒྱུད་ཀྱི་བདག་པོ་རིགས་བཞིའི་སྒྲུབ་པའི་ཟིན་བྲིས།


CMR016_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་དཔལ་རྒྱུད་ཀྱི་བདག་པོ་རིགས་བཞིའི་སྒྲུབ་པའི་ཟིན་བྲིས་ཡོད་དོ༔


CMR016_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་ལ་ཕྱག་འཚལ། །རྒྱུད་བདག་རིགས་བཞིའི་དྲིལ་སྒྲུབ་ནི། །རྡུལ་ཚོན་པདྨ་འདབ་བརྒྱད་དམ། །ཡང་ན་འབྲུ་ཡི་འདབ་བརྒྱད་དེ། །ལྕགས་སམ་སེང་ལྡེང་ལ་སོགས་པ། །དྲག་པོའི་ཤིང་གི་ཕུར་པ་ནི། །དར་ནག་ཅོད་པན་བཏགས་པ་བཤམ། །གཡས་སུ་བུམ་པ་རྫ་ས་ལྡན་ནི། །དར་དཀར་མགུལ་ཆིངས་བྱས་པ་བཤམ། །གཡོན་དུ་གཏོར་མ་ཟུར་བཞི་ནི། །པད་ཀོར་ནོར་བུས་བརྒྱན་པ་བཤམ། །དེ་ཡི་ཕྱི་རིམ་དཀྱིལ་འཁོར་མཐར། །ཤར་དུ་ཞི་བའི་གཏོར་མ་ནི། །ཟླུམ་པོ་འཁོར་གཉིས་མེ་ཏོག་བརྒྱན། །ལྷོ་རུ་རྒྱས་པའི་གཏོར་མ་ནི། །ཟུར་བཞི་འཁོར་བཞི་ནོར་བུས་བརྒྱན། །ནུབ་ཏུ་དབང་གི་གཏོར་མ་ནི། །ཟུར་གཉིས་འཁོར་བདུན་སྨུག་རྩི་དང་། །ལྕགས་ཀྱུ་མེ་ཏོག་དམར་པོས་བརྒྱན། །བྱང་དུ་དྲག་


CMR016_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གཏོར་མ་ནི། །ཟུར་གསུམ་འཁོར་བརྒྱད་མེ་རིས་བརྒྱན། །རྒྱས་པར་ཕྱོགས་བཞིར་མཆོད་པ་ནི། །སྣ་བདུན་ཆ་བཞི་བཤམ་པར་བྱ། །མ་འཛོམ་མདུན་དེར་གཅིག་གིས་ཆོག༔ སྣ་ཆད་མདོ་བརྟན་སྐྱོང་དཀར་གཏོར་དང་། །ཚོགས་དང་མཐེབ་སྐྱུ་མང་བར་བསགས། །དཀྱིལ་འཁོར་གཡས་གཡོན་སྨན་རཀ་བཤམ། །གནམ་ཆོས་གཞུང་ལྟར་སྐྱོབས་སེམས་དང་། །ལས་བྱང་གནམ་ཆོས་གཞུང་ལྟར་ཏེ། །སྔོན་འགྲོ་སྔ་དྲོ་རེ་རེས་ཆོག༔ བདག་བསྐྱེད་རང་ཉིད་རྒྱུད་བདག་ནི། ཞི་མ་ཁྲོ་བ་སྐུ་མདོག་དམར། །ཞལ་གསུམ་གཡས་ཞལ་དཀར་པོ་སྟེ། །གཡོན་ཞལ་དེ་ནི་སྔོན་པོའོ། །ཕྱག་དྲུག་ཕྱག་མཚན་འདི་ལྟར་རོ། །པདྨ་དཀར་པོའི་གདན་སྟེང་དུ། །མེ་


CMR016_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆུ་ལྷ་གཟའ་ཉི་མ། །ཟླ་བ་དང་ནི་གཤིན་རྗེ་དང་། །གནོད་སྦྱིན་རྒྱལ་པོ་འཛིན་པའོ། །ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས། །དར་དམར་རིན་ཆེན་རྒྱན་གྱིས་བརྒྱན། །དཀྱིལ་འཁོར་དབུས་སུ་རྒྱུད་ཀྱི་བདག །ཞལ་བཞི་གཡས་ཞལ་དཀར་པོ་སྟེ། །གཡོན་ཞལ་དམར་པོ་སྟེང་ཞལ་དུད། །ཕྱག་བརྒྱད་ཕྱག་མཚན་འདི་ལྟར་རོ། །བྷནྡྷ་ཡི་ནི་ནང་དུ་ནི། །མེ་ལྷ་ཆུ་ལྷ་གཟའ་ཉི་མ། །ཟླ་བ་དང་ནི་གཤིན་རྗེ་དང་། །གནོད་སྦྱིན་རྒྱལ་པོ་ཀུ་བེ་ར། །ནང་བཞག་དེ་ནི་འཛིན་པའོ། །དར་ནག་གོས་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞབས་བཞི་པད་ཉིའི་སྟེང་དུ་བགྲད། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །བུམ་པར་བུམ་ལྷ་རྒྱུད་ཀྱི་བདག །སྐུ་མདོག་དཀར་པོ་ཤིན་ཏུ་ཞི། །ཞལ་གཅིག་ཕྱག་གཉིས་པདྨ་ནི། །དཀར་པོའི་སྟེང་དུ་མེ་ལྷ་དང་། །ཆུ་ལྷ་ཞགས་པ་འཛིན་པའོ། །སྐུ་ལ་དར་དཀར་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་ལ་བཞུགས། །གཏོར་མ་མཆོད་པའི་སྤྲིན་དཔུང་དབུས། །གཏོར་མའི་ངོ་བོ་རྒྱུད་ཀྱི་བདག །སྐུ་མདོག་སེར་པོ་ཞི་མ་


