Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་རྩི་སྨན་གྱི་སྐོར། གཡུ་ཐོག་བླ་སྒྲུབ་གསོལ་འདེབས།
   
   
   
   


 
previousབདུད་རྩི་སྨན་གྱི་སྐོར། གཡུ་ཐོག་བླ་སྒྲུབ་གསོལ་འདེབས།next

བདུད་རྩི་སྨན་གྱི་སྐོར། གཡུ་ཐོག་བླ་སྒྲུབ་གསོལ་འདེབས།


CMR016_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷེ་ཥ་ཛཱི་ཡེ། །འདི་ནས་ཤར་གྱི་ཕྱོགས་རོལ་ན། །བཻཌཱུརླ་སྣང་ཞིང་ཁམས་ན། །བཞུགས་པའི་བཅོམ་ལྡན་སྨན་གྱི་བླ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལྟ་ན་སྡུག་གི་ཕོ་བྲང་ན། །ཤཱཀ་ཐུབ་བཅོམ་ལྡན་སྨན་གྱི་བླ། །རིག་པའི་ཡེ་ཤེས་ཡིད་ལས་སྐྱེས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །པདྨ་འོད་ཀྱི་ཞིང་ཁམས་ན། །ཨོ་རྒྱན་གུ་རུ་སྨན་གྱི་བླ། །སྡུག་བསྔལ་ནད་སེལ་རིག་འཛིན་འབུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །མཁའ་སྤྱོད་ཌཱཀིའི་ཞིང་ཁམས་ན། །འཇའ་ལུས་མཁའ་སྤྱོད་དཔལ་ལྡན་ཕྲེང་། །བདུད་རྩི་སྨན་གྱི་ལྷ་མོའི་ཚོགས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །གངས་ཅན་བོད་ཀྱི་ཞིང་ཁམས་ན། །སྤྱན་རས་གཟིགས་དང་དབྱེར་མེད་པའི། །གཡུ་ཐོག་མགོན་པོ་སྨན་གྱི་བླ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདུད་རྩི་སྨན་གྱི་རིག་འཛིན་མཆོག །གསོ་རིག་བསྟན་པ་རྒྱས་མཛད་པ། །ཟུར་མཁར་ཆོས་རྗེ་གོང་འོག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བླ་མ་སྨན་རྒྱལ་རིགས་ལྔ་དང་། །ཡི་དམ་རྟ་ཕག་གཙོ་


CMR016_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཁོར། །ཆོས་སྐྱོང་དམ་ཅན་སྡེ་དགུ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །བདག་དང་བདག་ལ་འབྲེལ་ཐོགས་རྣམས། །ཚེ་རབས་འཁོར་བ་ཐོག་མེད་ནས། །ཚེ་ཐུང་ནད་མང་ངན་སོང་རྒྱུ། །སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགས། །གསོ་རིག་ཡེ་ཤེས་ཐུགས་རྗེ་ཡིས། །མ་རིག་དུག་ལྔའི་སེམས་ཅན་རྣམས། །ཉོན་མོངས་ནད་ལས་གྲོལ་མཛད་པའི། །རྣམ་དག་མཛད་ལ་རྗེས་ཡི་རང་། །མ་རིག་བག་ཆགས་ནད་ཀྱི་རྒྱུ། །ལས་འབྲས་ཉོན་མོངས་རྐྱེན་གྱི་ནད། །གྲོལ་མཛད་བདུད་རྩིའི་གསོ་རིག་གི །ཆོས་འཁོར་དམ་པ་བསྐོར་བར་བསྐུལ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས། །འཁོར་བའི་རྒྱ་མཚོ་གཏིང་ཟབ་ལས། །སྡུག་བསྔལ་སེམས་ཅན་མ་གྲོལ་བར། །མྱ་ངན་མི་འདའ་བཞུགས་པར་གསོལ། །དགེ་དེས་བདག་སོགས་སེམས་ཅན་རྣམས། །ཉོན་མོངས་ནད་ཀྱིས་ཐེབས་པ་ལ། །ཡེ་ཤེས་བདུད་རྩི་སྨན་མཆོག་གིས། །ཐར་མེད་ངན་སོང་བཟོད་དཀའ་བའི། །ཟུག་རྔུའི་གདུང་བ་ཀུན་བསལ་ནས། །བླ་མེད་རྫོགས་སངས་རྒྱས་པ་ཡི། །གེགས་མེད་འཚོ་བའི་ཕྱིར་བསྔོའོ། །སྨོན་ལམ་བདེན་ཚིག་ངེས་འགྲུབ་


CMR016_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །བདེར་གཤེགས་སྨན་ལྷ་མཆེད་བདུན་གཅིག་བསྡུས་པ། །སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོ་ལ། །གསོལ་བ་འདེབས་སོ་ལུས་ཀྱི་ནད་ཀུན་སོལ། །སེམས་ལ་བདེ་སྟོང་འཆར་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་བླ་སྒྲུབ་ཞག་བདུན་དུས། །རྟགས་མཚན་མྱུར་དུ་བྱུང་ནས་སྨྲས་པ་ཡིན། །བླ་མ་གཞན་ལ་ཟླ་གཅིག་གསོལ་འདེབས་པས། །གཡུ་ཐོག་པ་ལ་ཞག་གཅིག་ལྷག་པ་དང་། །འདི་ཉིད་སྒྲུབ་པ་འགྲུབ་པ་དུས་མཉམ་སྟེ། །དེ་མ་བདེན་ན་ཕྱོགས་བཅུའི་སངས་རྒྱས་ཀྱིས། །ཁོང་གི་དབུ་ཁོས་གཡུ་ཐོག་པ་ཡིས་གསུངས། །དེ་ཉིད་ཨེ་བདེན་ཚད་དུས་བྱས་ནས་བསྒྲུབས། །རྟགས་མཚན་མྱུར་བས་ཡིད་ཆེས་དད་པ་སྐྱེས། །འདི་ནི་རཱ་ག་ཨ་སྱའི་མྱོང་བ་ཡིན།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབདུད་རྩི་སྨན་གྱི་སྐོར། གཡུ་ཐོག་བླ་སྒྲུབ་གསོལ་འདེབས།next