CMR016_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ། །ཞལ་གཉིས་སྟེང་ཞལ་དཀར་པོ་སྟེ། །ཕྱག་བཞི་ཕྱག་མཚན་འདི་ལྟར་རོ། །རིན་པོ་ཆེ་ཡི་གཞོང་པའི་ནང་། །མེ་ལྷ་ཆུ་ལྷ་གཟའ་ཉི་མ། །ཟླ་བ་རྣམས་ནི་ནང་བཞག་འཛིན། །དར་སེར་རིན་ཆེན་རྒྱན་གྱིས་བརྒྱན། །ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས། །བདག་དང་བུམ་བསྐྱེད་གཏོར་ལྷ་ཡི། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དང་། །མདུན་བསྐྱེད་ཐུགས་ཀར་ཟླ་བའི་སྟེང་། །རང་མདོག་ཧཱུྃ་ལ་སྔགས་གཡས་འཁོར། །འོད་འཕྲོས་རང་འདྲ་སྤྱན་དྲངས་གྱུར། །དེ་ནས་སྤྱན་འདྲེན་ནས་བཟུང་སྟེ། །བསྟོད་པ་ཡན་ཆད་ལས་བྱང་འདོན། །དེ་ནས་སྔ་དྲོའི་ཐུན་ལ་ནི། །རང་གི་ཐུགས་ལས་འོད་ཟེར་ནི། །དཀར་པོ་འཕྲོས་པས་བུམ་ལྷར་ཕོག །ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་དཀར་པོ་ནི། །མུན་པར་ཟླ་བ་ཤར་བ་བཞིན། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་བསལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཞི་བའི་ལྷ་ཀུན་མཆོད་པས་མཉེས། །དེ་ཀུན་ཐུགས་རྗེ་བྱིན་རླབས་ནི། །འོད་ཟེར་དཀར་པོའི་རྣམ་པར་བསྡུས། །བདག་དང་བསྲུང་བྱ་བུམ་ལྷར་ཐིམ། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བབས་


CMR016_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པས་བུམ་པ་བདུད་རྩིས་གང་། །བདུད་རྩི་སུ་ཡི་ཁར་སོང་བ། །ནད་གདོན་སྡིག་སྒྲིབ་ཀུན་སེལ་བའི། །ཤི་སོས་བདུད་རྩི་དམ་པར་གྱུར། །ཨོཾ་ཨཱཏནུ་པ་ཏི་ཤྲིནྟཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། རབ་ནི་ཁྲི་ཚོ་འབྲིང་ལྔ་སྟོང་། །སུམ་སྟོང་ལས་ནི་མི་ཉུང་བཟླས། །ལྷ་སྤྱིའི་མཆོད་བསྟོད་གཞུང་ལྟར་ལས། །རྒྱུད་བདག་ཅེས་པ་མིང་བསྒྱུར་བྱ། །ཤར་གྱི་གཏོར་མ་འོ་མས་བྲན། །བྷཾ་ལས་དངུལ་གྱི་སྣོད་ཡངས་པར། །གཏོར་མ་དཀར་གསུམ་མངར་གསུམ་ནི། །ཟག་མེད་བདེ་བ་བསྐྱེད་ནུས་པ། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོར་བྱིན་གྱིས་བརླབས། །ཧཱུྃ། དཔལ་ལྡན་ཞི་བའི་རྒྱུད་བདག་ནི། །སྐུ་མདོག་དཀར་པོ་ཤིན་ཏུ་ཞི། །ཞལ་གཅིག་ཕྱག་གཉིས་པདྨ་ནི། །དཀར་པོའི་སྟེང་དུ་མེ་ལྷ་དང་། །ཆུ་ལྷ་ཞགས་པ་འཛིན་པའོ། །སྐུ་ལ་དར་དཀར་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་ལ་བཞུགས། །དམ་རྫས་གཏོར་མ་འདི་བཞེས་ལ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉོན་མོངས་ཞི་བར་མཛོད། །བྱང་ཆུབ་བསྒྲུབ་པའི་བར་ཆད་སོལ། །རྒྱུད་བདག་ཞི་བའི་བཀའ་ཉན་པ། །ལས་བྱེད་ཝན་སྐུ་མདོག་ནི། །དམར་སེར་དྲེད་


CMR016_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མོང་ལ་ཞོན་པ། །ལག་གཉིས་བསྐལ་པའི་མེ་དཔུང་འཛིན། །དྲང་སྲོང་ཆ་ལུགས་ཐོར་ཚུགས་ཅན། །བཀའ་ཉན་ལས་བྱེད་ཝརྒ་ཡིས། །འདིར་གཤེགས་དམ་རྫས་གཏོར་མ་བཞེས། །བདག་ཅག་དཔོན་སློབ་འཁོར་བཅས་དང་། །བསྲུང་བྱ་ཡོན་བདག་ཐམས་ཅད་ཀྱི། །གྲང་བའི་ནད་ཀུན་ཞི་བ་དང་། །མེ་ཡི་འཇིགས་པ་མེད་པར་མཛོད་། །རྒྱུད་བདག་བཀའ་ཉན་ནརྒ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །ལག་ན་ཆུ་སྲིན་སྦྲུལ་ཞགས་འཛིན། །ཆིབས་སུ་དུག་སྦྲུལ་ནག་པོ་བཅིབས། །ནན་ཞེས་བྱ་ཆུ་ཡི་ལྷ། །འདིར་གཤེགས་དམ་རྫས་གཏོར་མ་བཞེས། །བདག་ཅག་དཔོན་སློབ་འཁོར་བཅས་དང་། །བསྲུང་བྱར་གྱུར་པ་ཐམས་ཅད་ཀྱི། །ཚད་པའི་ནད་ཀུན་ཞི་བ། ཆུ་ཡི་འཇིགས་པ་མེད་པར་མཛོད། །ཨོཾ་ཨཱཏན་པ་ཏི་ཤིནཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཨག་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཛ་ལ་པ་ཏི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། དེ་ནས་ཐུན་གྱི་མཚམས་འདི་རུ། །ངག་ནི་གཏོང་དགོས་བྱུང་ན་བཏང་། །ཆག་མི་རུང་བའི་དགེ་སྦྱོར་ཀུན། །ཐུན་མཚམས་རྣམས་སུ་བྱ་བ་ཡིན། །ངག་ནི་ཁོར་ཡུག་བཅད་ན་ཆོག །


CMR016_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཉི་མའི་གུང་སླེབས་ཛ། །སྔོན་ལྟར་ལས་བྱུང་ཚར་གཅིག་གཏོང་། །རང་གི་ཐུགས་ཀའི་འོད་ཟེར་ལས། །འོད་ཟེར་གཏོར་བསྐྱེད་ལྷ་ལ་ཕོག །ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་གསེར་གྱི་མདོག །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །ནམ་མཁའ་ཁྱབ་པར་འཕྲོས་པ་ཡིས། །བདག་ཅག་དཔོན་སློབ་བསྲུང་བྱ་དང་། །འཁོར་བཅས་རྣམས་ལ་ཕོག་པ་ཡིས། །ཚེ་དང་བསོད་ནམས་ཡེ་ཤེས་དང་། །དབང་ཐང་བསྟན་པ་ཡོན་ཏན་རྣམས། །པད་མར་ཉི་ཟེར་ཕོག་ལྟར་རྒྱས། །རྒྱས་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །རྒྱས་པའི་དངོས་གྲུབ་བྱིན་རླབས་ཀུན། །ཚུར་འདུས་བདག་དང་བསྲུང་བྱར་ཐིམ། །ཨོཾ་ཨཱཏན་པ་ཏི་པུཏྟཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་པ་ཁྲིའམ་ལྔ་སྟོང་ངམ། །སུམ་སྟོང་ལ་སོགས་ཅི་འགྲུབ་བཟླས། །དེ་ནས་ལྷ་སྤྱིའི་མཆོད་བསྟོད་བྱ། །ལྷོ་ཡི་གཏོར་མ་བདུད་རྩིས་བྲན། །གཏོར་སྣོད་ཧཱུྃ་ལས་གསེར་གྱི་སྣོད། །གྲུ་བཞི་ཡངས་ཤིང་རྒྱ་ཆེའི་ནང་། །གཏོར་མ་འདོད་པའི་ཡོན་ཏན་ལྔ་། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ཧཱུྃ། དཔལ་ལྡན་རྒྱས་པའི་རྒྱུད་ཀྱི་བདག །སྐུ་མདོག་སེར་པོ་ཞི་མ་ཁྲོ། །ཞལ་གཉིས་ཞལ་སྟེང་དཀར་པོ་སྟེ། །ཕྱག་བཞི་


CMR016_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་འདི་ལྟར་རོ། །རིན་པོ་ཆེ་ཡི་གཞོང་པའི་ནང་། །མེ་ལྷ་ཆུ་ལྷ་གཟའ་ཉི་མ། །ཟླ་བ་རྣམས་ནི་ནང་བཞག་འཛིན། །དར་སེར་རིན་ཆེན་རྒྱན་གྱིས་བརྒྱན་། །ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས། །མ་ཧཱ་བ་ལི་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་ཡེ་ཤེས་དང་། །བསྟན་པ་དར་ཞིང་རྒྱས་པར་མཛོད། །རྒྱུད་བདག་རྒྱས་པའི་ཕོ་ཉ་ནི། །བཀའ་སྡོད་རམ་ཏ་ཝ་ན་ནི། །སྐུ་མདོག་དམར་སེར་མེ་འོད་འཕྲོ། །ར་སྐྱེས་དམར་པོའི་སྟེང་ན་བཞུགས། །ཕྱག་ན་ཕྲེང་བ་མེ་ཐབ་འཛིན། །རམ་ཏ་ཝ་ནས་གཏོར་མ་བཞེས། །བསོད་ནམས་དབང་ཐང་ཐམས་ཅད་ནི། །།མེ་ལྟར་འབར་བའི་ཕྲིན་ལས་མཛོད། །ལས་མཁན་ཝ་རུ་ཁ་ནག་ནི། །སྐུ་མདོག་སྔོན་པོ་ཞལ་གཅིག་པ། །ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ། །སྦྲུལ་ཞགས་སེར་སྔོན་རབ་ཏུ་འཛིན། །ཆིབས་སུ་ཆུ་སྲིན་གློ་མདོག་ཆིབས། །བ་ལི་མཆོད་པ་འདི་བཞེས་ལ། །བསྟན་པ་ཆུ་བོའི་རྒྱུན་བཞིན་དུ། །རྒྱུན་ཆད་མེད་པའི་ཕྲིན་ལས་མཛོད། །བཀའ་སྡོད་ཝ་ཏ་ཉི་ཆེན་ནི། །སྐུ་མདོག་དམར་སེར་མེ་འོད་འཕྲོ། །


CMR016_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡོན་པས་པདྨ་འཛིན་། །ཤིང་རྟ་ལྗང་ཁུའི་སྟེང་ན་བཞུགས། །ལུས་པོ་མིག་གིས་གང་བའོ། །ཝ་ཏ་ཉི་ཆེན་མཆོད་གཏོར་བཞེས། །བསྟན་པ་ཉི་མ་ཤར་བ་ལྟར། །ཕྱོགས་ཀུན་ཁྱབ་པའི་ཕྲིན་ལས་མཛོད། །བཀའ་ཉན་གབ་ཏ་ཟླ་བདག་ནི། །སྐུ་མདོག་དཀར་པོ་ཆུ་ཤེལ་མདོག །ཕྱག་ནི་གཡས་ན་ཟླ་བ་འཛིན། །ཕྱག་ནི་གཡོན་ན་ཀུ་མུཏྟ། །ཤིང་རྟ་དཀར་པོའི་སྟེང་ན་བཞུགས། །བ་ལི་མཆོད་པ་འདི་བཞེས་ལ། །བསྟན་འཛིན་ཟླ་སྐར་བཀྲ་བ་ལྟར། །ཕྱོགས་མཐར་ཁྱབ་པའི་ཕྲིན་ལས་མཛོད། །ཨོཾ་ཨཱཏན་པ་ཏི་པུཏྟིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཨཧྥེ་ཛྭ་ལ་རཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཛ་ལ་པ་ཏི་པུཏྟིཾ་ཀུ་རུ་ཨོཾ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། །ཨོཾ་སཱུརྱ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཙནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། དེ་ནས་ཐུན་གྱི་མཚམས་བྱས་ཏེ། །སྐབས་དེར་བྱ་བ་གང་དགོས་སྒྲུབ། དགོང་ཀ་སྔོན་ལྟར་ལས་བྱང་གཏོང་། །བསྙེན་པའི་སྐབས་སུ་ཕྱིན་པ་དང་། །རང་གི་ཐུགས་ཀར་ཟླ་བའི་གདན། །ཧཱུྃ་ཡིག་དམར་པོའི་མཐའ་སྐོར་དུ། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་དམར་པོ་


CMR016_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གློག་ལྟ་བུ། །ལྕགས་ཀྱུའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས། །ནམ་མཁའི་མཐར་ཐུག་ཞིང་བཞུགས་པའི། །ཞི་རྒྱས་དབང་དྲག་ལྷ་ཡི་ཚོགས། །ཐམས་ཅད་འོད་དེས་མཆོད་པས་མཉེས། །དེ་ཀུན་རྒྱུད་བདག་རིགས་བཞིའི་སྐུར། །གྱུར་ནས་བུ་ཡུག་འཚུབ་བཞིན་བྱོན། །བདག་མདུན་བུམ་གཏོར་ལྷ་ལ་ཐིམ། །རྒྱལ་བའི་ཐུགས་རྗེ་བྱིན་རླབས་ཀུན། །བདག་གི་དབང་དུ་འདུས་པར་གྱུར། །སླར་ཡང་འོད་ཟེར་འཕྲོས་པ་ཡིས། །སྣང་སྲིད་ལྷ་འདྲེ་མི་གསུམ་དང་། །འདོད་པའི་དངོས་གྲུབ་ཐམས་ཅད་ནི། །རང་དབང་མེད་པར་དབང་དུ་སྡུས། །བཅུད་ཀྱི་དྭངས་མ་བདག་ལ་ཐིམ། །ཨོཾ་ཨཱཏན་པ་ཏི་པ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཁྲིའམ་ལྔ་སྟོང་སུམ་སྟོང་བཟླས། །དེ་ནས་ལྷ་སྤྱིའི་མཆོད་བསྟོད་བྱ། །ནུབ་ཀྱི་གཏོར་མར་ཕུད་རྒོད་བྲན། །ཧཱུྃ་ལས་རིན་ཆེན་ཟངས་སྣོད་དུ། །གཏོར་མ་རོ་བརྒྱ་ནུས་པ་སྟོང་། །ཟག་མེད་བདེ་བ་བསྐྱེད་པར་གྱུར། །ཧ་ཧོ་བྷིཡིས་བྱིན་གྱིས་བརླབས། །ཧཱུྃ། དཔལ་ལྡན་དབང་གི་རྒྱུད་བདག་ནི། །ཞི་མ་ཁྲོ་ནི་སྐུ་མདོག་དམར། །ཞལ་གསུམ་གཡས་ཞལ་དཀར་པོ་སྟེ། །གཡོན་ཞལ་དེ་ནི་སྔོན་པོའོ། །ཕྱག་དྲུག་ཕྱག་མཚན་འདི་ལྟར་


CMR016_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །པདྨ་དཀར་པོའི་གདན་སྟེང་དུ། །མེ་ལྷ་ཆུ་ལྷ་གཟའ་ཉི་མ། །ཟླ་བ་དང་ནི་གཤིན་རྗེ་དང་། །གནོད་སྦྱིན་རྒྱལ་པོ་འཛིན་པའོ། །ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས། །དར་དམར་རིན་ཆེན་རྒྱན་གྱིས་བརྒྱན། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །འཁོར་འདས་བདག་གི་དབང་དུ་སྡུས། །དཔལ་ཆེན་དབང་གི་རྒྱུད་བདག་གི །ལས་མཁན་ཛོ་ཆེན་སྐུ་མདོག་དམར། །གཡས་པས་དབྱུག་ཏོ་གཡོན་པས་ནི། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །ར་སྐྱེས་བཅིབས་པའི་ཛོ་ཆེན་ནི། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །མེ་ལ་བརྟེན་ཚད་སྐྱེ་འགྲོ་ཀུན། །དབང་དུ་འདུ་བའི་ཕྲིན་ལས་མཛོད། །བཀའ་སྡོད་དར་ག་ཝརྒ་ནི། །སྐུ་མདོག་སྔོན་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་སྦྲུལ་ཞགས་དང་། །གཡོན་པས་པིར་ནི་འཛིན་པའོ། །ཆིབས་སུ་ཆུ་སྲིན་གློ་མདོག་བཅིབས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །ཆུ་ལ་བརྟེན་ཚད་སྐྱེ་འགྲོ་ཀུན། །དབང་དུ་འདུ་བའི་ཕྲིན་ལས་མཛོད། །ཉི་རྟ་སྐུ་མདོག་དམར་སེར་ཏེ། །ཞལ་གཅིག་ཕྱག་ནི་གཉིས་པའོ། །གཡས་པས་ཉི་མ་གཡོན་པས་ནི། །ནོར་


CMR016_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བུས་མཚན་པའི་ལྕགས་ཀྱུ་འཛིན། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཉི་འོད་ཕོག་ཚད་དབང་དུ་སྡུས། །བཀའ་སྡོད་ཟླ་བ་མ་རྟ་ནི། །སྐུ་མདོག་དཀར་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་ཟླ་བ་དང་། །གཡོན་པས་གསེར་གྱི་གདུགས་འཛིན་པ། །པདྨ་དམར་པོའི་སྟེང་ན་བཞུགས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །ཟླ་འོད་ཁྱབ་ཚད་དབང་དུ་སྡུས།་ལས་མཁན་སྲོག་བདག་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་རལ་གྲི་དང་། །ཁྲམ་ཤིང་འཛིན་པ་མ་ཧེ་ཞོན། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །སྲོག་དབུགས་བསྡུས་ཚད་འགྲོ་བ་རྣམས། །ཐམས་ཅད་བདག་གི་དབང་དུ་སྡུས། །བཀའ་སྡོད་གནོད་སྦྱིན་སྟག་ཅེས་པ། །ཞལ་གཅིག་ཕྱག་གཉིས་ནོར་བུ་དང་། །རལ་གྲི་འཛིན་པ་སྟག་ལ་བཅིབས། །སྐུ་མདོག་དེ་ནི་སེར་པོའོ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དཔལ་འབྱོར་ལོངས་སྤྱོད་དབང་དུ་སྡུས། །ཕོ་ཉ་དཀར་པོ་བསེ་ཆེན་པོ། །སྐུ་མདོག་དེ་ནི་དཀར་པོ་ལ། །ཞལ་གཅིག་ཕྱག་གཉིས་ལྷུང་བཟེད་དང་། །རལ་གྲི་འཛིན་པའི་བསེ་ཆེན་ཁྱོད། །


CMR016_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི་གཏོར་མ་འདི་བཞེས་ལ། །དཀོར་དང་རྟེན་མཆོད་དབང་དུ་སྡུས། །ཨོཾ་ཨཱཏན་པ་ཏི་པ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི།་ཨོཾ་ཨཀྵེ་ཡེ་བཛྲ་ཛྭ་ལ་ཛྭ་ལ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཨཱཛ་ལ་པ་ཏི་སིདྡྷི་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཨཱཿ སཱརྱ་ཧཱུྃ་ཧཱུྃ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཙན་ཝ་ཏ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཡ་མ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཤ་ཤ་ཤ་ཤ་མ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི། ༀ་མ་ཧཱ་རཱ་ཙ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི། དེ་ནས་གཞུང་ལྟར་ཚོགས་འཁོར་བྱ། །ལྷག་མ་ཕུལ་རྗེས་ཐུན་མཚམས་སུ། །དགོང་མོ་བཟློག་པ་ལ་སོགས་པའི། །ཆག་མི་རུང་བའི་ཐུགས་དམ་བྱ། །མུན་རུབ་སླར་ཡང་ལས་བྱང་གཏོང་། །རང་གི་ཐུགས་ལས་འོད་འཕྲོས་པས། །མདུན་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག །སྔགས་ཕྲེང་གཡས་སུ་དྲག་ཏུ་འཁོར། །དེ་ལས་འོད་ཟེར་དམར་ནག་ནི། །ཚ་ལ་རྩུབ་པ་འཕྲོས་པ་ཡིས། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བྱང་ཆུབ་སྒྲུབ་པའི་བར་ཆད་ཀུན། །བྱ་སྒོ་མེ་ལ་བསྲེགས་བཞིན་གྱུར། །དེ་ལྟར་བསྒོམ་ཞིང་སྔགས་འདི་ནི། །ཁྲིའམ་ལྔ་སྟོང་སུམ་སྟོང་


CMR016_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། །ཨོཾ་ཨཱཏན་པ་ཏི་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། འདི་སྐབས་ལྷ་སྤྱིའི་མཆོད་བསྟོད་བྱ། །སྐབས་དེར་རང་གི་ཆག་མེད་ཀྱི། །ཆོས་སྐྱོང་གང་ཡོད་ལས་བྱང་གཏོང་། །བྱང་གི་གཏོར་མ་རཀྟས་བྲན། །བྷཾ་ལས་ལྕགས་ཀྱི་གཏོར་སྣོད་དུ། །ངོ་བོ་དགྲ་བགེགས་ཤ་ཁྲག་ལ། །རྣམ་པ་ཤ་ལྔ་བདུད་རྩི་ལྔ་། །ཞུ་བའི་ཡེ་ཤེས་བདུད་རྩི་རུ། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ཧཱུྃ། དཔལ་ལྡན་དྲག་པོ་རྒྱུད་ཀྱི་བདག །ཞལ་བཞི་གཡས་ཞལ་དཀར་པོ་སྟེ། །གཡོན་ཞལ་དམར་པོ་སྟེང་ཞལ་དུད། །ཕྱག་བརྒྱད་ཕྱག་མཚན་འདི་ལྟར་རོ། །བྷནྡྷ་ཡི་ནི་ནང་དུ་ནི། །མེ་ལྷ་ཆུ་ལྷ་གཟའ་ཉི་མ། །ཟླ་བ་དང་ནི་གཤིན་རྗེ་དང་། །གནོད་སྦྱིན་རྒྱལ་པོ་ཀུ་བེ་ར། །ནང་བཞག་དེ་ནི་འཛིན་པའོ། །དར་ནག་གོས་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞབས་བཞི་པདྨའི་སྟེང་དུ་བགྲད། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །དམར་ཆེན་གཏོར་མ་འདི་བཞེས་ལ། །དགྲ་བགེགས་དམ་སྲི་ཚར་ཆོད་ཅིག །དཔལ་ཆེན་རྒྱུད་བདག་དྲག་པོ་ཡི། །བཀའ་སྡོད་ལས་བྱེད་ཛ་ཛོ་ནི། །སྐུ་མདོག་དམར་སེར་ཞལ་གཅིག་པ། །ཕྱག་གཉིས་ཕྱག་མཚན་འདི་


CMR016_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རོ། །མེ་ཐབ་དང་ནི་བྷན་འཛིན། །དྲང་སྲོང་ཆ་ལུགས་ཨག་ཚོམ་ཅན། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དགྲ་བགེགས་འབར་བའི་མེ་ལ་བསྲེག །བཀའ་སྡོད་ལས་མཁན་སྣ་ཆུ་ནི། །ཞལ་གཅིག་ཕྱག་གཉིས་ཕྱག་མཚན་ནི། །གཡས་པས་ཆུ་དང་གཡོན་པས་སྦྲུལ། །སྐུ་མདོག་དེ་ནི་སྔོན་པོའོ། །པིར་ནི་གློ་མདོག་དེ་ལ་བཅིབས། །འདིར་གཤེགས་དམར་ཆེན་གཏོར་མ་བཞེས། །དགྲ་བགེགས་ཆུ་བོའི་གཞུང་དུ་བསྐུར། །ལས་མཁན་སྲོག་གཅོད་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྤུ་གྲི་དང་། །ཁྲམ་ཤིང་གཡོན་པས་འཛིན་པར་བྱེད། །སྐུ་མདོག་དེ་ནི་ནག་པོའོ། །ཆིབས་སུ་དེ་ནི་དྲེད་མོང་བཅིབས། །འདིར་གཤེགས་དམར་ཆེན་གཏོར་མ་བཞེས།་བདག་ཅག་དཔོན་སློབ་བསྲུང་བྱ་རྣམས། །དུས་མིན་འཆི་བའི་བར་ཆད་བཟློག །དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ། །བཀའ་སྡོད་ཉི་ཥ་ཧ་ན་ནི། །སྐུ་མདོག་དེ་ནི་དམར་པོ་ལ། །གཡས་པའི་ཕྱག་ན་པདྨ་འཛིན། །གཡོན་པའི་ཕྱག་ན་ཉི་མ་འཛིན། །རྟ་བདུན་དྲང་བའི་ཤིང་རྟ་བཅིབས། །དམར་ཆེན་གཏོར་མ་འདི་བཞེས་ལ། །ཉིན་ལ་འཚེ་བའི་དགྲ་


CMR016_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཟློག །བཀའ་སྡོད་འབའ་དྷ་ཀ་དྷ་ནི། །སྐུ་མདོག་དེ་ནི་དཀར་པོ་འོ། །གཡས་ན་མེ་ཏོག་ཀུ་མུཏྟ། །གཡོན་གྱི་ཕྱག་ན་ཟླ་བ་འཛིན། །དམར་གྱི་གཏོར་མ་འདི་བཞེས་ལ། །མཚན་མོ་འཚེ་བའི་དགྲ་བགེགས་ཟློག །བཀའ་སྡོད་ལུས་ངན་ཅང་ཆེན་ནི། །སྐུ་མདོག་དེ་ནི་སེར་པོ་འོ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཕྱག་ན་ནེའུ་ལེ་དང་ནི། །དུང་དཀར་འཛིན་པ་ཨུཏྤ་ལའི། །དོ་ཤལ་གྱིས་ནི་རབ་ཏུ་བརྒྱན། །དམར་གྱི་གཏོར་མ་འདི་བཞེས་ལ། །ནོར་ལ་གནོད་པའི་དགྲ་བགེགས་ཟློག ། ཕོ་ཉ་སེང་ཞོན་དཀར་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པས་དེ་ནི་ལྷུང་བཟེད་འཛིན། །གཡོན་པས་དེ་ནི་གསེག་ཤང་འཛིན། །སེང་གེ་ལ་ནི་ཆིབས་པའོ་དམར་ཆེན་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་ལ་ཆོ་འཕྲུལ་ཕོབ། །བཀའ་སྡོད་གནོད་སྦྱིན་ཀུ་བེ་ར། །སྐུ་མདོག་དེ་ནི་དཀར་པོ་འོ། །གཡས་པའི་ཕྱག་ན་བེ་ཅོན་དང་། །གཡོན་པའི་ཕྱག་ན་ནེའུ་ལེ། །ཆིབས་པ་རྟ་ནག་ལ་ནི་ཞོན། །སྐུ་ལ་བསེ་རྨོག་བསེ་ཁྲབ་གསོལ། །བསེ་རྨོག་ཐོད་དཀར་འདབ་མ་ཅན། །དེ་སྟེང་དུག་སྦྲུལ་


CMR016_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་པ་དེ། །བསེ་ཕུབ་ཆུང་ངུ་སྦྱར་བས་གཡོར། །ཀུ་བེ་ར་ཡིས་གཏོར་མ་བཞེས། །རྟ་ལ་གནོད་པའི་དགྲ་བགེགས་ཟློག །རྒྱུད་བདག་དྲག་པོ་འཁོར་བཅས་ཀྱིས། །བདག་ཅག་དཔོན་སློབ་བསྲུང་བྱ་ལ། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །གཏོར་མ་འདི་དང་མཉམ་དུ་བཞེས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨཱཏན་པ་ཏི་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཨཀྵེ་ཡོ་ཛཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཨཱཿཛ་ལ་པ་ཏི་ཧེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཡ་མ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཨཱཿ སུརྱ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་པཨཱཙནྡྲ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་བྷེ་ཤ་ར་མ་ན་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ར་ཙ་ཙིཏྟ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཀུ་བེ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི། དེ་ནས་གནམ་ཆོས་རང་གཞུང་གི །ཆད་མདོ་བརྟན་སྐྱོང་གཏོར་འབུལ་བྱ། །དེ་ནས་རྗེས་ཆོག་མི་བྱ་བར། །གནམ་ཆོས་གཞུང་གི་བསྔོ་བ་བྱ། །དེ་ལྟར་ཞག་བདུན་བཅུ་


CMR016_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའམ། །ཉེར་གཅིག་ལ་སོགས་བསྒྲུབས་པ་ཡིས། །རབ་དངོས་འབྲིང་ཉམས་ཐ་མ་ཡང་། །ལས་བཞི་བསྒྲུབས་པའི་རྟགས་མཚན་རྣམས། །རྟགས་ཡིག་སྤྱི་ལྟར་གསལ་བར་འབྱུང་། །དེ་ནས་སྒྲུབ་པ་ཚར་བ་དང་། །གཏང་རག་ཚོགས་དང་ཆད་མདོ་ལ་སོགས་བྱ། །བུམ་ཆུ་བཏུང་ཞིང་ཁྲུས་བྱ་སྟེ། །ཞི་བའི་རྒྱུད་བདག་རང་ལ་བསྟིམ། །སྒྲུབ་གཏོར་རང་གི་གནས་གསུམ་གཏུགས། །ཀཱ་ཡ་སིདྡྷི་ཨོཾ་སོགས་བརྗོད། །རྒྱས་པའི་རྒྱུད་བདག་རང་ལ་བསྟིམ། །ཕུར་པ་རང་གི་གནས་གསུམ་གཏུགས། །དྲག་པོའི་དངོས་གྲུབ་ཐོབ་པར་བསམ། །དྲག་པོའི་རྒྱུད་བདག་ཕུར་པར་བསྟིམ། །བཞི་ཀའི་འདི་བཞིན་འཁོར་རྣམས་ནི། །སོ་སོའི་གནས་སུ་གཤེགས་པར་དམིགས། །སརྦ་བྷ་ཏ་གཙྩ་བརྗོད། །དེ་ནས་བསྡུ་ཆོག་བཀྲ་ཤིས་བྱ། །དེ་ཡན་སྒྲུབ་པ་བྱེད་ཚུལ་ཏེ། །རྒྱུན་ཁྱེར་རམ་ནི་དུས་མཆོད་དུས། །དཀྱིལ་འཁོར་གཏོར་མ་སོགས་མི་དགོས། །ཕུགས་གཏོར་གཞུང་མ་གསོ་བྲན་བྱ། །བུམ་པ་རྫས་ལྡན་གཏོར་ཆུང་བཤམས། །དྲག་པོའི་རྒྱུད་བདག་ནམ་མཁར་བསྐྱེད། །རྒྱས་པའི་རྒྱུད་བདག་ཡི་དམ་གྱི། །གཏོར་མའི་རྩེ་རུ་བསྐྱེད་པར་བྱ། །འདོན་ལུགས་ཐམས་ཅད་གོང་ལྟར་ལས། །གཏོར་ཆུང་བཞི་ནི་བཤམས་ལ་བྲན། །གོང་ལྟར་གཏོར་འབུལ་བྱ་བའོ། །ལས་བྱང་འདོན་ལུགས་གོང་ལྟར་ལས། །ཐུན་མཚམས་རིགས་བཞིའི་བསྙེན་པ་ནི། །ཕྲེང་སྐོར་རེ་ཟུང་ཅི་འགྲུབ་ཆོག །སོ་སོར་བསྒྲུབ་པ་འདོད་པ་ནི། །སྒྲུབ་རྫས་ཅི་ཡང་མི་དགོས་ཏེ། །ལས་བྱང་སྐབས་སུ་


CMR016_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་ནི། །གང་འདོད་གཅིག་གི་མངོན་རྟོགས་བཙུད། །གཞུང་ལྟར་འདོན་པ་ཁོ་ན་སྟེ། །ལས་བཞི་སོ་སོའི་གཏོར་འབུལ་སྦྱར། །ཤིན་ཏུ་སྤྲོས་མེད་ལྟར་བསྒྲུབས་ན། །རྒྱུད་བདག་གཞུང་ནི་ཇི་ལྟ་བར། །སྐད་ཅིག་དྲན་རྫོགས་རྒྱུད་བདག་ནི། །གང་འདོད་བསྒོམས་ལ་སྔགས་བཟླས་ཆོག །དེ་ཚེ་རང་གི་ཐུགས་ཀ་རུ།་རང་མདོག་ཧཱུྃ་མཐར་སྔགས་གཡས་འཁོར། །དེ་ལས་རང་མདོག་འོད་འཕྲོས་པས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། །དེ་ཀུན་རྒྱུད་བདག་གང་ཡིན་གྱི། །སྐུར་གྱུར་བུ་ཡུག་འཚུབ་བཞིན་བྱོན། །རང་ལ་སིབ་སིབ་ཐིམ་པ་ཡིས། །ལས་བཞི་གང་ཡིན་དངོས་གྲུབ་ཐོབ། །སླར་ཡང་འོད་ཟེར་འཕྲོས་པ་ཡིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ནད་གདོན་སྡིག་གྲིབ་ཞི་བ་དང་། །བསོད་ནམས་ཡེ་ཤེས་རྒྱས་པ་དང་། །རང་རང་རླུང་སེམས་དབང་དུ་འདུས། །བདུད་བཞི་ཉོན་མོངས་ཚར་བཅད་སོགས། །སོ་སོའི་སྐབས་དང་སྦྱར་བྱས་ཏེ། །རྒྱུད་བདག་གང་ཡིན་བསྙེན་པས་འཐུས། །དེ་ལྟར་རྒྱུད་བདག་རིགས་བཞི་ཡི། །ཉམས་སུ་ལེན་ཐབས་ཟིན་བྲིས་འདི། །རྒྱུད་ཀྱི་བདག་པོའི་ཆོས་ཀྱི་བདག །སངས་རྒྱས་རྡོ་རྗེས་བསྐུལ་བའི་ཕྱིར། །རཱ་ག་ཨ་སྱས་སྦྱར་བ་ལ། །འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །དགེ་བས་གནམ་ཆོས་རྒྱུད་བདག་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། །གྲུབ་ཐོབ་ལུང་པ་གང་བར་ཤོག །མངྒ་ལཾ།། །།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་དཔལ་རྒྱུད་ཀྱི་བདག་པོ་རིགས་བཞིའི་སྒྲུབ་པའི་ཟིན་བྲིས།next